དཀོན་མཆོག་ནོར་བུ་དང་ཁོའི་དབུལ་སྐྱོར་རེ་འདུན།
2019.04.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 168

དཀོན་མཆོག་ནོར་བུས་སྡོད་ཁང་འཛུགས་སྐྲུན་ལ་ལྟ་ཞིབ་བྱེད་བཞིན་པ།


དཀོན་མཆོག་ནོར་བུས་ཞིང་པའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་དཀོན་མཆོག་ནོར་བུ་ཟེར་བའི་ཀྲིན་ཀྲང་འཇོན་ཐང་ཅན་ཞིག་ཡོད་ཟེར་བའི་གཏམ་ནི་དེ་སྔ་ནས་གོ་མྱོང་ཡང་། ཀྲིན་ཀྲང་དཀོན་མཆོག་ནོར་བུར་དངོས་སུ་འཕྲད་དུས་ནི་ཟླ་བཞི་བའི་ཚེས་དགུ་ཉིན་གྱི་ཕྱི་དྲོ་ཡིན། ཁོ་དང་གླེང་མོ་བྱེད་དུས་སྨྲ་ལྕེ་དག་པ་དང་སྲིད་ཇུས་ཀྱི་ཤེས་བྱ་མ་ལུས་ལ་ཐོགས་པ་མེད་པ། འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་སོ་སོའི་གནས་ཚུལ་ཁོང་དུ་ཆུད་པ། ཐ་ན་གྲངས་ཀ་རེ་རེ་མ་ནོར་བར་གང་དྲིས་དེ་ལ་ལན་ཆུ་བཞུར་བཞུར་དུ་འདེབས་ཐུབ་པ་དེས་ཁོ་བོར་ཟེར་སྒྲོས་ཙམ་མ་ཡིན་པར་ཀྲིན་ཀྲང་དཀོན་མཆོག་ནོར་བུ་ནི་དངོས་གནས་འཇོན་ཐང་ཅན་ཞིག་ཡིན་པའི་བག་ཆགས་ཟབ་མོ་བཞག་སོང་།

དཀོན་མཆོག་ནོར་བུ་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྒྱོམ་སྡེ་བ་ནས་འཚར་ལོངས་བྱུང་ཞིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་ནས་མཐར་ཕྱིན་རྗེས། ཁོས་སྔ་གཞུག་ཏུ་ཁྲི་ཀ་རྫོང་ཆུ་ཁོལ་མགྲོན་ཁང་དང་ལྷ་ཁང་ཐང་ཞང་། ཁྲི་ཀ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་ལུགས་ལས་དོན་ཅུའུ། ཞིང་ཕྱུགས་ཅུའུ་སོགས་སུ་ལས་ཀ་བསྒྲུབས་ཤིང་། ད་ལྟ་འཕྲང་དམར་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲིན་ཀྲང་གི་འགན་ཁུར་ཡོད།

