དབུལ་ཕོངས་ཁྱིམ་ཚང་གཉིས་ཀྱི་དབུལ་ཐར་གཏམ་རྒྱུད།
2019.03.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 66

རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞ་སྡེ་བའི་སྡེ་ཁུལ་དང་པོའི་དབུལ་ཕོངས་ཁྱིམ་ཚང་ཀྲན་ཏེ་ཚང་ལ་བཟའ་མི་གསུམ་ཡོད་པ་དང་། བཟའ་དཔོན་ཀྲན་ཏེ་ད་ལོར་ལོ་རེ་ལྔ་ལ་བུད་ཡོད། ལོ་བཅུ་ཡི་སྔོན་དུ་ཁོར་ཀླད་སྐྲན་གྱི་ནད་བྱུང་སྟེ་ཀླད་པར་གཤག་བཅོས་བྱས་ཤིང་། དེའི་རྗེས་སུ་ནད་དྲག་ནས་ཇེ་བདེར་སོང་ནའང་། ནད་ཀྱི་དབང་གིས་ཁྱིམ་ཚང་གི་བསགས་དངུལ་ཚང་མ་བཀོལ་ཚར་བ་དང་། དུས་མཚུངས་སུ་གཞན་ལ་བུ་ལོན་ཡང་མང་པོ་ཆད་ཡོད།

དེའི་རྗེས་ཀྱི་ལོ་ངོ་བཅུའི་རིང་། ལོ་ན་རྒས་ཤིང་ལུས་སྟོབས་ཞན་པའི་ཀྲེན་ཏེ་ཡིས་ཡུན་རིང་ལ་ཕྱུགས་འཚོས་ཤིང་། ཁོའི་པུས་ཚིགས་ཀྱི་རུས་པ་རིམ་བཞིན་དབྱིབས་འགྱུར་བྱུང་བས། ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་མོད། འོན་ཀྱང་རིན་གོང་མཐོ་བའི་སྨན་བཅོས་ཀྱི་རིན་པ་སྤྲོད་ཐབས་བྲལ། ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་པའི་ཁྱིམ་ཚང་དེར་ངལ་རྩོལ་ནུས་ཤུགས་མེད་པས། འཚོ་བ་ཤིན་ཏུ་སྐྱོ་བོ་ཡིན།

གནད་ཁེལ་དབུལ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་འགུལ་གྱིས་སྡེ་བ་རིམ་པའི་རང་བདག་དབུལ་སྐྱོར་གྱི་མ་དཔེ་གསར་པ་འཚོལ་ཞིབ་བྱས་ཤིང་། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་དུ། སྡེ་བ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཧུར་ཐག་གིས་སྐུལ་སློང་བྱས་ཏེ་ཀྲན་ཏེ་ཚང་ལ་རིམ་བསགས་ཀྱིས་འཁོར་རྒྱུག་མ་མོ་ཉིས་བརྒྱ་དང་ལྔ་བཅུ་གནང་སྦྱིན་བྱས། ཀྲན་ཏེ་ཡིས“མ་མོ་མ་འཇོག་བྱས་ཏེ་ལུ་གུ་བསྐྱུར་བའི་འཁོར་འགྲིལ་འཕེལ་རྒྱས”ཀྱི་བྱེད་ཐབས་ལ་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ལ། ལུ་གུ་གསོན་ཚད་རིམ་བསགས་ཀྱིས་ཉིས་བརྒྱ་དང་བཞི་ཅུ་ལ་སླེབས།

དུས་མཚུངས་སུ། ཉིན་ཞྭ་སྡེ་བས་ཁྱིམ་ཚང་དུ་ཐོན་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བཀོལ་ཏེ་ཁོ་ཚང་ལ་བེའུ་བཙའ་བར་འཚམ་པའི་མོ་ཕྱུགས་ཉེར་བཞི་ཉོས་ཏེ། སྔར་ལས་ལྷག་པར་ཁོ་ཚང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཇེ་ཆེར་བཏང་བར་མ་ཟད། ཁོར་རོགས་རམ་བྱས་ཏེ“530”གྲངས་འབོར་ཉུང་བའི་དངུལ་བུན་ཁྲི་བཅུ་རེ་ཞུ་བྱས་ལ། ཀྲན་ཏེ་ཡིས་ལོ་ངོ་གསུམ་གྱི་རིང་ལ་དངུལ་བུན་ལ་བརྟེན་ནས་དངུལ་བུན་སྤྲོད་པའི་རྣམ་པས། སྐྱེད་མཐོའི་དངུལ་བུན་ཚང་མ་ཕྱིར་སྤྲད།

དབུལ་སྐྱོར་སྲིད་ཇུས་དང་སྡེ་བ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་རོགས་སྐྱོར་འོག ཀྲན་ཏེ་ཚང་གི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན། 2017ལོའི་ལོ་མཇུག་ཏུ། ཁོ་ཚང་ལ་ཕྱུགས་ཟོག་ཉིས་བརྒྱ་དང་བརྒྱད་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་སྒོར་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་ལྷག་ཏུ་སླེབས་པས། བདེ་བླག་ངང་དབུལ་ཐར་དམིགས་འབེན་གྱི་ཚད་དུ་སླེབས།

ད་ལྟའི་ཀྲན་ཏེ་ནི་དབུལ་ཕོངས་ཁྱིམ་ཚང་གཞན་གྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་རུ་གྱུར་ཡོད་ཅིང་། ཁོ་ངར་ཤུགས་ཆེར་སྐྱེད་དང་གོམ་སྟབས་ཆེན་པོས་དབུལ་ཐར་ཕྱུག་སྒྱུར་གྱི་ཁོད་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་སྐྱོད་བཞིན་ཡོད།

