དབང་ཕྱུག་གིས་སྡེ་མི་རྣམས་ལ་རོགས་བྱས་ཏེ་ས་ཞིང་གི་བྱེ་འདམ་གཙང་བཤེར་བཏང་ནས་ཞིང་ལ་ཆུ་འདྲེན་པར་གྲ་སྒྲིག་ལེགས་པོ་བྱས།
ཧི་ལི་གོང་མ་སྡེ་བའི་མི་རྣམས་ཀྱིས་རང་ཉིད་འཚོ་བའི་གྲོང་སྡེ་དེར་རྫོང་དང་ཁུལ་ཡོངས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་མཚན་སྙན་སྣ་ཚོགས་ཐོབ་པར་ཐོག་མ་ཉིད་ནས་དྲན་མ་མྱོང་ལ། འཚོ་བར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འདི་འདྲ་བྱུང་རྒྱུ་ནི་བློ་ཡུལ་དུ་ཡང་ཤར་མྱོང་མེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་ཐེ་གེ་ཞང་གི་ཧི་ལི་གོང་མ་སྡེ་བ་ནི་ཚ་རྔ་འགག་ཆུ་མཛོད་ཁུལ་གྱི་གནས་སྤར་བ་རྣམས་ཀྱིས་གྲུབ་པའི་སྡེ་བ་ཞིག་ཡིན། དང་ཐོག་སྡེ་བའི་ནང་ཁུལ་དུ་མི་རིགས་འདྲ་མིན་སྣ་ཚོགས་ཡོད་ཅིང་། སྡེ་བའི་མི་རྣམས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཀྱང་ཅུང་ཞན་པས། སྡེ་བའི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད། 2011ལོ་ནས་བཟུང་སྟེ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཨུ་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོའི་རྗེས་སུ། མང་ཚོགས་ཀྱི་ཚོགས་འདུ་བསྡུས་པ་བརྒྱུད་ནས། ཁྲིམས་ལུགས་ཁྱབ་གདལ་དང་སློབ་གསོ་དྲིལ་སྒྲོག་རྩ་འཛུགས་བྱས་པ་དང་། སྡེ་བའི་ཏང་ཡོན་གྱིས་སྣེ་ཁྲིད་ནས་གྲོང་སྡེ་གསར་བ་འཛུགས་སྐྲུན་བྱས་པས། སྡེ་སྲོལ་དང་དམངས་སྲོལ་སྐོར་ལ་འགྱུར་ལྡོག་ཆེན་པོ་བྱུང་།
མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དོན་དག་དཀའ་མོ་ཞིག་ལེགས་པར་ཐག་གཅོད་པ་ནི་གནས་ལུགས་ཆེན་པོ་ཐེངས་མ་བརྒྱ་སྟོང་ལས་ཀྱང་ལྷག་ལ། ཏང་རྩ་འཛུགས་ཀྱི་ཤུགས་རྐྱེན་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་གི་ནུས་ཤུགས་བཅས་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དངོས་སུ་ལག་ལེན་དུ་བསྟར་བ་ཞིག་ཡིན་ཞེས་པ་འདི་ནི་དབང་ཕྱུག་གིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས་སུ་རྒྱུན་དུ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ལ་བཤད་པའི་སྐད་ཆ་དེ་ཡིན་པར་མ་ཟད། ཁོའི་སྔར་ནས་ད་ལྟའི་བར་གྱི་བྱ་བའི་སྒྲུབ་སྟངས་ཤིག་ཀྱང་རེད།