འཕྲང་དམར་ནི་མཚོ་ལྷོ་ཁུལ་ཡོངས་ཀྱི་གཅིག་བསྡུས་ཡུག་འབྲེལ་དབུལ་སྐྱོར་འགག་སྒྲོལ་ས་ཁུལ་གཉིས་ཀྱི་གྲས་སུ་གཏོགས་ཤིང་། འཕྲང་དམར་གྱི་ས་རྒྱས་ཁྲི་ཀ་རྫོང་གི་སུམ་ཆའི་གཅིག་ཟིན་པ་དང་། རང་བྱུང་ཁོར་ཡུག་ཞན་པ་དང་དབུལ་ཕོངས་ཀྱི་ཚད་མཐོ་བས་དབུལ་སྐྱོར་གྱི་ལས་འགན་ཧ་ཅང་ལྕི། 2015ལོར་དཀོན་མཆོག་ནོར་བུ་ཁྲི་ཀ་རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡིན་དུས་རྩ་འཛུགས་ཀྱིས་མངགས་བཀོད་ལྟར་འཕྲང་དམར་གྲོང་རྡལ་གྱི་དར་ལུང་སྡེ་བར་ཧྲུའུ་ཅི་དང་པོའི་འགན་ཁུར། དེའི་རིང་དུ་ཁོས་གནད་འཁེལ་དབུལ་སྐྱོར་བྱ་བ་རབ་དང་རིམ་པ་བསྒྲུབས་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང་རྩ་འཛུགས་ཀྱིས་ཁས་ལེན་བྱས། 2016ལོའི་ཟླ་དགུ་བར་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཀྲིན་ཀྲང་གི་འགན་ཁུར་ཞིང་། ཁྱོན་ཡོངས་ནས་འཕྲང་དམར་གྱི་དབུལ་ཕོངས་མི་གྲངས་སྡོམ་རྩིས་འགོད་པ་དང་། གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་གོམ་གང་མདུན་སྤོས་ཀྱིས་སྐུལ་སྤེལ་གཏོང་ཆེད། ཁོས་གྲོང་རྡལ་གྱི་ལས་བྱེད་མི་སྣ་དང་དབུལ་སྐྱོར་བྱ་བའི་ཚོ་ཆུང་ཁྲིད་དེ་འཕྲང་དམར་གྲོང་རྡལ་དུ་དབུལ་ཕོངས་སྡེ་བ་ཉེར་གསུམ་མིང་ཐོར་བཀོད་ཅིང་ཡིག་ཚགས་བཟོས་པར་མ་ཟད། དེའི་ཁྲོད་གནད་སའི་དབུལ་ཕོངས་སྡེ་བ་བདུན་གཏན་འཁེལ་བྱས་ཤིང་། འབྲོག་པའི་རྩྭ་ཐང་དང་རོང་པའི་ཞིང་ཁ་སོགས་སུ་ཕྱིན་ཏེ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

