ངའི་གྲོགས་ཚོམས་དུ་ཁྱེད་རང་ཡོད་པ་ནི་དགའ་འོས་པ་ཞིག་རེད།
2019.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 81

བང་ཞན་ཏུང་། ཕོ། ཨན་ཧོས་ཅིན་ཀྲེད་ཡི་མི་ཡིན་ཞིང་། ཅང་སུའུ་ཞིང་ཆེན་ཚོང་དོན་ཐིན་གྱི་བསྐོར་བསྐྱོད་པ་གཞོན་པ་དང་། ཅང་སུའུ་ཞིང་ཆེན་ཚོང་དོན་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ། ཏང་ཙུའུ་ཧྲུའུ་གཞོན་པ་བཅས་ཡིན། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་དུ་ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་ཀྱི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དཔོན་གཞོན་པ། ཅང་སུའུ་ཡིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་གྱི་བྱ་བའི་རུ་ཁག་གི་སྣེ་ཁྲིད་པ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།

རྒྱལ་ཁབ་ལ་རྒྱལ་ཁབ་ཞིག་གི་གྲོགས་ཚོམས་དང་། མི་སྒེར་ལ་མི་སྒེར་ཞིག་གི་གྲོགས་ཚོམས་ཡོད། མི་སྒེར་ལ་མཚོན་ནས་བཤད་ན། གྲོགས་ཚོམས་ནང་དུ་མི་གཞན་ལ་སེམས་ཁུར་གནང་མཁན་གྱི་གྲོགས་པོ་མང་པོ་ཡོད་ན། དེ་ནི་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་དོན་ཞིག་རེད། མཚོ་སྔོན་ལ་མ་ཡོང་བའི་སྔོན་དག་དག་ལ་བཱང་ཞན་ཏུང་གིས་ད་གཟོད་སྐད་འཕྲིན་བཀོལ་ཤེས་ནས་ཅང་འགོར་མེད། ཁོས་གྲོགས་ཚོམས་དུ་སྤྱིར་བཏང་གི་པར་འགའ་བསྐུར་བ་ལས་གཞན་ཅི་ཡང་བྱེད་ཀྱིན་མེད། མཚོ་སྔོན་ལ་ཡོང་བའི་རྗེས་སུ། རང་ཉིད་ཀྱི་འཁྲིས་སུ་བྱུང་བའི་དོན་དག་ངོ་མ་ཞིག་གིས་བཱང་ཞན་ཏུང་གིས་སྐད་འཕྲིན་གྱི་གྲོགས་ཚོམས་ལ་ངོས་འཛིན་གསར་བ་ཞིག་བྱས་པ་དང་བརྩེ་བ་གཞན་ལས་ལྷག་པ་ཞིག་སྐྱེས་བྱུང་།

