གནས་མཆོག་དེ་ནི་ངའི་མཛེས་སྡུག་གི་ཐུག་འཕྲད་ཐེངས་ཤིག་ཡིན།
2019.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

མཚོ་སྔོན་རོགས་སྐྱོར་པ་ཀན་ཧྥང་ཁྲིན་ནི་ཅཱང་སུའུ་ནན་ཅིན་གྱི་མི་རེད། ཁོས་ཅཱང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཡུས་དཔའ་ཐེ་ས་ཁུལ་ཚོད་ལྟའི་སློབ་ཆུང་དུ་བྱ་བ་སྒྲུབ་བཞིན་ཡོད།  ཤར་ནུབ་ཕྱོགས་དབུལ་སྐྱོར་མཐུན་ཚོགས་ཀྱི་ཆེད་ལས་ལག་རྩལ་འཇོན་མི་ཡིན་པས། 2018ལོའི་ཟླ་བཅུ་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དུ་སློབ་གསོར་རྒྱབ་སྐྱོར་བྱེད་པའི་བྱ་བ་སྒྲུབ་དུ་འོང་།

འཚོ་བ་རིགས་ཤིག་ནི། ཁྱོད་ཀྱིས་རོལ་མྱོང་བྱས་མྱོང་མེད་པས་དེའི་ཁྲོད་ཀྱི་དཀའ་སྡུག་རྟོགས་མི་སྲིད་ལ། དཀའ་སྡུག་རིགས་ཤིག  ཁྱོད་ཀྱིས་ཉམས་སུ་བླངས་མྱོང་མེད་སྟབས། དེའི་ཁྲོད་ཀྱི་སྤྲོ་སྐྱིད་རྟོགས་མི་སྲིད། སྤྲོ་སྐྱིད་རིགས་ཤིག་ཁྱོད་ཀྱིས་མྱོང་རོལ་བྱས་མྱོང་མེད་པས། དེའི་ཁྲོད་ཀྱི་དྭངས་གཙང་དང་རྣམ་དག་རྟོགས་མི་སྲིད། ལས་འབྲེལ་རིགས་ཤིག་ནི། ངའི་མི་ཚེ་གཅིག་གི་ཆེས་མཛེས་སྡུག་གི་ཐུག་འཕྲད་ཐེངས་ཤིག་ཡིན། དེ་ནི་སྔོན་ཆད་ངའི་རྨི་ལམ་དུ་འཁོར་བའི་གནས་མཆོག་དེ་ཡིན། གལ་སྲིད་ཕུགས་འདུན་གྱི་ཆེད་དུ་མིན་ན། གནས་མཆོག་དེ་ལ་གཏན་ནས་ལས་འབྲེལ་མེད་ཀྱང་སྲིད། གནས་མཆོག་དེ་ནི་མཛེས་སྡུག་ལྡན་པའི་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཡིན་པ་དང་། དེ་ནི་ངའི་སྙན་ངག་གི་ཁམས་ལ་འདྲེས་པའི་རྒྱང་རིང་གི་གནས་མཆོག་དེ་ཡིན་ལ་ངའི་མི་ཚེ་གཅིག་གི་ཆེས་མཛེས་སྡུག་གི་ཐུག་འཕྲད་ཐེངས་ཤིག་ཡིན།

ང་རང་ལོ་ཉེར་བཞི་ཡིན་རུང་སེམས་སུ་ངར་ཤུགས་ཀྱིས་ཁེངས་ཡོད། ང་རང་དགེ་རྒན་གྱི་ལས་རིགས་འདི་ལ་ཧ་ཅང་དགའ། དགེ་ཐོན་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་པ་ནས་ཁྲེ་ཙེ་གསུམ་ཡོད་པའི་ཁྲིད་སྟེགས་སྟེང་བུད་པའི་བར། ང་རང་ཉིད་ཀྱིས་བསམ་ན་དགེ་རྒན་གྱི་ཆེས་ཆེ་བའི་རིན་ཐང་ནི་སློབ་མ་ཡོན་ཏན་ཁྲིད་པ་དེ་ཡིན་ལ། འདི་ནི་ང་རང་ལ་དགོས་མཁོ་ཆེ་བའི་འཚོ་བ་དེ་རེད།