སྡེ་བ་དང་ཁྱིམ་ཚང་དུ་མྱུལ་རྒྱུ་ནི་དབང་ཕྱུག་གི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཡིན་ཏེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་ལོ་རེ་རེའི་ནང་དུ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་བདུན་ཅུ་ལ་དབང་ཕྱུག་ཆེས་ཉུང་ན་ཐེངས་མ་གཅིག་སོང་མྱོང་ཡོད་ཅིང་། ཁ་བརྡ་དང་ཁམས་འདྲི་བྱེད་བཞིན་ཡོད་པས་དུད་ཚང་རེ་རེ་ལ་ཆ་རྒྱུས་གསལ་བོ་ཡོད། སྡེ་བའི་མི་རྣམས་ཀྱི་བསམ་འཆར་དང་འཆར་གཞི། རེ་སྨོན་མང་པོ་བསྡུ་རུབ་བྱས་ཏེ། འཕེལ་རྒྱས་ལ་བཀག་འགོག་ཐེབས་པའི་གནད་དོན་གཙོ་བོ་དེ་ཁོང་དུ་ཆུད་པ་དང་། ཞང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིངས།
འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་པའི་འགག་རྩ་དེ་ཡིན་ལ། སྡེ་བའི་མི་རྣམས་ཀྱི་འཚོ་བར་འཕེལ་རྒྱས་བྱུང་ན། ད་གཟོད་འགལ་བ་དང་རྩོད་གཞི་ཡོངས་རྫོགས་ཐག་གཅོད་ཐུབ་པའི་གནས་ལུགས་དེ་དབང་ཕྱུག་གིས་གསལ་བོར་རྟོགས་ཀྱིན་ཡོད། བརྟག་དཔྱད་གཏིང་ཟབ་དང་བསམ་གཞིག་གཟབ་ནན་བྱས་པ་བརྒྱུད་ནས། ཁོས་སྡེ་བའི་འཕེལ་རྒྱས་ལ་བཀག་འགོག་ཐེབས་པའི་གཙོ་གནད་ནི་མ་དངུལ་གྱི་རྒྱབ་སྐྱོར་ཞན་པའི་རྐྱེན་ཡིན་པ་ཤེས། མིག་སྔར་བར་དུ། དངུལ་ཁང་དུ་མ་དངུལ་བྱེ་བ་གཉིས་ལྷག་དངོས་འབེབ་དོན་འཁྱོལ་བྱུང་ཞིང་། ཁེ་ཕན་རེག་པའི་མང་ཚོགས་ཁྱིམ་ཚང་བརྒྱ་དང་སུམ་ཅུ་ལ་སླེབས།
ཧྲུའུ་ཅི་ཡིས་གཞི་གཉིས་མཉམ་འགུལ་གྱི་མ་དངུལ་བརྩོན་ལེན་བྱས་པའི་དྲིན་གྱིས་ང་ཚོའི་དཀའ་ངལ་དངོས་གནས་དྲང་གནས་ཐག་བཅད་པ་རེད།
“ད་ལྟ་ང་ཚོའི་གསོ་སྤེལ་ཁེ་ལས་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་ལ། བདག་གིས་ཀྱང་མང་ཆེ་ཤོས་སྡེ་བ་ནང་ཁུལ་ནས་ལས་ཀ་བ་བསྡུས་ཏེ། ཡུལ་མི་སྤུན་ཟླ་དང་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་གོམ་ཁ་བསྒྱུར་དགོས།” གཞི་གཉིས་མཉམ་འགུལ་བརྒྱུད་ནས་སྡེ་མི་ཀྲང་ཧྥ་ཡི་གསོ་སྤེལ་ཁེ་ལས་རྒྱ་བསྐྱེད་པར་མ་དངུལ་མི་འདང་བའི་གནད་དོན་དེ་བདེ་ལེགས་ངང་ཐག་བཅད་པ་རེད།
“ཏང་ཡོན་ཞིག་ཡིན་པའི་ངོས་ནས་བརྗོད་ན། མང་ཚོགས་ཀྱིས་ང་ལ་ཡིད་ཆེས་དང་བློ་འཁེལ་ཏེ། ང་རང་ཀྲི་པུའུ་ཧྲུའུ་ཅི་ལ་འདེམས་པ་རེད། དེ་བས་ང་ཡིས་མི་ཐམས་ཅན་གྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་།” དབང་ཕྱུག་གིས་དུས་དང་རྣམ་པ་ཀུན་ཏུ་ཚིག་འདི་སེམས་ལ་བཅངས་ཏེ་རང་ཉིད་ལ་སྐུལ་འདེད་བྱེད་བཞིན་ཡོད་པ་རེད།
