བུ་ཆུང་ལགས། ཨ་ཕ་དུས་ངེས་མེད་དུ་གཞན་ཡུལ་འགྲིམས་པར་དགོངས་པ་མ་ཚོམ།
2019.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 127

བརྩེ་བའི་བུ་ཆུང་ལགས།

ལོ་སར་འདི་ལ་ཨ་ཕས་ཁྱེད་དང་མཉམ་དུ་མིག་མང་རྩེ་ཆོག་ལ་ཁྱེད་རང་ཁྲིད་ནས་ཕྱི་རོལ་ཏུ་སོང་སྟེ་རྩེད་མོར་རོལ་ཆོག  ཐོག་མར་ངས་ཁྱེད་ལ་འཕྲིན་ཡིག་ཅིག་བསྐུར་ཡོད་པས།ལག་ཏུ་འབྱོར་རྗེས་ཨ་མར་འདོན་དུ་ཆུགས།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར། ང་རང་ཧྲང་ཧེ་དང་ཁ་བྲལ་དུས།ཁྱེད་རང་ད་དུང་བྱིས་སྐྱོང་ཁང་དུ་འགྲོ་བཞིན་ཡོད་པས་བྱ་བ་ལ་ལ་ཞིག་ཁྱོད་ཀྱིས་རྟོགས་ཐུབ་མེད།

ཁྱེད་ཡ་མཚར་ན་ཐང་།ཏག་ཏག་ཁྱེད་དང་ཨ་མ་གཉིས་ལ་ང་རང་ཆེས་དགོས་གལ་ཆེ་བའི་དུས་སུ་ང་རང་ནི་རྒྱུན་པར་དུས་ངེས་མེད་དུ་གཞན་ཡུལ་འགྲིམས་དགོས་བྱུང་ཞིང་། ལོ་གཅིག་གི་དུས་ཡུན་ནང་དུ་ཐེངས་རེ་གཉིས་ལ་མ་གཏོགས་མཉམ་དུ་འདུག་མི་ཐུབ་པས།  ཁྱོད་ཀྱིས་རྒྱུན་པར་ཨ་ཕ་གང་དུ་བུད་སོང་།  ནམ་ཞིག་ལ་ཕྱིར་ཐོན་ནི་རེད་ཅེས་འདྲི་བཞིན་ཡོད།

ཨ་ཕ་ལ་འཁང་ར་མི་བྱེད་རོགས། ང་ཚོས་ཆེས་རིན་ཐང་དང་དོན་སྙིང་ལྡན་པའི་བྱ་བ་ཞིག་སྒྲུབ་བཞིན་ཡོད།

ད་ལྟ་ཁྱེད་རང་སློབ་ཆུང་འགྲིམས་བཞིན་ཡོད་པས་ལག་ཆགས་ཡོད་ལ་དོན་དག་མང་པོ་ཞིག་ཀྱང་ཨ་ཕས་ཁྱེད་ལ་བཤད་ཆོག་ཆོག་ཡིན། ཧྲང་ཧེ་ཡིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མགོ་བརྩམས་རྗེས། ཉིས་སྟོང་བཅུ་བདུན་ལོར་ང་ཚོ་མི་བཅུ་བདུན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་བ་དང་། ང་དང་ཕན་ཨ་ཁུ་གཉིས་དར་ལག་རྫོང་དུ་ཡོང་ནས་ལོ་གསུམ་གྱི་རིང་ལ་གནས་འདི་ནས་བྱ་བ་ལས་དགོས་བྱུང་།

