ས་ཆ་དབུལ་བོ་ཞིག་ནས་སྐྱེས་པའི་སྦྱིན་བདག་ཆེན་མོ།
2019.04.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 81

ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་ཚེའུ་མགུར་གྲོང་རྡལ་གྱི་ཇ་ཁང་ཞིག་གི་ནང་དུ། ཧོས་རིགས་དང་། ཟ་ལར། བོད་རིགས་ཀྱི་བུད་མེད་སྐོར་ཞིག་གིས་ཐུག་པ་བསྐོལ་བཞིན་ཡོད་པ་དང་། ཟླ་ངོ་གཅིག་གི་རིང་ལ། ཁོ་ཚོའི་ཡོང་སྒོ་སྒོར་མོ་སྟོང་གསུམ་རེ་ལ་སླེབས། ཇ་ཁང་འདི་ནི་ཞིང་བ་ཁེ་ལས་པ་ཧན་ཅིན་ལོའུ་ཡིས་སྒྲུབ་པ་རེད། ད་ལྟ། ཧན་ཅིན་ལོའུ་ཡི་ཇ་ཁང་དེ་ཧྭ་ལུང་དུ་ཧུབ་རིང་ཟབ་སྦྱོང་བྱེད་སའི་རྟེན་གཞི་ཞིག་ཏུ་གྱུར་ཡོད་པ་དང་། དབུལ་ཁྱིམ་མང་པོ་ཞིག་གིས་གནས་འདི་ནས་ལག་རྩལ་སྦྱངས་ཏེ་ལས་སྐྲུན་བྱས།

ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ལོར་སྐྱེས་པའི་ཧན་ཅིན་ལོའུ་ནི་ས་ཆ་དབུལ་བོ་ཞིག་ནས་ནར་སོན་པའི་ཞིང་བ་ཞིག་ཡིན་པ་དང་། ལོ་ངོ་བཞི་བཅུའི་སྔོན་ལ་རི་ཁུལ་དུ་འཚོ་བ་རོལ་ཐབས་བྱེད་པའི་ཧན་ཅིན་ལོའུ་ཡིས་རང་གི་འབད་བརྩོན་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར་བ་དང་། བདེ་སྐྱིད་ཀྱི་འཚོ་བ་རོལ།

ཧན་ཅིན་ལོའུ་ཡིས་ང་སྐྱེས་པའི་ལོ་དེ་ནི་ཏག་ཏག་ལོ་གསུམ་ལ་བསྟུད་མར་རང་བྱུང་གི་གནོད་འཚེ་ཆེན་པོ་ཞིག་བྱུང་བའི་ལོ་ཡིན་པ་དང་། སྐབས་དེར་ཁྱིམ་ཚང་ལ་དཀའ་ངལ་ཆེ་བའི་རྐྱེན་གྱིས་ལྟོ་བ་འགྲངས་ཚད་ཀྱི་ཟས་ཟ་རྒྱུ་མེད་ཞེས་བཤད་པ་དང་། དེས་ཆུང་དུས་ནས་ཁོ་རང་དཀའ་ངལ་ལ་མི་སྐྲག་པ་དང་། སྒྲུབ་ཕོད་པའི་རང་གཤིས་ཤིག་ཆགས་པར་བྱས་པ་དང་། ཁོའི་རྗེས་ཕྱོགས་ཀྱི་ལས་སྐྲུན་ཐད་ལ་རྨང་གཞི་བཏིངས། ཧན་ཅིན་ལོའུ་ཡིས་བཤད་རྒྱུར། སྐབས་དེར་ཕ་མ་གཉིས་ན་བཞིན་ཡོད་པ་དང་། ཕུ་ནུ་མིང་སྲིང་ཚོ་ཡང་ལོ་གཞོན་ཡིན་ལ། ཁོ་རང་དམངས་སྒྲུབ་དགེ་རྒན་བྱས་ནས་ཟླ་རེར་ཟླ་ཕོགས་སྒོར་མོ་ཉི་ཤུ་ཡོད་པ་དེས་ཁྱིམ་གྱི་འགྲོ་སོང་བྱེད་བཞིན་ཡོད་ཀྱང་འདང་ཀིན་མེད་པ་རེད། དེ་བས་ཁོས་ཞོར་ལས་བཙལ། ཁོས་ཐོག་མར་གསེར་བརྐོས་པ་དང་། དེའི་འཕྲོར་དངོས་ཟོག་སྐྱེལ་འདྲེན་སོགས་བྱས་ནས་དཀའ་སྡུག་གང་མང་མྱངས།

ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཟླ་ལྔ་བར། ཁོ་རང་གསེར་བརྐོ་རུ་སོང་། མང་ཨེ་དང་། ཧྭ་ཐུའུ་ཀུག་སོགས་ལ་སོང་བ་དང་། ཐག་རིང་བོར་སོང་མ་མྱོང་བའི་ཧན་ཅིན་ལོའུ་ཡིས་ཡུལ་ཕྱོགས་གཞན་མཐོང་ཡང་བདེ་སྣང་ཞིག་ཚོར་མ་བྱུང་། འཕྲུལ་ཆས་མེད་པས། གསེར་བརྐོ་ན་ལག་ཆར་བརྟེན་དགོས་པ་དང་། མཚམས་ལན་རེར་ཁངས་ཀྱིས་ལམ་ཁེགས་ནས་ཉིན་བཞི་ལྔའི་རིང་རང་སར་འདུག་དགོས་ལ། ཟས་ཁམ་གང་ཡང་ཟ་ཐུབ་ཀྱིན་མེད།

ཟླ་འགའི་རྗེས་སུ་ཧན་ཅིན་ལོའུ་ཡིས་གསེར་བརྐོས་པ་ལས་ཐོབ་པའི་སྒོར་མོ་སྟོང་གཉིས་པོ་དེ་ཁྱེར་ནས་ཡུལ་ལ་ལོག་པ་དང་། དེ་ནས་རིམ་བཞིན་གསེ་བརྐོ་རྒྱུ་དེ་ཧྭ་ལུང་རྫོང་དུ་མི་ཤེས་མཁན་མེད་པར་གྱུར་ཏེ། ཕལ་ཆེར་མི་ཚང་མ་ཞག་གཅིག་ལ་ཕྱུག་པོ་ཆགས་འདོད་སྐྱེས། གསེར་བརྐོ་བའི་བྱ་བ་དེ་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། ལོ་ངོ་བཞི་བཅུ་ལྷག་གི་རྗེས་སུ་ཡང་ཧན་ཅིན་ལོའུ་ཡིས་དོན་དེར་ཕྱིར་དྲན་བྱས་ན་མགོ་བོ་ཐད་དུ་གཡུགས་སྲིད།

དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་མཇུག་ཏུ། བཅོས་སྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་དྲོན་མོ་ཀྲུང་ཧྭ་ས་གཞིའི་སྟེང་དུ་གཡུགས་པ་དང་། ཕ་ཡུལ་གྱི་མི་རྣམས་ནང་ལོག་གི་ཀོང་ཀྲིག་རུ་སོང་ནས་ཧུབ་རིང་བསྐོལ་ནས་སྒོར་མོ་བཙལ་བཞིན་པ་ཐོས་སྐབས། ཧན་ཅིན་ལོའུ་དང་སྡེ་བའི་ནང་གི་ན་གཞོན་སྐོར་ཞིག་གིས་སྙིང་སྟོབས་བསྐྱེད་དེ་མེ་འཁོར་ལ་བསྡད་དེ་མཚོ་འགྲམ་ས་ཁུལ་དུ་སོང་།

མི་ངོ་ཤེས་གཅིག་ཀྱང་མེད་པ་དང་། སྐད་ཆ་ཡང་བརྡ་མི་འཕྲོད་ལ། ནམ་ཟླ་ཤིན་ཏུ་ཚ་བ་དང་། མ་དངུལ་དཀོན་ཡང་། ཧན་ཅིན་ལོའུ་སོགས་ཉིན་དཀར་ཚོང་རྒྱག་ས་བཙལ་དུ་སོང་བ་དང་། དགོང་མོར་ཡུལ་ཕྱོགས་གཅིག་པའི་མིའི་ཁྱིམ་དུ་བསྡད། འདི་ལྟར་ཚང་མའི་རོགས་སྐྱོར་འོག་ཏུ། ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོར། ཧན་ཅིན་ལོའུ་ཡིས་ཞྭ་མིན་གྲོང་ཁྱེར་ནས་ཧུབ་རིང་བསྐོལ་ས་དང་པོའི་སྒོ་ཕྱེས།