དེ་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བའི་ཟླ་སྨད་ལ། ང་ཚོ་ཚོགས་པའི་སྐད་འཕྲིན་ཚོགས་པའི་ནང་ལས་གྲོགས་ཤིག་གིས་མཚོ་ལྷོའི་ཚགས་པར་གྱི་གནས་ཚུལ་ཞིག་བསྐུར་བ་འདི་ལྟ་སྟེ། ད་ལོ་ལོ་གསུམ་ལ་སོན་པའི་བོད་རིགས་བུ་མོ་དབྱངས་སྒྲོལ་ལ་སྟབས་མ་ལེགས་པར་ཀླད་སྐྱི་གཉན་ཚད་བྱུང་བ་དང་། ཁྱིམ་ཚང་ཧ་ཅང་དབུལ་བའི་རྐྱེན་གྱིས་ཚགས་པར་ཁང་གིས་གཅེས་སེམས་འབུལ་བའི་མི་སྣས་བུ་མོ་ཆུང་ཆུང་འདི་དཀའ་ངལ་ལས་ཐར་བར་རོགས་རམ་བྱེད་པའི་འབོད་སྐུལ་བཏང་འདུག སྐབས་དེར། བཱང་ཞན་ཏུང་གི་ལས་གྲོགས་ཚོ་མཚོ་སྔོན་དུ་ཡོང་ནས་ཟླ་གཉིས་ཀྱང་འགོར་མེད་པ་དང་། གནས་ཚུལ་འདི་ལ་ཚང་མས་སེམས་ཁུར་གནང་བཞིན་ཡོད། དེ་བས་ཚང་མས་མཉམ་གཅིག་ཏུ་ཐབས་བཀོད་འཐེན་ནས་བུ་མོ་ཆུང་ཆུང་འདི་ལ་རོགས་རམ་བྱེད་འདོད་ཡོད་ཚུལ་བསྟན། རུ་མི་ཚོས་རང་གི་ཕ་ཡུལ་གཉིས་པའི་བུ་མོ་ཆུང་ཆུང་འདི་ལ་རོགས་རམ་བྱེད་འདོད་ཀྱི་བརྩེ་སེམས་མཐོང་བ་ན། ཁོང་ཚོའི་སྣེ་ཁྲིད་པ་ཡིན་པའི་ཆ་ནས་བཱང་ཞན་ཏུང་གི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་པ་དང་། ཚོགས་པའི་ནང་དུ་བྱམས་དང་སྙིང་རྗེས་ཁེངས་པའི་ཁོངས་མི་མང་པོ་ཞིག་ཡོད་པས་ང་ཚོ་དཔུང་སྡེ་འདིའི་སྣེ་ཁྲིད་རྒྱུ་ཤིན་ཏུ་སླ་ལ། དཀའ་ངལ་ལ་ཁ་གཏོད་པའི་ནུས་པ་ལྡན་པར་ཁོ་རང་ཡིད་ཆེས་ཡོད་ཟེར།

ཉིན་གཉིས་པར་བཱང་ཞན་ཏུང་དང་རུ་མི་ཚོ་ཚགས་པར་ཁང་གི་འགོ་གཙོ་དང་མཉམ་དུ་སྨན་ཁང་ནང་ལ་སོང་ནས་བུ་མོ་དབྱངས་སྒྲོལ་ལ་མཚམས་འདྲི་བྱས་པ་དང་།  བུ་མོ་ཆུང་ཆུང་དབྱངས་སྒྲོལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། རུ་མིས་སྔོན་ལ་སྐད་འཕྲིན་བརྒྱུད་དེ་ཅང་སུའུ་ཡི་གྲོགས་ཚོམས་ནང་དུ་མཚོ་ལྷོའི་ཚགས་པར་གྱི་གནས་ཚུལ་སྤེལ་ཏེ། ཅང་སུའུ་ཡི་གྲོགས་པོ་ཚོས་ཞལ་འདེབས་འབུལ་བར་རེ་བ་བྱས། དེ་ནས་ཅང་སུའུ་དང་མཚོ་སྔོན་ས་ཁུལ་གཉིས་བར་དུ་གཅེས་སེམས་འབུལ་མཁན་གྱི་མི་དེ་དག་ཡོད་པས། མཉམ་གཅིག་ཏུ་ངོ་མི་ཤེས་པའི་བོད་རིགས་བུ་མོ་དབྱངས་སྒྲོལ་ངོ་ཤེས་ཏེ། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་འབྲི་བཞིན་ཡོད།