མཚོ་སྔོན་ནི་ང་རང་ལ་དགོས་མཁོ་ཆེ་བའི་གནས་དེ་རེད།

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། ས་གནས་འགའ་བརྒྱུད་རྗེས། ང་རང་མཐར་མཇུག་མཚོ་སྔོན་ཞིང་ཆེན་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཐོན་པ་དང་། དུས་ཡུན་རིང་བོར་མེ་འཁོར་དང་རླངས་འཁོར་ལ་བསྡད་པས། ང་རང་ངལ་དུབ་ཀྱིས་ཁེངས་ཡོད། རྫོང་སློབ་གསོ་ཅུའུ་དང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡི་འགོ་ཁྲིད་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པ་དང་། ང་ལ་སེམས་ཞིབ་མོས་ཟས་རིགས་དང་སྡོད་ཁང་། དེ་མིན་འཚོ་བའི་མཁོ་ཆས་སྣ་ཚོགས་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པས། ལེ་དབར་ཁྲི་ཕྲག་ཡོད་པའི་ཕ་ཡུལ་དང་ཁ་གྱེས་ཡོད་རུང་། ཁྱིམ་མིའི་མདུན་དུ་ཡོད་པའི་ཚོར་བ་བྱིན།

དུས་སྐབས་དེར། དྲིན་གཟོའི་བསམ་པ་འགོག་མེད་དུ་སྐྱེས་བྱུང་། ཁྱིམ་མིའི་རྒྱབ་སྐྱོར་དང་འགོ་ཁྲིད་ཀྱིས་ཡིད་ཆེས་གནང་བར་བཀའ་དྲིན་ཞུ་བ་དང་། ད་དུང་ལས་གྲོགས་བཅོ་བརྒྱད་དང་འཕྲད་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད། མི་འགྱངས་བར་ང་ཚོ་སློབ་གསོ་རོགས་སྐྱོར་བྱེད་པའི་རུ་མི་དྲུག་པོས་མཉམ་དུ་འཚོ་བ་རོལ་ཏེ་སྐྱིད་སྡུག་ཉམས་མྱོང་བྱས་པས། རིམ་བཞིན་ཁྱིམ་མི་གཅིག་ལྟ་བུར་གྱུར་ཡོད། ཚོགས་སྤྱི་ཆུང་བ་དེའི་ནང་གི་མང་ཆེ་བ་ནི་ལོ་ན་ཆེ་བའི་རྒན་རབས་པ་ཡིན་ལ། ཁོ་ཚོའི་ལུས་སྟེང་དུ་རང་ཉིད་ཀྱིས་སློབ་འདོད་པའི་ཤེས་བྱ་དང་ཉམས་མྱོང་། ཀུན་བྱམས་ཀྱི་འདུ་ཤེས་བཅས་ཡོད། ཟླ་གཉིས་རིང་གི་སློབ་གསོར་རོགས་སྐྱོར་གྱི་ཁྲོད། རོགས་སྐྱོར་དགེ་རྒན་ལ་མཚོན་ནས་བཤད་ན་ཐོབ་དཀའ་བའི་སྦྱོང་བརྡར་ཐེངས་ཤིག་རེད། དེར་ང་ཚོས་དཀའ་སྤྱད་སྡུག་རུས་བྱེད་ཕོད་དགོས་ལ་ཕུགས་འདུན་བརྟན་པོ་ཡོད་དགོས། ང་རང་ཉིད་ཀྱིས་སློབ་གསོར་རོགས་སྐྱོར་བྱེད་པའི་དམིགས་ཡུལ་ནི་རང་ཉིད་ཀྱི་རྒྱུད་ཀྱི་ཤེས་བྱ་དང་རྩལ་ནུས་དག་རི་ཁུལ་གྱི་བྱིས་པ་རྣམས་ལ་ཁྲིད་འདོད་པ་དང་ཆབས་ཅིག ཕན་ཚུན་བར་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་འདོད་པ་དེ་ཡིན། ཟླ་གཉིས་ཀྱི་རྗེས་སུ་ངས་སྔར་བཞིན་ཐོག་མའི་སེམས་འདུན་མི་བརྗེད་པར་གྲུབ་འབྲས་ཆེན་པོ་བླངས་ནས་ཕྱིར་ལོག་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།