ང་ཚོ་བཅར་འདྲི་ཚན་ཆུང་འཕྲང་དམར་གྲོང་རྡལ་གྱི་སྒྲིག་ལམ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཡོན་ཡེ་ཡི་འགྲོ་རོགས་འོག་འཕྲང་དམར་གྲོང་རྡལ་གྱི་སྡེ་བ་འགའ་ལ་བཅར་འདྲིར་ཕྱིན་པ་ཡིན། ལམ་ནས་འགྲོ་ཞོར་དུ་ང་ཚོས་ཀྲིན་ཀྲང་དཀོན་མཆོག་ནོར་བུའི་སྐོར་གླེང་དུས། ལི་ཡོན་ཡེ་ཡིས“ང་ཚོའི་ཀྲིན་ཀྲང་ནི་འཕྲང་དམར་རང་ས་རང་ཡུལ་ནས་སྐྱེས་པ་ཡིན་པས། ཁོར་འཕྲང་དམར་ས་ཆར་ཆ་རྒྱུས་ཟབ་མོ་ཡོད། ཁོས་ཀྲིན་ཀྲང་གི་འགན་ཁུར་པ་ནས་གཞུང་གི་བྱ་བ་དེ་ནམ་ཡང་གཙོ་བོར་འཛིན་པ་དང་། དབུལ་སྐྱོར་བྱ་བ་ཡིན་ནའང་འདྲ། རྩྭ་ས་རྩོད་གླེང་སོགས་གནད་དོན་གང་དང་གང་ལ་འཕྲད་ཀྱང་ཁོ་མི་ཐོན་ས་ཞིག་མེད། དེ་བས་ང་ཚོ་ལས་བྱེད་པ་ཀུན་དང་མང་ཚོགས་རྣམས་ཀྱིས་ཁོར་ཁས་ལེན་དང་བརྩི་བཀུར་ཆེན་པོ་བྱེད་པ་རེད”ཟེར། ང་ཚོ་རྒྱ་ཚ་སྡེ་བའི་རུ་བར་གྱི་ཨར་འདམ་བཏིངས་ཡོད་པའི་ལམ་དུ་སྐྱོད་དུས། མིག་ལམ་དུ་གྲལ་དག་ཅིང་གསར་དུ་བཞེངས་པའི་མཁར་གྱང་མཐོན་པོ་རེ་རེ་དང་ཤིང་སྒོ་བརྐོས་རིས་མ་དག་མིག་ལ་འཚང་ཡོང་ཞིང་། སྔོན་ཆད་ང་ཚོའི་རྨང་གཞིའི་སྒྲིག་བཀོད་ཟེར་ན་ཆུ་གློག་ལམ་གསུམ་ཙམ་ལ་གོ་བ་ཡིན་མོད། ད་ནི་ཆུ་གློག་ལམ་གསུམ་མ་ཟད་སྡོད་ཁང་གི་བཀོད་པ་ལེགས་ཤིང་དེང་རབས་འཕྲུལ་ཆས་སྣ་ཚོགས་ཁྱིམ་ཚང་ཕལ་མོ་ཆེར་ཡོད་པས། གནད་ཁེལ་དབུལ་སྐྱོར་གྱི་ཕན་འབྲས་ནི་ཞིང་ལ་འབྲུ་སྨིན་པ་བཞིན་ག་ས་གང་དུ་མཐོང་ཐུབ། དབུལ་ཕོངས་ལས་ཐར་ཞིང་ད་རུང་དབུལ་ཕོངས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་པའི་རྒྱ་ཚ་སྡེ་བའི་སྡེ་མི་གུ་རུ་རྡོ་རྗེ་ཡིས“ངེད་ཚང་གི་ཁང་པ་ལས་སྤྱད་ལ་གཞུང་ནས་སྒོར་མོ་ཁྲི་གཉིས་དང་སྟོང་ལྔ་བྱིན་པ་དང་། གཞན་མཁར་གྱང་དང་རྒྱ་སྒོ་སོགས་ནི་གཞུང་གིས་རིན་མེད་དུ་ལས་པ་ཡིན། ཁོ་ཚང་ལ་རྩྭ་སྲུང་བའི་ཟླ་ཕོགས་དང་ཁ་གསབ་སོགས་བསྡོམས་པས་ལོ་གཅིག་ལ་སྒོར་ཁྲི་གསུམ་ལྷག་སྟེར་བཞིན་ཡོད། ད་སྐབས་ཏང་གི་སྲིད་ཇུས་ངོ་མ་ཡག་གི”ཟེར། དེ་དག་ཀྱང་དཀོན་མཆོག་ནོར་བུའི་དབུལ་སྐྱོར་བྱ་བ་ཏན་ཏིག་ངང་བསྒྲུབས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་བཤད་མ་དགོས།

གསར་འགོད་པས་དཀོན་མཆོག་ནོར་བུ་ལ་དབུལ་སྐྱོར་ལམ་གྱི་དཀའ་ཁག་སྐོར་གླེང་དུས། ཁོས“འཕྲང་དམར་ས་ཁུལ་དུ་དབུལ་ཕོངས་སྡེ་བ་དང་དབུང་ཕོངས་མི་གྲངས་ཧ་ཅང་མང་བས། འཕྲང་དམར་གྱི་དབུལ་སྐྱོར་བྱ་བའི་ལས་འགན་ཧ་ཅང་ལྕི”ཟེར། ང་ཚོས་གླེང་མོལ་བྱེད་དུས་ཁོས་གསར་འགོད་པར་སྐད་ཆ་ཞིག་བཤད་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཁོས་ཟེར་རྒྱུར“ངས་ཀྱང་ཁོམ་སྐབས་རེ་བྱུང་ཚེ་རྒྱུན་པར་རྩོམ་རིག་བརྩམས་ཆོས་བཀླགས་པ་ཡིན་མོད། དེང་གི་སྒྲུང་གཏམ་ནང་བྲིས་པའི་ནང་དོན་མང་ཆེ་བ་ནི་གཞི་རིམ་གྱི་འཚོ་བ་དང་ཐག་རིང་བ་འབའ་ཞིག་སྟེ། རྩོམ་པ་པོ་རྣམས་ཀྱིས་མིག་སྔའི་འཚོ་བ་དངོས་འབྲི་ན་ཅིས་ཀྱང་རོང་འབྲོག་མང་ཚོགས་ཁྲོད་ཕྱིན་ནས་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གལ་ཆེ”ཟེར། དེ་ནི་ཉམས་མྱོང་ཅན་གྱི་འབེལ་གཏམ་རྨ་མེད་པ་ཞིག་ཡིན་པ་གདོན་མི་ཟའོ། །