བུ་མོ་དབྱངས་སྒྲོལ་ནི་འབྲོག་ཁུལ་དུ་སྐྱེས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་གི་བུ་མོ་ཡིན་པ་དང་། སྟབས་མ་ལེགས་པར་ཀླད་སྐྱིའི་གཉན་ཚད་བྱུང་། ཁོ་མོར་ནད་བཅོས་བྱེད་ཆེད། ཁྱིམ་ཚང་ཧ་ཅང་དབུལ་བོར་བཏང་། བུ་མོ་ཆུང་ཆུང་དབྱངས་སྒྲོལ་ལགས། ཁྱེད་རང་སྐྲག་མི་དགོས། ངུ་མི་དགོས། སྐབས་འདིར། ཁྱེད་རང་གི་ཕ་མ་དང་གཉེན་ཉེ་ཚང་མས་ཁྱེད་རང་སེམས་ལ་ཐོགས་ཡོད་པར་མ་ཟད། ད་དུང་རྒྱང་རིང་གི་གཉེན་ཉེ་མང་པོ་ཞིག་གིས་ཀྱང་ཁྱེད་རང་སེམས་ལ་ཐོགས་ཡོད་ཞེས་རུ་མི་ཞིག་གིས་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། རྒྱང་རིང་གི་གཉེན་ཉེ་ཚོ། ཁྱེད་ཚོས་བུ་མོ་ཆུང་ཆུང་དབྱངས་སྒྲོལ་ངོ་མི་ཤེས་ཀྱང་སྲིད་མོད། འོན་ཀྱང་ཁོ་མོར་ནད་ཀྱིས་གཙེས་པ་ཤེས་རྗེས། ཁྱེད་ཚོ་ནི་དབྱངས་སྒྲོལ་ལ་སེམས་ཁུར་བྱེད་མཁན་གྱི་རྒྱང་རིང་གི་གཉེར་ཉེར་གྱུར། ཁྱེད་ཚོའི་རྣམ་དག་གི་བརྩེ་སེམས་རེ་རེ་ལ་བརྟེན་ནས་སྒོར་མོ་ཁྲི་གཉིས་དང་སྟོང་གཉིས་ཉིས་བརྒྱ་གོ་དགུ་ལྷག་གི་ཞལ་འདེབས་འདུས་པ་དང་། བུ་མོ་དབྱངས་སྒྲོལ་ལ་དུས་ལྟར་སྨན་བཅོས་བྱེད་ཐུབ་པ་བྱུང་། བུ་མོ་དབྱངས་སྒྲོལ་བདེ་ཐང་ཡོང་བ་དང་། རྗེས་ཕྱོགས་ནར་སོན་རྗེས། ཁོ་མོ་དང་ཁོ་མོའི་མིང་སྲིང་ཚོའི་སྙན་འཇེབས་གླུ་སྐད་ཀྱིས་རྒྱང་རིང་གི་གཉེན་ཉེ་སྤུན་ཟླ་རྣམས་ལ་བཀའ་དྲིན་ཞུ་སྲིད་ཟེར།

བཱང་ཞན་ཏུང་གིས་ཀྱང་གྲོགས་ཚོམས་ལས་བུ་མོ་ཆུང་ཆུང་དབྱངས་སྒྲོལ་གྱི་གནས་ཚུལ་མུ་མཐུད་དུ་སྤེལ་བ་དང་། ཞལ་འདེབས་འབུལ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། ཉིན་གཉིས་གསུམ་གྱི་རིང་ལ་ཚང་མས་སྒོར་མོ་ཁྲི་འགའ་ཞལ་འདེབས་སུ་ཕུལ། བཱང་ཞན་ཏུང་གི་སློབ་གྲོགས་ཤིག་གིས་གནས་ཚུལ་དེ་གོ་རྗེས། རང་འགུལ་སྒོས་ཅང་སུའུ་བྱིས་པའི་ཐེབས་རྩར་འབྲེལ་འདྲིས་བྱས། བྱིས་པའི་ཐེབས་རྩའི་ལས་བྱེད་མི་སྣས་ཐིན་ཞོན་སྤྱི་ཕན་དང་མཉམ་ལས་བྱས་ཏེ། དུས་ཡུན་ཐུང་ཐུང་ཞིག་གི་ནང་། ཐིན་ཞོན་སྤྱི་ཕན་གྱིས་ཡང་བསྐྱར་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཞལ་འདེབས་སྒོར་མོ་འབུམ་གཅིག་བསྡུས། གྲོགས་ཚོམས་ཀྱིས་བཱང་ཞན་ཏུང་ལ་སེམས་ཚོར་སྣ་ཚོགས་བྱུང་དུ་བཅུག གཅེས་སེམས་དེ་གྲོགས་ཚོམས་ལས་མྱུར་མོར་རྒྱ་མཆེད་དུ་སོང་བ་དང་། གྲོགས་ཚོམས་ལས་གཅེས་སེམས་ཀྱིས་ཕྱུག་པའི་མི་ཚང་མ་སྐབས་དེར་རང་ཉིད་ཀྱི་གམ་དུ་ཡོད་པ་དང་མཚུངས་ཤིང་། སྐབས་དེར་བཱང་ཞན་ཏུང་གིས་ད་གཟོད་གྲོགས་ཚོམས་ཀྱི་དོན་སྙིང་ངོ་མ་རྟོགས་ཟེར།