ཁྱེད་རང་བྱིས་སྐྱོང་ཁང་དུ་འགྲོ་སྐབས་སུ་སའི་གོ་ལའི་དཔེ་དབྱིབས་ལ་ལྟ་རྒྱུར་དགའ་ཞིང་དེའི་སྟེང་དུ་ཀྲུང་གོ་གང་དུ་ཡོད་པ་དང་ཧྲང་ཧེ་གང་དུ་ཡོད་པ་འཚོལ་རྒྱུར་དགའ། ང་ཚོའི་རྒྱལ་ཁབ་ནི་ཧ་ཅང་ཆེ་ཞིང་ས་ཁུལ་སྐོར་ཞིག་སྔར་བཞིན་རྗེས་ལུས་ཀྱི་རྣམ་པར་གནས་ཡོད་པ་རེད། ཁྱེད་ཀྱིས་ལྟོས་དང་། དར་ལག་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་མཚོ་ངོས་ལས་ཤིན་ཏུ་མཐོ་བས་སྤྲིན་དཀར་གྱི་ཡང་སྟེང་དུ་གནས་པ་དང་ལག་པ་བསྲིང་ཙམ་གྱིས་གནམ་ལ་རེག་ཐུབ་པ་ལྟ་བུའི་ཚོར་བ་སྟེར། ཐོག་དང་པོར་ང་ཚོ་གནས་འདིར་ཐོན་དུས་ནང་ལོགས་ནས་ཡོང་བའི་ང་ཚོར་མཚོན་ན་གནས་འདིའི་འཚོ་བ་གོམས་འདྲིས་སུ་འགྲོ་བར་ཤིན་ཏུ་དཀའ།  གནས་འདིར་མཁའ་དབུགས་ཤིན་ཏུ་དཀོན་ཞིང་རླུང་གནོན་དམའ་བས་འབྲས་དང་ཕྱེ་སོགས་ཇི་ལྟར་བཙོས་ཀྱང་ཚོས་མེད་པ་ལྟ་བུའི་སྣང་བ་ཞིག་སྟེར། གཉིད་མི་འོང་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་དང་སོས་ཀ་དང་དགུན་ཁ་ཐོན་དུས། ཨ་ཕ་ལྟ་བུའི་ནང་ལོགས་ཀྱི་མི་ཞིག་བཤད་མ་དགོས་ཏེ། ཐ་ན་ས་གནས་དེ་གའི་མི་རྣམས་ཀྱང་གཉིད་ཐུབ་ཀྱི་མེད་པ་དང་། གཉིད་ཀྱང་དུས་ཚོད་གཅིག་གཉིས་ཤིག་ལ་མ་གཏོགས་གཉིད་ཐུབ་ཀྱི་མེད།

ཡིན་ནའང་ས་གནས་དེ་གའི་མི་དམངས་མང་ཚོགས་རྣམས་མི་རབས་ནས་མི་རབས་སུ་གནས་དེ་རུ་འཚོ་བ་རོལ་བཞིན་ཡོད། ཨ་ཕ་དང་རྒྱལ་ཡོངས་ཀྱི་ཨ་ནེ་དང་ཨ་ཁུ་བརྒྱ་དང་བརྒྱད་ཅུ་ལྷག་མཚོ་སྔོན་དུ་ཡོང་བ་ནི་ས་གནས་འདིའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཏེ་ཁོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཆེད་ཡིན།

ཁྱེད་རང་བྱིས་སྐྱོང་ཁང་དུ་ཡོད་དུས་ནས་བཟུང་གློག་ཀླད་ལ་འབྲེལ་འདྲིས་བྱས་ཡོད་པས་དྲ་ཐོག་ནས་མིག་མང་རྩེ་ཆོག ཁྱོད་ཀྱི་ཤེས་ཨེ་བྱུང་། ང་ཚོ་ས་གནས་འདིའི་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བཅུ་ལྷག་གི་སློབ་གྲྭ་ཚང་མར་སོང་མོད། ཁོ་ཚོར་དཔེ་མཛོད་ཁང་གཅིག་དང་གློག་རྡུལ་ལྟ་ཀློག་ཁང་གཅིག་ལས་མེད་མོད་འདི་ནི་འབྲོག་ཁུལ་གྱི་དགེ་རྒན་དང་བྱིས་པ་རྣམས་ཀྱིས་ཆེས་དགའ་མོས་བྱེད་ས་ཉག་ཅིག་རེད། ཁྱེད་དང་ལོ་ན་མཚུངས་པའི་བྱིས་པ་རྣམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་བྱེད་འདོད་ཀྱི་མིག་མདངས་དེ་དག་མཐོང་བྱུང་དུས་ཨ་ཕས་ཧྲང་ཧེ་ཧྥུན་ཞན་བརྩེ་སེམས་སྤྱི་ཕན་ཚོགས་པའི་མི་སྣར་འབྲེལ་འདྲིས་བྱས་ཏེ། དར་ལག་རྫོང་གི་སློབ་གྲྭ་ལྔ་ལ་ཞལ་འདེབས་ཕུལ་ནས་སྨྱན་མང་གཟུགས་ཀྱི་སློབ་ཁང་གསར་དུ་བཙུགས་པ་ཡིན། སློབ་ཁང་གསར་འཛུགས་བྱས་པའི་ཉིན་ཐོག་མར་བྱིས་པ་རྣམས་ཀྱིས་གློག་ཀླད་ཀྱི་ཙིག་རྟགས་ཡང་ཡང་སྒུལ་བཞིན་མིག་ཟུང་ཆེར་བགྲད་ཀྱིས་ཚང་མ་ཕྱོགས་གཅིག་ཏུ་འདུས་ནས་གློག་ཀླད་སྐོར་བཞིན་འདུག རྣམ་པ་དེ་ནི་ཁྱོད་རང་མིག་མང་རྩེ་ནས་རྒྱལ་ཁ་བླངས་པ་ལས་ཀྱང་ང་རང་ཡིད་ཚིམས་པ་ཞིག་བྱུང་སོང་།