ལོ་ངོ་བདུན་བརྒྱད་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཧན་ཅིན་ལོའུ་ཡིས་རང་གི་མི་ཚེའི་ཁྲོད་ཀྱི་ཡོང་སྒོ་ཐོག་མ་བཙལ། ཁོའི་ཤན་ཤུགས་འོག་ཏུ་ཧྭ་ལུང་རྫོང་གི་མི་སྔར་ལས་མང་པོ་ཞིག་སྒོ་ཕྱི་ལ་སོང་ནས་ཐུག་པ་སྐོལ་སའི་ཚོང་སྒོ་ཕྱེས། མི་གཅིག་གིས་གཅིག་ཁྲིད་པ་དང་། ཁྱིམ་ཚང་གཅིག་གིས་ཁྱིམ་ཚང་གཞན་གཅིག་ཁྲིད་ཅིང་། སྡེ་བ་གཅིག་གིས་སྡེ་བ་གཞན་གཅིག་ཁྲིད། དེ་ལྟར་ཧུབ་རིང་གི་ཐོན་ལས་ཡོད་པའི་རྐྱེན་གྱིས་ཧྭ་ལུང་རྫོང་གི་མིའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་།

ཧུབ་རིང་བསྐོལ་བ་ལས་དཔལ་འབྱོར་གྱི་ཡོང་སྒོ་བཙལ་བ་དང་བསྟུན་ནས། ཚོང་རས་ཧུབ་རིང་གཙོ་བོ་ཡིན་པའི་དྭངས་གསལ་ཟས་རིགས་ཀྱི་དགོས་མཁོ་སྔར་ལས་ཇེ་ཆེར་གྱུར་བ་དང་། ཧྭ་ལུང་ཧུབ་རིང་གི་ལས་གཉེར་རིམ་པ་མཐོར་འདེགས་གཏོང་བ་དང་ཚོང་རའི་གཞི་ཁྱོན་རྒྱ་བསྐྱེད་ཆེད། ཧན་ཅིན་ལོའུ་ཡིས་ཧྭ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས། ཕེན་ཨན་ས་ཁུལ་དུ༼ཧྭ་ལུང་གི་སྐམ་ཤའི་ཐུག་པ༽ཚོང་རྟགས་ཡིན་པའི་ཚོད་ལྟའི་ཚོང་ཁང་གི་སྒོ་ཐོག་མར་ཕྱེས་ཏེ། ཧྭ་ལུང་གི་སྐམ་ཤ་ཐུག་པའི༼གཅིག་གྱུར་བཞིའི༽བྱ་བ་འབད་བརྩོན་གྱིས་རྒྱ་སྐྱེད་དུ་བཏང་།

ཉིས་སྟོང་ལོར། ཧན་ཅིན་ལོའུ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་པ་དང་། ཁོ་དང་གྲོགས་པོ་སྐོར་ཞིག་གིས་ཟི་ལིང་གྲོང་ཁྱེར་ནས་གཞི་ཁྱོན་ཅུང་ཆེ་བའི་ཟ་ཁང་ཞིག་གཉེར། ལོ་དེ་ནས་བཟུང་། ཁོའི་ལས་དོན་ཚང་མ་བདེ་བླག་གི་དུས་སྐབས་ཞིག་ཏུ་སླེབས་ཏེ། གཟི་བརྗིད་ཀྱི་མཚན་སྙན་མང་པོ་ཐོབ་པ་མ་ཟད། ཉིས་སྟོང་བཅུ་ལོའི་ཟླ་ལྔ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན༽ཀྱང་གནང་།

ཧན་ཅིན་ལོའུ་ཡིས་རང་སྟེང་ནས་ཁེ་ལས་སྒྲུབ་པ་ནས་བཟུང་། མི་བཞི་བརྒྱ་དང་དགུ་བཅུར་ལས་གནས་བསྩལ་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ནང་ཞུགས་ཏེ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཞལ་འདེབས་སུ་ཕུལ་བ་དང་། སྙིང་རྗེའི་ལས་དོན་ཐད་ལ་སྒོར་མོ་འབུམ་བརྒྱད་ཞལ་འདེབས་སུ་ཕུལ། ད་དུང་གནོད་ཐེབས་ས་ཁུལ་དུ་སྒོར་མོ་འབུམ་གསུམ་ལྷག་ཞལ་འདེབས་སུ་ཕུལ། གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ཧན་ཅིན་ལོའུ་ཡིས་དཀའ་ངལ་ཆེ་བའི་མི་ལྔ་བཅུ་བསྡུ་ལེན་བྱས་ནས་ལས་ཞུགས་བྱེད་དུ་བཅུག་པ་དང་། མི་སུམ་ཅུ་ལ་ཟླ་ཕོགས་ལེན་ཞོར་དུ་ཟབ་སྦྱོང་བྱས་ཤིང་། དཀའ་ངལ་ཆེ་བའི་ཁྱིམ་ཚང་བརྒྱ་ཡི་སྣེ་ཁྲིད་དེ་དབུལ་ཐར་བྱེད་དུ་བཅུག

                                                                                                      ལོ་ཙཱ། ཚེ་རིང་སྒྲོལ་མ།