བསམ་ཡུལ་འདས་པ་ཞིག་ནི་གཅེས་སེམས་ཀྱིས་གཏམས་པའི་གྲོགས་ཚོམས་ལས་གྲོགས་པོ་ཇེ་མང་དུ་སོང་བའི་རྐྱེན་གྱིས་དོན་དག་དེའི་འཕྲོ་ནས་ང་ཚོར་ཅང་སུའུ་ཞིང་ཆེན་གྱི་གྲོགས་པོ་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ། ང་ཚོའི་གྲོགས་ཚོམས་ལས་ཀྱང་གཏམ་རྒྱུད་སྔར་ལས་ཇེ་མང་ནས་ཇེ་མང་དུ་སོང་། དེའི་རྗེས་ནས་བཱང་ཞན་ཏུང་དང་རུ་མི་ཚོའི་གྲོགས་ཚོམས་སུ་སྨན་པའི་རུ་ཁག་གིས༼འོད་ཟེར་ལམ་དུ་བསྐྱོད་པའི་གཏམ་རྒྱུད༽ཞིག་སྤེལ་བ་དང་། གཅེས་སེམས་ལྡན་པའི་ཁེ་ལས་ཀྱིས་ང་ཚོའི༼སེམས་པ་མཚོ་སྔོན་ལ་ཕྱོགས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་བྱུང་ཡོད་པའི་བྱིས་པར་རོགས་སྐྱོར་བྱེད་པའི་གཏམ་རྒྱུད༽ཞིག་ཀྱང་སྤེལ།

ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་ལ། གྲོགས་ཚོམས་ལས་གྲགས་འགུལ་ཅི་ཡང་མེད་པའི་གྲོགས་པོ་ཞིག་གིས་བཱང་ཞན་ཏུང་ལ་ཁ་པར་ཐོན་ཏེ། ཁོས་ཁེ་ལས་གཉེར་བཞིན་པའི་བཟའ་ཟླ་གཉིས་དང་ངལ་གསོའི་ཚུལ་གྱིས་ཁ་བརྡ་གློད་པའི་སྐབས་སུ་མཚོ་སྔོན་གླེང་བ་དང་། ཁྱེད་ཚོའི་དོན་དག་ཐོས་བྱུང་ཟེར། ཁེ་ལས་འདི་ལ་ཐེབས་རྩ་ཚོགས་པ་ཞིག་ཡོད་པ་དང་། ཁོ་ཚོས་མཚོ་ལྷོ་ཁུལ་གྱི་དཀའ་ངལ་ཆེ་བའི་མང་ཚོགས་ལ་རོགས་རམ་བྱེད་འདོད་པའི་བསམ་ཚུལ་བསྟན། དེ་ནས་བྰང་ཞན་ཏུང་མྱུར་མོར་ཁེ་ལས་དེའི་ཐེབས་རྩ་ཚོགས་པའི་འགན་ཁུར་མི་སྣ་དང་མཇལ། བཱང་ཞན་ཏུང་གི་སློབ་གྲོགས་དང་ཐེབས་རྩ་ཚོགས་པའི་ལག་རོགས་པས་བཱང་ཞན་ཏུང་དང་རུ་མི་ཚོའི་མཚམས་སྦྱོར་ལ་ཉན་རྗེས། སེམས་ཐག་ཆོད་པའི་ངང་ནས་ཁོ་ཚོའི་ཁེ་ལས་ཀྱིས་སྟོབས་ཤུགས་ཕུལ་ནས་ཁྱེད་ཚོས་སྔར་ལས་མང་པོའི་དཀའ་ངལ་ཅན་གྱི་མི་ལ་རོགས་རམ་བྱེད་དུ་འཇུག་འདོད་ཅེས་བཤད་པ་དང་། ཁོ་མོས་སྒོར་མོ་འབུམ་ལྔ་བཏང་བ་དང་། ལྷན་སྐྱེས་སུ་སྙིང་ནད་བྱུང་ཡོད་པའི་བྱིས་པ་བཅུར་བདེ་བླག་གིས་གཤགས་བཅོས་བྱས་ཤིང་། རྒན་པོ་བརྒྱ་ལྷག་གི་མིག་གིས་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་བྱས།