སྡེ་བའི་ནང་གི་འགལ་བ་དང་རྩོད་གཞིའི་གནད་དོན་ལ་དམིགས་ཏེ། དབང་ཕྱུག་གིས་དོ་དམ་གྱི་རྣམ་པ་གསར་སྐྲུན་བྱས་ནས་དྲ་རྒྱ་རང་བཞིན་གྱི་དོ་དམ་ཁྱབ་སྤེལ་གཏོང་བ་དང་ཞིབ་ཚགས་རང་བཞིན་གྱི་ཞབས་ཞུ་དོན་འཁྱོལ་བྱས་ཏེ། སྡེ་མི་རེ་རེ་ལ་ཡིག་ཚགས་བཟོས་ཤིང་ཁྱིམ་ཚང་བཅུ་རེ་ལ་དྲ་རྒྱ་ཆུང་ངུ་རེ་དང་། རུ་ཁག་གཅིག་ལ་དྲ་རྒྱ་འབྲིང་བ་རེ་བཙུགས་ཏེ། སྡེ་བ་ཡོངས་ལ་དྲ་རྒྱ་ཆེ་བ་བཙུགས། དྲ་རྒྱ་རེ་རེའི་མགོ་གཙོ་འདེམ་བསྐོ་བྱས་ནས་དྲ་རྒྱའི་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། མང་ཚོགས་ཀྱི་དོན་དངོས་ཀྱི་དཀའ་ངལ་སེལ་ཏེ། སྡེ་དོན་སྲིད་ཇུས་བློ་འདྲི་འདོན་སྤྲོད་བྱེད་པ་དང་། རིགས་སོ་སོའི་འགལ་བ་དང་རྩོད་གཞི་བར་འདུམ་བྱེད་པའི་ལས་ཀ་བཅས་འགན་ཁུར་དུ་བཅུག
ལོ་རེའི་དགུ་པའི་ཚེས་དགུ་ཡི་དུས་ཆེན་དུ། སྡེ་བ་ཡོངས་ཀྱིས་ལོ་གྲངས་དྲུག་ཅུ་ཡན་ལ་སླེབས་པའི་རྒན་པ་རྣམས་ལ་དུས་སྟོན་རོལ་དུ་འཇུག་པ་དང་། རྒན་པ་རྣམས་ཞིང་ཆེན་ཕྱི་ནང་དུ་ཡུལ་སྐོར་དང་ལྟ་སྐོར། ལྟ་སྦྱོང་ལ་འགྲོ་བར་རྩ་འཛུགས་བྱེད་པ་བཅས་རྒན་པ་རྣམས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བཏང་སྟེ། རྒན་པ་རྣམས་རྒས་ཀྱང་སྤྲོ་སྣང་ལྡན་པར་བྱས། དུས་མཚུངས་སུ། སྒྱུག་མོ་དང་སྒྱུག་པོ་བཟང་པོ། མནའ་མ་དང་ཁྱོ་ག་བཟང་པོ། མག་པ་བཟང་པོ་དང་བཅས་བཟང་པོ་ལྔ་འཛོམས་གྱི་ཁྱིམ་ཚང་ལ་གཟེངས་བསྟོད་བྱས་ནས། སྡེ་བའི་མི་རྣམས་ལ་ཁྱིམ་ཚང་བཟང་བོའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་དུ་འཇུག
དབང་ཕྱུག་གིས་ད་དུང་སྡེ་བའི་ནང་གི་རིག་གནས་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་རྣམས་རྩ་འཛུགས་བྱས་ཏེ་རིག་རྩལ་རུ་ཁག་བཙུགས་པ་རེད། མི་རིགས་མཐུན་སྒྲིལ་དར་སྤེལ་དང་དཔལ་ཡོན་འཛུགས་སྐྲུན་བཅས་བརྗོད་བྱ་བྱས་ནས། རིགས་སོ་སོའི་རོལ་རྩེད་ལེ་ཚན་རང་གིས་རྩོམ་ཞིང་རང་གིས་འཁྲབ་སྟེ། རོལ་རྩེད་ཀྱི་ཁྲོད་ནས་སློབ་གསོ་ཐོབ་པ་དང་། སློབ་གསོ་དྲིལ་སྒྲོག་སྤེལ་ནས་རིག་གནས་ཐང་ཆེན་དེ་གསོན་ཤུགས་རྒྱས་པར་བྱས་ཤིང་། ཞབས་བྲོའི་རུ་ཁག་དང་། རྒྱ་འཆམ་རུ་ཁག་གིས་དུས་ངེས་མེད་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པས། སྡེ་མི་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་།