ཟླ་གཉིས་ཀྱི་དུས་ཡུན་ནི་ངའི་མི་ཚེའི་འདིར་རིན་ཐང་ལྡན་ཞིང་། ཆེས་བརྗེད་དཀའ་བའི་དུས་ཡུན་ཤིག་ཡིན།

མཚོ་སྔོན་ལ་ཡོང་བའི་ཉིན་འདི་དག་གི་རིང་ལ། ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་འཆད་འཁྲིད་ལ་ཉན་པ་དང་ཚོགས་འདུ་ཚོགས་བཞིན་ཡོད། ཚོགས་འདུ་མང་བ་དང་དུས་ཚོད་ཐུང་རུང་། འོན་ཀྱང་། དེ་ནི་ང་རང་བྱ་བར་ཞུགས་པའི་ཚུན་ལ་གྲུབ་འབྲས་ཐོབ་པ་ཆེས་མང་པོའི་དུས་ཤིག་རེད། རྟ་ཐང་རྫོང་གི་རྫོང་དཔོན་གཞོན་པ་ཧོང་ཧེ་ཆོན་གྱིས“སེམས་ཞིབ་མོས་བྱ་བ་སྣ་ཚོགས་སྒྲུབ་ཏེ་ཐེངས་འདིའི་སློབ་གསོའི་རོགས་སྐྱོར་བྱ་བ་བཟང་བོ་སྒྲུབ་དགོས་པ་དང་། རམ་འདེགས་ཀྱི་ནུས་པ་བཟང་པོ་འདོན་སྤེལ་གང་ལེགས་བྱེད་དགོས་པའི”རེ་བ་བཏོན། ཁོས་སེམས་གཏམ་རེ་རེ་ལས་ང་ལ་བློ་བསྐྱེད་ཆེན་པོ་ཐོབ་པས། རང་ཉིད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར། སློབ་གསོ་རོགས་སྐྱོར་གྱི་བྱ་བ་གདམ་གསེས་བྱས་པ་དེ་རང་ཉིད་ཀྱི་ཡོད་ཚད་སློབ་གསོའི་ཐད་འབུལ་རྒྱུ་ཡིན་པ་མཚོན་ཡོད། “འཁང་ར་ཕྱི་བཤོལ་མི་བྱེད་པར། དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་བྱེད་པ་ནི”ངའི་ཟླ་གཉིས་ཀྱི་རིང་རྒྱུན་འཁྱོངས་བྱེད་པའི་དམིགས་འབེན་ཡིན། གནས་འདིར་ཐོན་པ་ན་ང་རང་ལ་ཚོར་སྣང་ཆེས་ཟབ་པ་ནི་གནས་འདི་ནི་བརྗིད་ཉམས་ལྡན་པ་ཞིག་རེད། མཚོ་སྔོན་རྟ་ཐང་རྫོང་ནི་མཚོ་སྔོན་ཞིང་ཆེན་ཤར་ཕྱོགས་རྨ་ཆུ་དང་ཙོང་ཆུའི་གཤོང་ས་རུ་གནས་ཡོད་ལ། མདོ་ལ་རི་བོའི་ལྷོ་ཕྱོགས་དང་ཙོང་ཆུའི་སྟོད་རྒྱུད་བྱང་ཕྱོགས་ཀྱི་བཞུར་རྒྱུད་དུ་གནས་ཡོད་པ་དང་། མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་བརྒལ་དུ་གནས་ཡོད་ལ། མཚོ་ངོས་ལས་མུས་སྟོང་གཉིས་ཉིས་བརྒྱ་བརྒྱད་ཅུ་ནས་སྟོང་བཞི་དྲུག་བརྒྱ་ཉེར་གཉིས་ཡོད། དེ་ནི་ཞིང་ལས་དང་བཟོ་ལས། རིག་གནས། སྐྱེ་ཁམས། མི་རིགས་མཐུན་སྒྲིལ་གྱི་རྫོང་ཆེན་པོ་ཞིག་ཡིན་པ་དང་། གནས་དེ་རུ་རྒྱ་རིགས་དང་ཧོས་རིགས། ཧོར་རིགས། བོད་རིགས། སོག་རིགས་བཅས་མི་རིགས་ཉེར་དྲུག་ལྷག་ཡོད། གནས་འདིའི་མི་རྣམས་ཡར་བརྩོན་ལ་དགའ་བ་དང་མགྲོན་པོར་དགའ་བ་ཞིག་རེད། གནས་འདིའི་བྱིས་པ་རྣམས་ཀྱིས་དགེ་རྒན་ལ་ཐད་ཀར་སྐད་ཆ་བཤད་རྒྱུར་ངོ་ཚ་བ་དང་སྐྲག་བཞིན་ཡོད། འོན་ཀྱང་། དེ་ནི་ཁོ་ཚོའི་འཚོ་བའི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད། ཁོ་ཚོ་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་བའི་ཆ་རྐྱེན་བཟང་བོ་མེད་ལ། ལྟ་རྒྱ་མཐོང་རྒྱ་ཆུང་། འོན་ཀྱང་། ཁོ་ཚོར་སློབ་སྦྱོང་ལ་འབད་རྒྱུའི་བརྩོན་སེམས་དང་སྙིང་སྟོབས་ཆེན་པོ་ཡོད། ཁོ་ཚོ་དང་འབྲེལ་འདྲིས་བྱས་པའི་ཉིན་འདི་དག་གི་རིང་། ངས་ཁོ་ཚོར་སློབ་སྦྱོང་བྱེད་འོས། ཁོ་ཚོའི་མདུན་དུ་ངའི་འཚོ་བའི་ཁྲོད་ཀྱི་སུན་སྣང་དང་བྱ་བའི་སྟེང་གི་བར་ཆད་ཅི་ཡང་མ་རེད།

