རྒྱལ་ཁབ་ཀྱི་དྲིན་ལན་ཚོར་ཞིང་དམངས་ལ་བློ་སེམས་དཀར་པོའི་སྨན་པ་བཟང་བོ་ཞིག
2019.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

གཤག་བཅོས་བྱེད་བཞིན་པའི་སྨན་པ་བུའུ་མིན་ཁྲའོ།

དེ་རིང་གི“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི”ཞེས་པའི་ཚན་པའི་ནང་དུ་ཚང་མར་ལོ་ངོ་བདུན་ཅུའི་རིང་སྨན་པའི་ལས་རྐང་ནས་བྱ་བ་བསྒྲུབས་པའི་སྨན་པ་ཞིག་མཚམས་སྦྱོར་བྱེད། ཁོས་གཤག་བཅོས་སྟེགས་བུ་ནི་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྟེགས་བུ་ཞིག་ཏུ་བརྩིས་ཡོད། ཁོས་ཀྲུང་གོའི་མཆིན་མཁྲིས་ཕྱི་ནད་ཚན་ཁག་གསར་གཏོད་བྱས་ལ། འཛམ་གླིང་གསོ་རིག་ཁྱབ་ཁོངས་ཀྱི་ཨང་དང་པོ་མང་པོ་ཞིག་གསར་སྐྲུན་བྱས། ཁོ་ནི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚན་རྩལ་བྱ་དགའ་ཐོབ་མཁན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་བུའུ་མིན་ཁྲའོ་རེད།

གཤག་བཅོས་སྟེགས་བུའི་སྟེང་ལངས་རྗེས། ལོ་གོ་བདུན་ཡིན་པའི་བུའུ་མིན་ཁྲའོ་ཡི་མིག་ལ་སྟོབས་ཤུགས་ཀྱིས་ཁེངས་ཡོད་པ་དང་། རྐེད་པ་འདྲོང་བོ་བྱས་ཡོད། གཤག་བཅོས་ཀྱི་སྐམ་པ་བཟུང་བའི་ལག་ཟུང་དེས་དེ་སྔོན་ནད་པ་ཁྲི་གཅིག་དང་སྟོང་དྲུག་ལྷག་འཆི་བདག་གི་ཁ་ནས་བསྐྱབ་པ་དང་། ད་ལྟ་ད་དུང་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་ཡོད། དུས་ཚོད་སྐར་མ་བཞི་བཅུའི་རིང་གཤག་བཅོས་གཙོ་བོ་མཇུག་སྒྲིལ། འོན་ཀྱང་། བུའུ་མིན་ཁྲའོ་ཡིས་སྔར་བཞིན་རང་ཉིད་ཀྱི་གོམས་སྲོལ་ལྟར། ལས་རོགས་སྨན་པའི་སྨན་བཅོས་སྒྲིག་ཆས་ཁ་ཚང་བར་བརྩི་བ་དང་། ནད་པའི་རྨ་ཁ་བཙེམ་རྗེས་ད་གཟོད་སེམས་བདེ་བའི་ངང་ཕྱིར་འགྲོ་བ་རེད།

གཤག་བཅོས་ཚར་རྗེས་བཅར་འདྲི་དང་ལེན་བྱེད་བཞིན་པ།

གཤག་བཅོས་ཚར་མ་ཐག བུའུ་མིན་ཁྲའོ་ནད་ཁང་དུ་སོང་། ཁོ་རང་སྐྲན་ནད་གཤག་བཅོས་ལ་བྱང་ཆ་ཆེན་པོ་ལྡན་པ་དང་། ནད་པར་གཤག་བཅོས་བྱེད་སྐབས་ལྷོད་ཤ་དོད་ཅིང་ཞིབ་ཚགས་ཡིན་པ་རེད། དུས་རྒྱུན་ནད་པའི་ལག་པར་འཇུས་ཏེ་གདོང་ལ་འཛུམ་གྱིས་ཁེངས་ནས་ཁ་བརྡ་བྱེད་པ་ནི་སྨན་པ་བུའུ་མིན་ཁྲའོ་ཡི་ཆེས་སྤྱིར་བཏང་གི་བྱ་སྤྱོད་རེད།

བུའུ་མིན་ཁྲའོ་ཡི་ཁྱིམ་དུ། གསར་འགོད་པས་ཁོང་གི་ཉིན་ཐོ་སྐོར་ཞིག་མཐོང་བ་དང་། འདི་ནི་ཐེངས་དང་པོར་གསར་འགྱུར་སྨྱན་བྱད་ལས་རིགས་ལ་བསྟན་པ་རེད། ལོ་དགུ་བཅུ་ལོན་རྗེས། སྨན་པ་བུའུ་མིན་ཁྲའོ་ཡིས་གླེང་གཞིའི་སྐད་ཆ་དང་པོ་ནི་དེ་རིང་གི་འགན་འཁྲི་སྔར་བཞིན་ལྕི་ཞེས་པ་དེ་རེད།

