ལོ་རབས་བརྒྱད་ཅུ་བའི་རྗེས་ཀྱི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཞིག
2019.03.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འདི་ལྟ་བུའི་མིའི་ཚོགས་པ་ཞིག་ཡོད་དེ། ཁོ་ཚོ་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་། ཁོ་ཚོ་དང་མཉམ་དུ་རྩྭ་ཐང་འདིར་འཚོ་ཞིང་གནས་པའི་རི་སྐྱེས་སྲོག་ཆགས་ལ་ལྷན་སྐྱེས་ཀྱི་དུངས་པ་ཟབ་མོ་ཆགས་ཡོད། རང་ཉིད་ཀྱི་ཁྱིམ་གཞི་དང་རི་དྭགས་གཙོད།  རྐྱང་། འབྲོང་། གསའ་སོགས་རང་རྒྱལ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་ཐད་ལ་དོན་སྙིང་གལ་ཆེན་ཡོད་པར་རྒྱུས་ལོན་བྱུང་བའི་རྗེས་སུ། ཁོ་ཚོ་རང་ཉིད་ཀྱི་རྐང་འོག་གི་ས་གཞི་འདི་ལ་ཧ་ཅང་དགའ་བོ་ཡོད་པར་མ་ཟད། ཁོ་ཚོར་ཐུན་མོང་གི་མིང་ཞིག་ཡོད་པ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྩྭ་ཐང་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཞེས་པ་དེ་རེད། ལོ་རབས་བརྒྱད་ཅུ་བའི་རྗེས་ཀྱི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཨོ་རྒྱན་རིག་འཛིན་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཆུང་དུས་ནས་ཨ་ཕ་དང་མཉམ་དུ་རྩྭ་ཐང་དུ་ཕྱུགས་འཚོས་པས། རྩྭ་ཐང་ཆེན་པོའི་སྐྱེ་དངོས་སྣ་ཚོགས་ཀྱིས་ཨོ་རྒྱན་རིག་འཛིན་རང་བྱུང་ཁམས་ལ་དགའ་བ་དང་དུངས་པའི་བརྩེ་བ་བསྐྱེད་ཡོད།

ཉིས་སྟོང་བཅུ་དྲུག་ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་བ་དང་། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་གསར་བ་ལག་བསྟར་བྱས་པས། ཨོ་རྒྱན་རིག་འཛིན་གྱི་ཐོབ་ཐང་ལའང་འགྱུར་བ་བྱུང་སྟེ། རྩྭ་ཐང་གི་སྐྱེ་ཁམས་དོ་དམ་ལྟ་སྲུང་པར་བདམས་པ་དང་། སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་བྱ་བ་དེ་ཕྱུགས་འཚོ་བ་ལས་ཀྱང་དཀའ་ངལ་ཤིན་ཏུ་ཆེ་བ་ཞིག་རེད། ཨོ་རྒྱན་རིག་འཛིན་གྱིས་བཤད་རྒྱུར། ཉིན་རྒྱུན་སྤྱི་ལེ་སུམ་ཅུ་བཞི་བཅུའི་མཚམས་ལ་འཕྲུལ་རྟར་ཞོན་ནས་བསྐོར་བསྐྱོད་བྱེད་དུ་འགྲོ་དགོས་པ་དང་། ལམ་མཚམས་ཁ་ཤས་སུ་ས་བབ་རྙོག་འཛིང་དང་ཉེན་ཁ་ཆེ་བས་འཕྲུལ་རྟར་ཞོན་ནས་ཀྱང་འགྲོ་མི་ཐུབ་པས། རྐང་ཐང་དུ་འགྲོ་དགོས་ལ། མཚམས་ལན་རེར་རྐང་ཐང་དུ་སྤྱི་ལེ་བཅུ་ལྷག་གི་སར་བསྐོར་བསྐྱོད་བྱེད་དུ་འགྲོ་དགོས། བསྐོར་བསྐྱོད་བྱེད་པའི་སྐབས་སུ། ཨོ་རྒྱན་རིག་འཛིན་གྱིས་སྤྱིར་བཏང་རྩྭ་ཕྱུགས་དོ་མཉམ་གནས་ཚུལ་དང་། ཆུའི་མགོ་ཁུངས་ལ་བཙོག་སྐྱོན་བཟོས་ཡོད་མེད། ཁོས་ཡུག་ལ་གཏོར་བརླག་ཐེབས་ཡོད་མེད། རི་དྭགས་ལྐོག་རྔོན་བྱས་ཡོད་མེད་སོགས་ལ་རྟོག་དཔྱོད་བྱེད་བཞིན་ཡོད། ཁོས་རྩྭ་ཐང་གི་ཕྱོགས་གང་སར་ཡིད་འཇོག་བྱེད་བཞིན་ཡོད་པ་དང་། གལ་ཏེ་གནས་ཚུལ་ལ་འཕྲད་ཚེ་དུས་ལྟར་ཡར་ཞུ་བྱེད་བཞིན་ཡོད།