ཧྲང་ཧེ་ནས་ཁྱོད་རང་ལ་ན་བ་འདྲ་བྱུང་ཚེ་ང་ཚོས་སྨན་ཁང་དུ་བསྐྱལ་ཏེ་ཆེས་བཟང་བའི་སྨན་པར་བསྟེན་ནས་སྨན་བཅོས་བྱེད་ཀྱི་ཡོད། འདི་རུ་སྨན་བཅོས་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མ་ཡིན། ཨ་ཁུ་པད་རྒྱལ་ནི་སྨད་འབྲིང་ཞང་གི་འབྲོག་པ་ཞིག་ཡིན་པ་དང་ལོ་ངོ་དུ་མའི་ཡར་སྔོན་ནས་བཟུང་ཁོ་ལ་མིག་ནད་སྐྱ་འགྲིབ་ཀྱི་ནད་བྱུང་ཞིང་ཕྱིས་སུ་རིམ་གྱིས་མིག་ཟུང་ལོང་པར་གྱུར་པས་དུས་དེ་ནས་བཟུང་ཁོས་ནོར་ལུག་འཚོ་སྐྱོང་བྱེད་པའི་ལས་ཀ་གཉེར་ཐུབ་ཀྱི་མེད། ཁོའི་ཁྱིམ་དུ་སྒོར་མོ་དཀའ་ངལ་ཆེ་ལ་དེའི་ཁར་རྒྱ་སྐད་ཕྱོགས་ཀྱི་སྐད་བརྡ་མི་འཕྲོད་པའི་རྐྱེན་གྱིས་ཁོ་རང་དར་ལག་གི་ས་ཆ་འདི་དང་གཏན་ནས་ཁ་འབྲལ་མ་མྱོང་ཞིང་ནད་ཇི་ལྟར་སྟོན་དགོས་པའི་གནས་ཚུལ་ཡང་གཏན་ནས་ཤེས་ཀྱི་མེད། དེའི་སྟབས་ཀྱིས་ང་ཚོས་ཧྲང་ཧེ་ཞིན་ཧྭ་སྨན་ཁང་གིས་རོགས་སྐྱོར་བྱེད་པར་རེ་ཞུ་བྱས་པ་ཡིན། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར་སྨན་ཁང་དེའི་ཆེད་མཁས་པ་དང་རང་འདུན་པ་རྣམས་ཀྱིས་གཤགས་བཅོས་སྒྲིག་ཆས་ཁྱེར་ནས་དར་ལག་རྫོང་དུ་ཐོན་པ་དང་། ཁྱོན་བསྡོམས་མིག་ནད་སྐྱ་འགྲིབ་བྱུང་ཡོད་པའི་ནད་པ་སུམ་ཅུ་ལྷག་ལ་སྨན་བཅོས་བྱས་པ་དང་དེ་དག་ཚང་མ་ལེགས་འགྲུབ་བྱུང་ཡོད། ཨ་ཁུ་པད་རྒྱལ་གྱིས་མིག་མཐའི་རྨ་འཐུམ་གྱི་སེང་རས་བླངས་རྗེས་ཁོས་རང་གི་ཆུང་མ་མཐོང་འཕྲད་དགའ་སྤྲོའི་མིག་ཆུ་དབང་མེད་དུ་ཤོར་ཞིང་། ཁོས་ཡང་དང་བསྐྱར་དུ་བཤད་རྒྱུར། ངོ་མས་བློ་ཡིད་དུ་ཡང་མ་ཤར། དངོས་བོ་གང་ལ་བལྟས་ཀྱང་འདི་འདྲའི་གསལ་བོ་ཞིག་རེད། ཧྲང་ཧེ་ནས་ཡོང་བའི་ཆེད་མཁས་བ་རྣམས་ལ་དངོས་གནས་བཀའ་དྲིན་ཆེ་ཞུ།