གནས་འདི་རུ། ངས་ཉིན་རྒྱུན་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་རོལ་བཞིན་ཡོད་ལ། ཆེས་དགའ་བ་ནི་བྱིས་པ་རྣམས་ཀྱིས་ཁྱོད་ཀྱི་སློབ་ཁྲིད་སྐབས་རི་མོ་བྲིས་པ་ཧ་ཅང་ཡག་ཞེས་བཤད་པ་དེ་རེད། ཆེས་དགའ་བ་ནི་སློབ་ཐུན་གྲོལ་རྗེས། སློབ་གྲོགས་རྣམས་ངའི་མདུན་དུ་ཡོང་ནས་རི་མོ་འབྲི་བའི་བྱེད་ཐབས་ང་ལ་འདྲི་བ་དེ་རེད། སློབ་གྲོགས་ལ་ལས་བཤད་པ་ལྟར་ན། དགེ་རྒན་ཁྱོད་ནི་ཆེས་གཅེས་སུ་འོས་པ་ཞིག་རེད་ཟེར། བྱིས་པ་རྣམས་ཀྱིས་ཁས་ལེན་ཐོབ་པས་དེ་ལས་ལྷག་པའི་དོན་ཞིག་ག་ལ་ཡོད།

དོན་དངོས་སུ། ངས་ཁོ་ཚོར་བཤད་འདོད་པ་ནི། ཚེ་སྲོག་ནི་དཔེ་ཆ་ཡ་མཚན་ཞིག་དང་འདྲ་བར་ཁྱོད་ཀྱིས་སེམས་ཞིབ་མོས་ཀློག་འདོན་བྱེད་རྒྱུར་སྒུག་ཡོད། དགེ་རྒན་ཡང་ཁྱོད་ཚོ་དང་འདྲ་བར་ནར་སོན་པ་ཡིན་ལ། སློབ་སྦྱོང་གི་གོ་རིམ་ཁྲོད་དཀའ་ཁག་ཇི་འདྲ་ཆེ་རུང་དགེ་རྒན་གྱིས་ཕྱིར་བཤོལ་བྱས་མ་མྱོང་། ཁྱོད་ཚོས་སྐད་གསེང་མཐོན་པོའི་དཔེ་ཀློག་གི་སྒྲ་དང་ཁྱོད་ཚོས་དགའ་སྤྲོའི་འདུག་རོགས། ཁྱོད་ཚོས་ང་ལ་བཅངས་བའི་བརྩེ་སེམས་བཅས་ལ་དགེ་རྒན་གྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། དགེ་རྒན་ལ་མཚོན་ན་འདི་དག་ཡོད་ཚད་ནི་འཛམ་གླིང་སྟེང་ཆེས་མཛེས་པའི་བྱ་དངོས་ཞིག་རེད།