མི་གཞན་གྱིས་ལྟོས་ན་དཀའ་ཚེགས་ཆེ་བ་དང་། ཟླ་ཕོགས་ཀྱང་མི་མཐོ་བའི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་བྱེད་སྐབས། ཨོ་རྒྱན་རིག་འཛིན་གྱི་སེམས་ལ་ང་རྒྱལ་དང་སྤོབས་པས་ཁེངས་འདུག ཁོས་བཤད་རྒྱུར། ང་ནི་གནས་འདིར་འཚར་ལོངས་བྱུང་བའི་འབྲོག་པ་ཞིག་ཡིན་པ་དང་། ད་ལྟ་རྩྭ་ཐང་གི་མི་ཞིག་ནས་རྒྱལ་ཁབ་ཀྱི་མི་ཞིག་ཏུ་གྱུར་ཡོད། འདི་ནི་ང་རང་སྤོབས་པ་སྐྱེས་དགོས་པའི་དོན་ཞིག་རེད་ཟེར། འབྲོག་པ་ཞིག་ཡིན་པའི་ཆ་ནས། ཨོ་རྒྱན་རིག་འཛིན་གྱིས་ཕྱུགས་ཟོག་ཚད་ལས་བརྒལ་ནས་གསོས་བ་ལས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་གནས་ཚུལ་ངོ་མ་མིག་གིས་མཐོང་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་བཙུགས་པའི་དུས་རབས་གསར་བའི་བཅོས་སྒྱུར་གྱི་རྗེས་སུ་རྩྭ་ཐང་ལ་ཡང་བསྐྱར་འགྱུར་ལྡོག་གསར་བ་བྱུང་བའི་བརྒྱུད་རིམ་ཡོངས་བདེན་དཔང་བྱས་ཡོད།

བསྐོར་བསྐྱོད་བྱ་བ་དེ་དཀའ་ཚེགས་ཆེ་ཡང་། རང་ཉིད་ཀྱི་རྐང་འོག་གི་ཕྱུགས་རྩྭ་སླར་གསོ་བྱས་པ་བཟང་བའི་རྣམ་པ་དེ་མཐོང་བ་ན། ཨོ་རྒྱན་རིག་འཛིན་གྱི་ཡིད་ལ་སྤྲོ་བས་བརྟས་ཡོད། ཉིས་སྟོང་བཅུ་དགུ་ལོར། ངས་སྔར་བཞིན་བྱ་བ་ཆུང་ཆུང་ནས་སྒྲུབ་མགོ་བརྩམས་ཏེ། ཕ་ཡུལ་གྱི་རྩྭ་ཐང་དང་རྩྭ་ཐང་སྟེང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ནས། ཕ་ཡུལ་གྱི་ཆུ་མོ་དྭངས་ཤིང་ནམ་མཁའ་ནམ་ཡང་སྔོན་པོ་ཡོང་རྒྱུ་ནི་ངའི་ཆེས་ཆེ་བའི་ཕུགས་འདུན་ཡིན་ཟེར།

                                                                                                            ལོ་ཙཱ། ཚེ་རིང་སྒྲོལ་མ།