ཀྲིན་ཀྲང་དཀོན་མཆོག་ནོར་བུས་གནད་ཁེལ་དབུལ་སྐྱོར་བྱ་བ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་སྲུང་ཡིན་པ་གསལ་པོར་རྟོགས་ཏེ། འཕྲང་དམར་ས་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་བྱ་བ་མགྱོགས་མྱུར་ངང་སྤེལ་ཞིང་། དབུལ་སྐྱོར་མ་དངུལ་དང་ཐོན་ཁུངས་གནད་སའི་སྟེང་སྤྱད་པས་མང་ཚོགས་ལ་ཡོང་སྒོ་འཕར་བའི་ཐོན་ལས་མངོན་འགྱུར་བྱུང་ཞིང་། འཕྲང་དམར་ས་ཁུལ་གྱི་རིག་གནས་དང་ཁོར་ཡུག རྒྱབ་ལྗོངས་སོགས་དང་འཕྲོད་པའི་ཁྱད་ལྡན་ཕྱུག་འགྱུར་ལམ་བུ་ཞིག་གསར་དུ་བཏོད། དབུལ་ཕོངས་ཁྱིམ་ཚང་ལ་སྔར་ལས་ཡོང་སྒོ་མང་པོ་རེག་ཏུ་འཇུག་པ་དེ་ནི་རྒྱུན་རིང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པས། ཁོས་ཧ་ཅང་སྒམ་བརླིང་དང་བཅས“ངས་བསྒྲུབས་ཟིན་པའི་ལས་ཀ་དག་ནི་གླེང་རིན་མེད་དེ། དེ་ནི་ལེ་བར་ཁྲི་ཡི་རྒྱང་སྐྱོད་ལམ་གྱི་གོམ་པ་དང་པོ་རེད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། རོགས་སྐྱོར་གྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ལེགས་པོ་བཏང་ནས་མུ་མཐུད་དུ་དབུལ་སྐྱོར་འགག་སྒྲོལ་བྱ་བར་སྐུལ་འདེད་གཏོང་བ་དང་། ཏང་གིས་སྤྲད་པའི་བྱ་བའི་ལས་འགན་བསྒྲུབ་གང་ཐུབ་བྱས་ཏེ། ཏང་གི་བློ་སེམས་བདེ་ཞིང་། མང་ཚོགས་ཀྱི་ཡིད་སེམས་ཚིམས་པ་ཞིག་འཁྱོངས་པར་འབད་པ་བྱ་རྒྱུ”ཟེར།

ཀྲིན་ཀྲང་དཀོན་མཆོག་ནོར་བུའི་དབུལ་སྐྱོར་རེ་འདུན་ནི་མང་ཚོགས་ཀྱི་སྐྱིད་སྡུག་དང་དམ་དུ་འབྲེལ་ཡོད་ལ། དེ་ནི་མདོར་ན“ཀྲུང་གོའི་ཕུགས་འདུན”ཡང་ཡིན་ནོ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།