མི་སེམས་འགུལ་བའི་གཏམ་རྒྱུད་དང་མི་མང་པོ་ཡོད་ལ། ཉིན་གསུམ་ཞག་གསུམ་ལ་ཡང་བཤད་མི་ཚར། འོན་ཀྱང་། ངས་བཤད་རྒྱུ་ནི་ཞིང་སྡེའི་སློབ་ཁྲིད་ཆ་རྐྱེན་ནི་ཧ་ཅང་དཀའ་ཁག་ཆེ་ལ། ང་ཚོའི་དེ་སྔོན་སེམས་སུ་ཤར་བ་དེ་འདྲ་ཞིག་མ་རེད། ཞིང་སྡེའི་དགེ་རྒན་གྱི་བབ་ཆགས་པའི་བརྩེ་སེམས་དང་བྱ་བ་ནན་ཏན་སྒོས་སྒྲུབ་པའི་སྙིང་སྟོབས་ལ་ང་རང་ཡིད་སྨོན་འཆོར། ང་རང་ཉིད་ཀྱི་ཟླ་གཉིས་ཀྱི་སློབ་གསོར་རོགས་སྐྱོར་བྱ་བ་མགོ་བརྩམས་མ་ཐག་ཡིན་ལ། འོན་ཀྱང་། དེ་ནི་ངའི་མི་ཚེ་གང་བོར་བརྗེད་དཀའ་བ་ཞིག་རེད། རྙིང་ཧྲུལ་དུ་གྱུར་བའི་སློབ་གྲྭ་དང་སློབ་མ་རྣམས་ཀྱི་སྙིང་རྗེ་བའི་ངོ་གདོང་ལ་བལྟས་ན། ཁོ་ཚོས་ཡ་མཚར་བའི་རྣམ་འགྱུར་དག་ལས་ང་ལ་མི་དམངས་ཀྱི་དགེ་རྒན་བཟང་བོ་ཞིག་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་དུ་བཅུག

ངས་ཁྱོད་ཚོར་རོགས་རམ་མང་པོ་བྱེད་མི་ཐུབ་མོད། འོན་ཀྱང་། ང་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ་བྱིས་པ་རྣམས་ལ་རེ་བ་སྩོལ་ཐུབ་པར་སྨོན། མ་འོངས་ཀྱི་སློབ་གསོར་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད། ང་རང་གིས་རང་ནུས་ཅི་ལྕོག་གིས་སློབ་མ་རྣམས་ལ་རོགས་རམ་བྱས་ཏེ། ཁོ་ཚོར་སྔར་ལས་ལྷག་པར་བདེ་སྐྱིད་ཀྱི་འཚར་ལོངས་འབྱུང་དུ་འཇུག་རྒྱུ་ཡིན།

ང་རང་ལོ་ན་གཞོན་ལ་ངས་ད་དུང་སློབ་སྦྱོང་བྱེད་དགོས་ས་མང་པོ་ཡོད། ང་ཚོ90ལོ་རྗེས་ཀྱི་མི་རྣམས་ཀྱིས་ཀྱང་ནུས་པ་གང་ཡོད་འདོན་པ་དང་། སྤྲོ་སེམས་དང་ལས་སྒྲུབ་ཀྱི་བརྩོན་སེམས་ལ་བརྟེན་ནས། བྱ་བའི་བརྒྱུད་རིམ་གསར་བ་ཞིག་མགོ་བརྩམས་ཏེ་ཚང་མ་དང་མཉམ་དུ། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འབད་འཐབ་ལྷོད་མེད་སྒོས་མདུན་དུ་བསྐྱོད་པར་ཡིད་ཆེས་བྱས་ཆོག

ལོ་ཙཱ་བ། ཤ་བོ་རིན་མཚོ།