རྒྱལ་ཁབ་ཀྱི་ཆེད་དུ་བྱ་བ་བསྒྲུབ་རྒྱུ་ནི་བུའུ་མིན་ཁྲའོ་ཡི་མི་ཚེའི་དམིགས་ཡུལ་རེད། 1927ལོར། ལོ་ལྔ་ཡིན་པའི་བུའུ་མིན་ཁྲའོ་ཁྱིམ་མི་དང་ལྷན་དུ་མཱ་ལེ་ཞི་ཡ་རུ་གཞི་སྡོད་བྱས། སློབ་འབྲིང་མཐར་ཕྱིན་སྐབས། ཁོ་དང་སློབ་གྲོགས་རྣམས་ཀྱིས་རང་འགུལ་སྒོས་འཛོམས་སྟོན་གྱི་གྲོན་དངུལ་ཡན་ཨན་ལ་འཇར་འགོག་བྱེད་པར་ཕུལ་བ་དང་། ཡན་ཨན་ཕྱོགས་ནས་མའོ་ཙེ་ཏུང་དང་ཀྲུའུ་ཏེ་ཡི་མིང་སྟེང་ནས་ཁོ་ཚོར་བཀའ་དྲིན་ཞུ་བའི་གློག་འཕྲིན་བཏང་། བུའུ་ཁྲིན་ཁྲའོ་ཡི་སེམས་སུ་བག་ཆགས་ཟབ་མོ་བཞག 1940ལོའི་དཔྱིད་ཀར། ལོ་བཅོ་བརྒྱད་ཡིན་པའི་བུའུ་མིན་ཁྲའོ་ཡིས་ཕྱིར་མེས་རྒྱལ་དུ་ལོག་རྒྱུ་ཐག་བཅད།

1949ལོར་ཀྲུང་གོ་གསར་བ་དབུ་བརྙེས་སྐབས། བུའུ་མིན་ཁྲའོ་སློབ་ཆེན་མཐར་ཕྱིན་པ་དང་། དངོས་སུ་སྨན་པ་ཞིག་ཏུ་གྱུར། སྐབས་དེར་རང་རྒྱལ་དུ་མཆིན་པའི་སྐྲན་ནད་འབྱུང་ཚད་མཐོ་ལ། སྔོན་འགོག་གི་འདུ་ཤེས་མེད་པས། བུའུ་མིན་ཁྲའོ་ཡིས་མཆིན་པའི་ཕྱི་ནད་ཚན་ཁག་གི་ཁྱབ་ཁོངས་སུ་འབད་བརྩོན་བྱས། ཐེངས་མང་པོར་བེམ་པོ་གཤག་དཔྱད་བྱེད་པའི་ཚོད་ལྟ་བྱས་པ་བརྒྱུད། བུའུ་མིན་ཁྲའོ་སོགས་མི་གསུམ་གྱི་ཚན་ཆུང་གིས་ཐོག་དང་པོར་མཆིན་པའི་གྲུབ་ཚུལ་གཞུང་ལུགས་ཅིག་བཏོན་པ་དང་། ནད་བཅོས་ཐག་གཅོད་བྱེད་པའི་ཐབས་བཀོད་རྙེད། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་དང་བདུན་བཅུའི་སྐབས། བུའུ་མིན་ཁྲའོ་ཡིས་ཐོག་དང་པོར་རང་རྒྱལ་གྱི་མཆིན་པའི་སྐྲན་ནད་ལེན་པའི་གཤག་བཅོས་བྱ་བ་ཡོངས་འགྲུབ་བྱས་པ་དང་། འཛམ་གླིང་སྟེང་གི་མཆིན་པར་གཤག་བཅོས་སོགས་ཨང་དང་པོ་མང་པོ་བླངས་པས། རང་རྒྱལ་གྱི་མཆིན་པའི་སྐྲན་ནད་གཤག་བཅོས་ལེགས་འགྲུབ་འབྱུང་ཚད་བརྒྱ་ཆའི་ལྔ་བཅུ་ལ་མི་ཐོན་པ་ནས་བརྒྱ་ཆའི་དགུ་བཅུའི་ཡན་ལ་སླེབས་སུ་བཅུག་པས། རྒྱལ་སྤྱིའི་གསོ་རིག་ཁྱབ་ཁོངས་སུ་མིང་དུ་གྲགས་པ་རེད། བུའུ་མིན་ཁྲའོ་ཡིས་བཤད་རྒྱུར། རང་ཉིད་ཀྱིས་ནད་པ་སྲོག་སྐྱོབ་བྱེད་པར་ཚད་བཀག་ཡོད། དེ་རྒྱུད་འཛིན་དང་གསོ་སྤེལ་བྱེད་རྒྱུ་ནི་མིག་སྔར་ཆེས་དམ་འཛིན་བྱེད་དགོས་པའི་བྱ་བ་ཞིག་རེད་ཟེར།

ལོ་ངོ་བདུན་ཅུའི་རིང་ལ་སྨན་བཅོས་ལས་རྐང་ནས་བྱ་བ་བསྒྲུབས་པ་དང་། བུའུ་མིན་ཁྲའོ་ཡིས་སྔ་རྗེས་སུ་ཞིབ་འཇུག་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མ། འབུམ་རམས་ཕྱི་ཚར་སློབ་མ་སུམ་བརྒྱ་ལྷག་སྐྱེད་སྲིང་བྱས། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚན་རྩལ་བྱ་དགའ་ཐོབ་རྗེས། བུའུ་མིན་ཁྲའོ་ཡིས་བྱ་དགའི་དངུལ་ས་ཡ་དྲུག་དེ་ལས་ཁུངས་ལ་བྱིན་ནས་འཇོན་མི་གསོ་སྐྱོང་བྱེད་དུ་བཅུག་པ་དང་། ལོ་དགུ་བཅུར་ཐོན་རྗེས་ཁོས་ད་དུང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་མཆིན་པའི་སྐྲན་ནད་ཚན་རིག་ལྟེ་གནས་བཙུགས།

ལོ་ཙཱ་བ། ཤ་བོ་རིན་མཚོ།