“ད་ལྟ་སྡེ་བའི་ནང་གི་མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཤིན་ཏུ་བཟང་ཞིང་། ད་ལོའི་ལོ་གསར་སྐབས་ཀྱི་མདའ་རྩལ་འགྲན་བསྡུར་སྐབས། སྡེ་མི་གཅིག་ལ་རྨས་སྐྱོན་བྱུང་བས། མི་ཐམས་ཅད་ཀྱིས་རང་འགུལ་གྱིས་དངུལ་གྱི་ཞལ་འདེགས་བསྡུས་ཏེ་སྒོར་ཁྲི་ལྔ་ལྷག་འདུས་པ་རེད། དེ་ནས་རྨས་སྐྱོན་བྱུང་བའི་སྡེ་མི་དེ་སྨན་བཅོས་བྱེད་ཐུབ་པ་བྱུང་བར་མ་ཟད། ད་དུང་དཔལ་འབྱོར་གྱི་ཁུར་པོ་ཇེ་ལྕི་རུ་སོང་མེད། ཕན་ཚུན་བར་ལ་རོགས་རམ་དང་། འཆམ་མཐུན་མཐུན་སྒྲིལ་ནི་ང་ཚོའི་སྡེ་བ་ལ་ཆ་བཞག་ན་ཆེས་རྒྱུན་ལྡན་དུ་གྱུར་ཡོད།” སྡེ་བ་ནང་གི་འགྱུར་ལྡོག་བཤད་ན། སྡེ་མི་བདེ་མཆོག་གིས་ཡང་དང་བསྐྱར་ཏུ་མཐེ་བོང་བསྒྲེངས་ཏེ། དབང་ཧྲུའུ་ཅི་དང་སྡེ་བའི་ལས་བྱེད་པ་རྣམས་ཀྱི་སྣེ་ཁྲིད་འོག ང་ཚོའི་ལས་གཏོད་ཕྱུག་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
གོམ་པ་རྗེས་མ་ནི། སྡེ་བའི་ནང་སྔར་ཡོད་ཀྱི་རྒན་པའི་བྱ་འགུལ་ཁང་དེས་རྒན་པ་རྣམས་ལ་ཉིན་རྒྱུན་ལྟ་སྐྱོང་བྱེད་པའི་ལྟེ་གནས་སུ་བསྒྱུར་ཏེ། རྒན་པ་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་སྟབས་བདེ་རུ་གཏོང་བ་དང་། ད་དུང་སྡེ་བ་ཐུན་མོང་གི་དཔལ་འབྱོར་མ་དངུལ་སྡེབ་སྒྲིག་བྱས་ནས་སྔོ་ཚོད་འདེབས་ས་ཞིག་བཙུགས་ནས་ཞིང་སྡེའི་གནས་སྐོར་ལྗོངས་རྒྱུ་འཛུགས་སྐྲུན་བྱེད་རྩིས་ཡོད། མུ་མཐུད་དུ་ཁྱིམ་མཚེས་འཆམ་མཐུན་གྱི་རྣམ་པ་བཟང་བོ་བསྐྲུན་ནས ཞིང་སྡེའི་དཔལ་ཡོན་ལ་རྨང་གཞི་བརྟན་པོ་བཏིངས་ཏེ། ཞིང་སྡེའི་ཕྱོགས་ཐམས་ཅད་ཀྱི་དཔེ་སྟོན་ས་ཚིགས་ཆགས་པར་ཧུར་བརྩོན་ལྷུར་ལེན་བྱས་ཏེ། གྲོང་སྡེ་སྔར་ལས་ཇེ་ཡག་དང་མི་རྣམས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས།
མ་འོངས་པའི་འཕེལ་རྒྱས་གླེང་དུས། དབང་ཕྱུག་ནི་ཡིད་ཆེས་ཀྱིས་ཁེངས་ཏེ། ད་ལྟ་སྲིད་ཇུས་འདི་འདྲ་ཡག་ལ། ང་ཚོས་གོམ་ཁ་ལྷོད་ནས་ངལ་གསོ་བའི་ཁོམ་ལོང་མེད། ང་ཚོའི་སྡེ་ཨུ་གཉིས་ཀྱིས་ཧུར་ཐག་འབད་བརྩོན་་བྱས་ཏེ། སྡེ་བའི་མི་རྣམས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་དུ་འཇུག་དགོས་ཟེར།
ལོ་འགའི་ནང་དུ། སྡེ་བ་ནང་གི་ཐེངས་རེ་རེའི་འགྱུར་ལྡོག་ནི་ཡུལ་མི་སྤུན་ཟླ་ཚོས་མིག་གིས་མཐོང་ལ། སེམས་ནས་སྤྲོ་བཞིན་ཡོད། མི་ཐམས་ཅད་ཀྱིས་འདི་ཡོད་ཚད་ནི་ཏང་གི་སྲིད་ཇུས་ཡག་པོ་དང་ཁ་འབྲལ་ཐབས་མེད་ཅིང་། དབང་ཕྱུག་ཧྲུའུ་ཅི་དང་སྡེ་བའི་ལས་བྱེད་པ་ཚོས་ཡོད་ཚད་བློས་བཏང་བའི་བརྩེ་སེམས་ཟོལ་མེད་དང་ཡང་འབྲལ་ཐབས་མེད།
ལོ་ཙཱ་བ། དངོས་སྦྱོང་སློབ་མ་རག་ཤུལ་མིག་དམར།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།