འདི་ནི་བཱང་ཞན་ཏུང་གི་གྲོགས་ཚོམས་ཡིན་པ་དང་། འདི་རུ་བཱང་ཞན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད་མང་པོ་སྤེལ་ཡོད། ཁྲིམས་རྩོད་པ་ཞིག་དང་བཱང་ཞན་ཏུང་གཉིས་ཀྱིས་ངོ་གཏན་ནས་མི་ཤེས། ཡིན་ཡང་། གྲོགས་ཚོམས་གཅིག་ཏུ་ཡོད་པས། ཁོ་མོས་ང་ལ་རང་འགུལ་གྱིས་སྐད་ཞིག་བཞག་འདུག ཁོ་མོས་ངས་སྤེལ་བའི་གཏམ་རྒྱུད་དེ་མཐོང་བས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱིས་པ་རྣམས་ལ་བྱ་བ་ཞིག་བསྒྲུབ་འདོད་ཟེར། དེའི་རྗེས་ནས་སློབ་གྲྭ་འཐད་པ་བྱུང་བ་བརྒྱུད། མཚོ་སྔོན་པོའི་འགྲམ་གྱི་ཞང་ཞིག་གི་སློབ་ཆུང་ཞིག་ལ་སློབ་གྲྭའི་གྱོན་ཆས་ཆ་ཚང་སུམ་བརྒྱ་བྱིན།

ད་དུང་དེ་ལས་ཀྱང་ཁྱད་དུ་འཕགས་པའི་གཏམ་རྒྱུད་ཅིག་ཡོད་དེ། དེ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་གནས་སྐོར་བ་ཤིན་ཏུ་མང་བས་འདུག་སའི་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱིན་མེད་པའི་གནད་དོན་ཞིག་བྱུང་། དེ་ལས་བཱང་ཞན་ཏུང་གིས་རང་ཉིད་ཀྱི་བསམ་ཚུལ་ཞིག་བྲིས་པ་འདི་ལྟ་སྟེ། ཕྱོགས་ཡོངས་ཀྱི་གྲོགས་པོ་རྣམ་པ། གུང་ཧོ་ས་ཆར་ཡོང་ནས་མགྲོན་ཁང་ལས་པའི་ཐད་མ་དངུལ་གཏོང་རོགས་ཞེས་པ་ཞིག་སྤེལ། མཐའ་མར་ཉིན་དེའི་དགོང་མོར་གྲོགས་པོ་ཞིག་གིས་བཱང་ཞན་ཏུང་་ལ་ཁ་པར་ཐོན་བྱུང་། ཁོས་བཤད་རྒྱུར། ངའི་གྲོགས་ཚོམས་སུ་སྤེལ་བའི་བརྡ་འཕྲིན་དེ་ཅང་སུའུ་ཞིང་ཆེན་གྱི་ནུས་པ་ཆེན་པོ་ལྡན་པའི་དངུལ་གཏོང་ཁེ་ལས་ཞིག་དང་མཉམ་རོལ་བྱས་པ་དང་། ཕ་རོལ་པོས་དུས་དང་རྣམ་པ་ཀུན་ཏུ་ནུབ་རྒྱུད་ས་ཁུལ་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ད་དུང་བརྡ་འཕྲིན་དེར་སྤྲོ་སྣང་ཡོད་པའི་བསམ་པ་བསྟན་ཟེར། དེའི་འཕྲོར་ཁེ་ལས་དེའི་མི་སྣ་ཐེངས་འགར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་ཡུལ་དངོས་ནས་གནས་ཚུལ་ལ་རྟོག་དཔྱོད་བྱས་པ་དང་། ད་དུང་མགྲོན་ཁང་དང་འབྲེལ་བའི་དངོས་སྐྱེལ་ར་བར་མ་དངུལ་གཏོང་བའི་ལས་གཞིའི་འཆར་འགོད་དང་ཇུས་འགོད་རི་མོ་ཡང་བཟོས། ངས་ཅི་ཡང་ནུས་པའི་གྲོགས་ཚོམས་ལ་སེམས་ཚོར་སྣ་ཚོགས་ཤིག་ཀྱང་སྐྱེས། དབུལ་སྐྱོར་མཁྲེགས་གཏོར་ནི་ཆེས་ཆེ་བའི་དམངས་ཚིས་ལས་གཞི་ཡིན་པ་དང་། དེ་ལ་སྲིད་གཞུང་གི་སྣེ་ཁྲིད་མཁོ་ཞིང་། སྤྱི་ཚོགས་ཡོངས་མཉམ་ཞུགས་ཀྱང་བྱེད་དགོས་ལ། གྲོགས་ཚོམས་དེ་ལས་མཁོ་བ་རེད། མི་ལ་ལས་བཤད་ན། ངའི་གྲོགས་ཚོམས་སུ་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱེད་བཞིན་འདུག་ཟེར། དེ་ནི་ངའི་གྲོགས་ཚོམས་ཀྱི་གྲོགས་པོ་ཚོས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲོད་ཁོལ་བསྩལ་བ་དང་། སྐུལ་མ་གནང་ལ། རྒྱབ་སྐྱོར་བྱས་ཡོད་པའི་རྐྱེན་ཡིན། ང་ཚོའི་རུ་མི་ཞིག་ལ་གྲོགས་པོའི་རྒྱབ་སྐྱོར་བརྒྱུད་དེ་ས་གནས་སྲིད་གཞུང་གིས་བཙུགས་པའི་གཅེས་སེམས་སློབ་གསོའི་ཐེབས་རྩའི་རོགས་སྐྱོར་ཐོབ་པ་དང་། མ་དངུལ་སྒོར་མོ་ས་ཡ་གཉིས་ཀྱི་ཞལ་འདེབས་ཐོབ། གྲོགས་པོའི་རྒྱབ་སྐྱོར་མེད་ན། ང་ཚོའི་དབུལ་སྐྱོར་སྤྱི་ཕན་བྱ་འགུལ་འདི་རྒྱུན་མཐུད་ཐབས་མེད་པ་རེད།