ལོ་ངོ་འདི་དག་གི་རིང་ལ་ཧྲང་ཧེ་ཧྥུན་ཞན་སྨན་བཅོས་ཆེད་མཁས་ཚོགས་པས་བསྡོམས་པས་འབྲོག་པ་ཉིས་སྟོང་ལྷག་ལ་སྨན་བཅོས་བྱས་པར་མ་ཟད་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་མང་པོ་ཞིག་གིས་རོགས་སྐྱོར་བྱས་པ་རེད། དཔོན་སྐོར་གོང་མ་ཞང་གི་འཕྲོད་བསྟེན་ཁང་བཙུགས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་ཡོད་པས་ཨ་ཕའི་ལོ་ལ་བལྟས་ནའང་ཤིན་ཏུ་འགོར་ཡོད། སྔོན་ཆད་སྨན་ཆས་སྒྲིག་ཆས་ཚང་མ་རྙིང་བ་ཡིན། རོགས་སྐྱོར་ལས་གཞིས་འཛུགས་སྐྲུན་བྱས་པ་བརྒྱུད་ནས་རྣམ་པ་གསར་བ་མངོན་ཞིང་། སྨན་ཁང་གི་མགོ་གཙོ་དབང་བྷོས་བཤད་རྒྱུར། རྨི་ལམ་རྨིས་པ་ལྟ་བུའི་སྣང་བ་ཞིག་དབང་མེད་དུ་སྟེར་ཟེར།

ཧྲང་ཧེ་ཡི་མཚན་ལྗོངས་ལ་གློག་འོད་རྣམ་པར་བཀྲ་ནའང་མགོ་ལོག་ས་ཆ་རུ་ད་དུང་གློག་འདོན་སྤྲོད་བྱས་པ་རྒྱུན་ལྡན་མིན་པས་གཞུང་ལས་ཁང་སྐོར་ཞིག་ལ་རྒྱུན་པར་གློག་ཆད་པའི་སྣང་ཚུལ་འབྱུང་བཞིན་ཡོད་པས་གློག་ཀླད་ཀྱི་སྒོ་འབྱེད་པ་དང་འཕྲིན་སྐྱེལ། ཐ་ན་ཁ་པར་ལ་གློག་གསོག་པ་སོགས་ཀྱང་དཀའ་ངལ་གྱི་གནས་སུ་འཕྲད་ཡོད། གློག་ཆད་རྗེས་སུ་ང་ཚོས་གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་གློག་རྡོ་འང་ལན་རེར་གསལ་ཞིང་ལན་རེར་མོག་པོར་གྱུར་བཞིན་ཡོད།  གློག་འདོན་འཕྲུལ་ཆས་ཀྱིས་གློག་འདོན་འདོན་སྤྲོད་བྱེད་སྐབས་སུ་ང་ཚོ་མྱུར་དུ་ཕྱོགས་གཅིག་ཏུ་འདུས་ནས་ཁ་པར་དུ་གློག་གསོག་པ་དང་གློག་ཀླད་ཀྱི་སྒོ་ཕྱེས་ནས་བྱ་བ་སྒྲུབ་བཞིན་ཡོད། ཡིན་ནའང་ད་ལྟ་གློག་འདོན་སྤྲོད་བྱེད་ཚད་ཅུང་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད་པ་རེད།