ཀྲན་ཏེ་ཚང་གི་གནས་ཚུལ་དང་འདྲ་བའི་འབུམ་ལྷ་ཡག་ཚང་ཡང་ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་པའི་ཁྱིམ་ཚང་དུ་གཏོགས།

འབུམ་ལྷ་ཡག་གི་ཆུང་མར་ཡུན་རིང་ལ་དྲེག་གྲུམ་རིགས་ཀྱི་ནད་དང་ཁྲག་རིལ་དམར་པོ། མཁལ་ཚད། ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་པ། གློ་གཉིས་ཚི་སྣ་ཅན་སོགས་དལ་གཤིས་ནད་རིགས་བདུན་བྱུང་ཡོད་ལ། སྨན་བཅོས་ཀྱི་འགྲོ་གྲོན་ཤིན་ཏུ་མཐོ། ལོ་མང་པོའི་རིང་ལ། ཆུང་མར་སྨན་བཅོས་བྱེད་ཆེད། ཁོ་ཚང་གིས་གཞན་ལ་སྒོར་ཁྲི་ཉི་ཤུ་ལྷག་གི་བུ་ལོན་ཆད་ཡོད་པ་དང་། བཟའ་མི་གང་བོའི་འཚོ་བར་ཤིན་ཏུ་དཀའ་ཁག་ཆེ།

གནད་ཁེལ་དབུལ་སྐྱོར་བྱས་པ་ནས་བཟུང་། སྡེ་བས་ཧུར་ཐག་གིས་རོགས་སྐྱོར་སྲིད་ཇུས་བེད་སྤྱད་ཅིང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཁག་འཁུར་བྱས་ཏེ། འབུམ་ལྷ་ཡག་གིས་རང་འགུལ་གྱིས“530”གྲངས་འབོར་ཉུང་བའི་དངུལ་བུན་རེ་ཞུ་བྱེད་པར་ཁྲིད་སྟོན་བྱས་ལ། དངུལ་བུན་ལ་བརྟེན་ནས་དངུལ་བུན་ཕྱིར་སྤྲོད་པའི་རྣམ་པ་བརྒྱུད་དེ། ཁྱིམ་ཚང་གི་བུ་ལོན་ཚང་མ་སྤྲད་ཚར།

བུ་ལོན་གྱི་གནོན་ཤུགས་མེད་པས། འབུམ་ལྷ་ཡག་གི་དབུལ་ཐར་གྱི་ཡིད་ཆེས་སྔར་ལས་ལྷག་པར་ཇེ་བརྟན་དུ་གྱུར། ཁོ་ཧུར་ཐག་སྒོས་རྫོང་དང་ཞང་། སྡེ་བ་བཅས་ཀྱིས་བསྡུས་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཤིང་། ནན་ཏན་གྱིས་མངལ་སྦྲུམ་མ་མོ་གཟན་ཆས་ཀྱིས་གསོ་བ་དང་ལུ་གུར་སྔ་མོ་ནས་ནུ་མ་ལྡུད་མཚམས་གཅོད་པ་སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི་ནུས་ཆེ་གསོ་སྤེལ་ལག་རྩལ་སློབ་སྦྱོང་བྱས། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། རྫོང་རིམ་པའི་སྦྲེལ་མཐུད་རོགས་སྐྱོར་ལས་བྱེད་པས་ཁོར་མཛོ་མོ་གཉིས་དང་བེའུ་གཉིས་གནང་སྦྱིན་བྱས།

དེའི་རྨང་གཞིའི་སྟེང་། ཁོས་ད་དུང་འགན་ལེན་ཐོན་ལས་ཀྱི་མ་དངུལ་བཀོལ་སྤྱོད་བྱས་ཏེ་མ་མོ40ཉོས་ཐོག སྡེ་བའི་ནང་གི་ཏང་ཡོན་དང་མང་ཚོགས་ཀྱིས་ཁོར་གནང་སྦྱིན་བྱས་པའི་འཁོར་རྒྱུག་མ་མོ་སུམ་བརྒྱ་དང་བཞི་བཅུ་གསོ་སྐྱོང་གང་ལེགས་བྱས་ཏེ། “མ་མོ་མ་འཇོག་བྱས་ཏེ་ལུ་གུ་བསྐྱུར་བའི་འཁོར་འགྲིལ་འཕེལ་རྒྱས”ཀྱི་བྱེད་ཐབས་ལ་བརྟེན་ནས་ཐོན་སྐྱེད་འཕེལ་རྒྱས་སུ་བཏང་ཞིང་། རིམ་བསགས་ཀྱིས་ལུ་གུ་སུམ་བརྒྱ་གསོན་པར་མ་ཟད། ལུ་གུ་བཙོང་བ་ལས་ཐོབ་པའི་སྒོར་མོ་ལས་འགའ་ཞིག་དངུལ་ཁང་གི་དངུལ་བུན་དུ་སྤྲད་པ་དང་། འགའ་ཞིག་གསོག་འཇོག་བྱས།

2017ལོའི་ལོ་མཇུག་ཏུ། འབུམ་ལྷ་ཡག་ཚང་བདེ་བླག་ངང་དབུལ་ཐར་བྱས།

ད་ལྟ། ཁོ་ཚང་ལ་ཕྱུགས་ཟོག་ལྔ་བརྒྱ་དང་ང་གཅིག་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་བཞི་བརྒྱ་དྲུག་བཅུ་ལྷག་ལ་སླེབས་པས། ཁོ་ཚང་ནི་ཉིན་ཞྭ་སྡེ་བས་ཧུར་ཐག་གིས་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་སྔོན་ཐོན་མིག་དཔེ་རུ་གྱུར་ཡོད། 

                                                                                                                                     རྩོམ་སྒྲིག་པ། སྐར་མ་འཚོ།