ལོ་གཉིས་འགོར་སོང་། སྐད་འཕྲིན་ཚོགས་པ་ཞིག་གིས་འབད་བརྩོན་ནས་ཁེ་ལས་ཞིག་གིས་རོགས་སྐྱོར་ཐོབ་པ་དང་། དེ་ནས་སྨན་པས་ཡོད་ཚད་ཕུལ་བར་བརྟེན་ནས་ད་ལྟ་ཅང་སུའུ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་སྡེ་ཁག་འགས་མཉམ་ལས་བྱས་པ་དང་། སྨན་ཁང་མང་པོ་ཡང་མཉམ་དུ་བྱ་འགུལ་འདིའི་ཁྲོད་ཞུགས་པ་དང་།  ཐ་ན་ཐེབས་རྩ་ཚོགས་པ་མང་པོས་རྒྱབ་སྐྱོར་བྱས་པས་བཱང་ཞན་ཏུང་དང་ཁོའི་རུ་མི་ཚོས་དོན་ངོ་མའི་ཐོག་ནས་བྱམས་བརྩེའི་སྟོབས་ཤུགས་ཆེན་པོ་དེ་རྟོགས་བྱུང་། བཱང་ཞན་ཏུང་གིས་ད་ལྟ་ང་རང་ལ་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་། དེ་དྲོད་ཁོལ་གྱིས་ཁེངས་པའི་ངའི་གྲོགས་ཚོམས་འདི་དང་གཏན་ནས་འབྲེལ་ཐབས་མེད་པར་གྱུར། ཁྱེད་ཚོར་བཀའ་དྲིན་ཆེ། ངའི་གྲོགས་ཚོམས་དུ་ཁྱེད་ཚོ་ཡོད་པ་ལ་སྙིང་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།

                                                                                                           ལོ་ཙཱ། ཚེ་རིང་སྒྲོལ་མ།