ཁྱེད་ཀྱིས་བལྟས་ན་ཧྲང་ཧེ་ནི་ཤིན་ཏུ་ཆེ་བར་སྣང་མོད། དར་ལག་གི་རྒྱ་ཁྱོན་ནི་ཧྲང་ཧེ་ཡི་སའི་རྒྱ་ཁྱོན་ལྟ་བུ་གཉིས་ཀྱང་ཡོད་པ་རེད། རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་ཆེས་ལམ་ཐག་རིང་བའི་དཔོན་སྐོར་སྨད་མ་ཞང་དུ་འགྲོ་ཚེ་ཕལ་ཆེར་ཉིན་ཕྱེད་ཙམ་གྱི་དུས་ཚོད་དགོས་པ་རེད། ཞང་དང་གྲོང་རྡལ་དུ་བྱ་བ་སྒྲུབ་བཞིན་པའི་ཨ་ཁུ་དང་ཨ་ནེ་རྣམས་རྫོང་མཁར་དུ་ཚོགས་འདུར་ཡོང་དགོས་ཚེ་རི་ལམ་མང་པོ་བརྒྱུད་དགོས་ཀྱི་ཡོད་པས་ཉེན་ཁ་ཤིན་ཏུ་ཆེ། ཁོ་ཚོ་རྫོང་མཁར་དུ་ཡོང་ཐེངས་ཇེ་ཉུང་དུ་གཏོང་བའི་ཆེད་དུ་ང་ཚོས་ཧྲང་ཧེ་ཧྥུན་ཞན་ས་ཁུལ་ལ་རོགས་སྒྲུབ་བྱེད་པའི་རེ་ཞུ་བྱས་ནས་དྲ་རྒྱའི་བརྙན་འཕྲིན་གྲོས་ཚོགས་མ་ལག་འཛུགས་སྐྲུན་བྱས་པ་དང་།འདི་ནི་མགོ་ལོག་ས་ཆར་མཚོན་ན་ཐོག་དང་པོ་རེད།

མཚོ་སྔོན་འབྲོག་ཁུལ་གྱི་འབྲི་ཞོ་ནི་ཧ་ཅང་ཞིམ་མངར་ལྡན་པ་ཞིག་རེད། འབྲོག་པ་མང་ཚོགས་རྣམས་ཀྱིས་སྒོར་མོ་མང་པོ་ཞིག་བཙལ་ཐུབ་པའི་ཆེད་དུ་ང་ཚོས་བྲག་མཆོག་སྡེ་བར་རོགས་སྐྱོར་བྱས་ཏེ། ཞོ་འཚོང་བའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། ན་ནིང་ལོ་དང་པོར་ཁྱིམ་ཚང་བརྒྱ་དང་གྱ་དྲུག་ཆེད་ལས་མཉམ་ལས་ཁང་དུ་ཞུགས་ནས་ཡོང་འབབ་བགོ་བཤའ་བརྒྱབས་པ་དང་། ཁྱིམ་རེ་ལ་ཆ་སྙོམས་ཀྱིས་སྒོར་མོ་སྟོང་གཉིས་དང་བརྒྱད་བརྒྱ་རེ་བགོས་པས་ཁོ་ཚོ་ལ་གནམ་ལོ་གསར་དུ་ཚེས་པ་ལྟ་བུའི་སྤྲོ་སྐྱིད་ལྡན་པར་གྱུར།

ང་ཚོས་མགོ་ལོག་ས་ཁུལ་དུ་ལམ་ལས་པ་དང་སློབ་གྲྭ་དང་སྨན་ཁང་འཛུགས་སྐྲུན་བྱས་པ་བཅས་ཀྱིས་གནས་འདིའི་ཆ་རྐྱེན་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བཞིན་ཡོད། ངས་གོང་དུ་བཤད་པ་ནི་དེ་དག་ལས་དོན་དག་ཉུང་ཙམ་ཞིག་ཡིན།

བུ་ཆུང་ལགས། ཁྱོད་རང་ཟླ་ཁ་མ་གང་བར་སྐྱེས་པའི་རྐྱེན་གྱིས་ལུས་ཟུངས་ཤིན་ཏུ་ཞན། ལོ་གཉིས་ཙམ་གྱི་དུས་ཚོད་ནང་ཨ་ཕ་ཁྱོད་དང་མཉམ་དུ་བསྡད་པའི་དུས་ཡུན་ཤིན་ཏུ་ཐུང་། ན་ནིང་གི་ཟླ་བཅུ་གཅིག་པའི་ཉིན་ཞིག་ལ་ཁྱེད་ལ་གློ་བུར་དུ་ཚ་བརྒྱབས་ཏེ་ཚ་གྲངས་ཧུའུ་གྲངས་བཞི་བཅུར་བསླེབས་པས་ཁྱོད་ཀྱི་ཨ་མ་བྲེལ་བ་ཆེན་པོ་ལངས་ནས་ངུ་ཞོར་དུ་ཁྱོད་རང་སྨན་ཁང་དུ་བསྐྱལ། སྐབས་དེར་ང་རང་མགོ་ལོག་ས་ཆར་ཡོད་པས་སེམས་ཁུར་ཆེན་པོ་བྱས་ནའང་བྱ་ཐབས་གཞན་ཅི་ཡང་མེད། དོན་དེར་ཨ་ཕས་དངོས་ནས་ཁྱེད་དང་ཁྱེད་ཀྱི་ཨ་མ་གཉིས་ལ་དགོངས་དག་ཞུ་དགོས་ཡོད།

ང་ཚོ་དུས་ཆེན་ཀྱི་སྐབས་སུ་ཡང་ཕྱིར་འགྲོ་ཐེངས་ཤིན་ཏུ་ཉུང་། ན་ནིང་གི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཨ་ཆེ་ཀྲན་ཅིན་ཅིན་མཚོ་སྔོན་དུ་ང་ལ་ལྟ་རུ་ཡོང་བ་དང་མོས་རང་གིས་བརྩམས་པའི་གླུ་དབྱངས་ཤིག་ང་ཚོར་བླངས་པ་སྟེ། ཨ་ཕ་ལ་ངལ་གསོ་མེད། ཁ་བའི་འདབ་མ་རེ་འགའ་བྱང་རླུང་ལ་བསྐུར་ཡོང་། ཨ་ཕ་སེམས་བདེ་ཐབས་མི་འདུག ཁ་བས་བྱིས་པའི་གདོང་ལ་ལྟ་དུས། བྱིས་པས་མིག་ཟུང་རྡེབ་ཙམ་ཡང་མི་བྱེད་པར། ཨ་ཕ་ནམ་ཡོང་ལ་བསྒུག་ཡོད། མཚོ་སྔོན་ནི་མཐོ་སྒང་གི་ས་ཆ་ཞིག་ཡིན། གནས་དེར་ཁ་བ་འབབ་ཀྱི་ཡོད་དམ། རི་ལམ་བརྒྱུད་དུས་སེམས་ཆུང་བྱོས། ལོ་གསུམ་ཕྱི་ཡུལ་འགྲིམས་པར་སེམས་ཁྲལ་མ་གནང་། རང་ཉིད་གཅིག་པུ་ཡིན་པས་ལུས་ཕུང་ལ་གཅེས་རོགས། བུ་མོས་སློབ་སྦྱོང་ལ་ཧུར་བརྩོན་བྱ་ངེས།  བུ་མོས་ཨ་ཕ་ཤིན་ཏུ་དྲན་བཞིན་ཡོད། ཁྱིམ་མི་ལྷན་དུ་འཛོམས་ཡོང་བའི་ཉིན་མོར་རེ་སྒུག་བྱེད་ཀྱིན་ཡོད་ཆེས་གླུ་དབྱངས་དེ་ལྟར་བླངས་པས།  སྐབས་དེར་ང་ལྟ་བུའི་ཨ་ཕ་མང་པོ་ཞིག་གི་མིག་ཟུང་ལས་རང་དབང་མེད་པར་སྐྱོ་བའི་མཆི་མ་དབང་མེད་དུ་ཤོར་བྱུང་།བུ་མོ་ཁྱེད་ཀྱིས་སེམས་ཁྲལ་མི་གནང་རོགས། ང་ཚོ་འདི་རུ་ཤིན་ཏུ་སྐྱིད་པས་ཁྱེད་དང་ཨ་མས་སེམས་ཁྲལ་བྱ་དགོས་མི་འདུག

ཁྱོད་ནི་སྟག་ཤར་ཞིག་ཡིན་པས་ནར་སོན་རྗེས། ཐོག་མར་རང་ཁ་རང་གསོ་བྱ་དགོས་པ་དང་མི་མང་པོ་ཞིག་ལ་རོགས་སྐྱོར་བྱེད་ཐུབ་ཚེ་དེ་བས་ཀྱང་ལེགས། དེ་དུས་ཁྱེད་ཀྱིས་ཨ་ཕའི་དེང་གི་གནས་ཚུལ་འདིར་རྒྱུས་ལོན་བྱེད་ཐུབ་པ་དང་རྗེས་སུ་ཁྱེད་རང་ཨ་ཕ་ལས་ཀྱང་ལྷག་པའི་མི་བྱ་བ་སྒྲུབ་མཁན་ཞིག་ཏུ་འགྱུར་བར་ང་ལ་ཡིད་ཆེས་ཡོད།

                                                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།