ཆོས་མཚོ་སྒྲོལ་མའི་བརྩེ་སེམས་དྲོན་མོ།
2019.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 105

ཆོས་མཚོ་སྒྲོལ་མ་ནི་ཀོས་ནན་རྫོང་གི་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་འགན་ཁུར་པ་ཡིན་ཞིང། མོ་རང་ནི་མི་གྲངས་ཁྲི་དགུ་ལ་མ་སླེབས་པའི་རྫོང་ཆུང་ཆུང་དེའི་ནང་གི་ཁྲིམས་རྩོད་པ་གཅིག་པུ་ཡིན།  ལོ་ངོ་མང་པོའི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་ཁྲོད།  རིགས་མི་འདྲ་བའི་ཁྲིམས་ལུགས་རོགས་སྐྱོར་གྱོད་གཞི་བཞི་བརྒྱ་ལྷག་ཐག་བཅད་ཅིང་། ཁྲིམས་ལུགས་བློ་འདྲི་དང་ཁྲིམས་ལུགས་ཡིག་ཆ་ཚབ་འབྲི་བྱས་པ་བགྲང་གིས་མི་ལངས།

གསར་འགོད་པ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ནས་ཆོས་མཚོ་སྒྲོལ་མ་དང་ངོ་འཕྲད་ཅིང་། ལོ་ངོ་མང་པོའི་རིང་གི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་གླེང་པ་ན་ཁོ་མོར་ཆ་རྒྱུས་གསལ་བོ་ཡོད།

ཆོས་མཚོ་སྒྲོལ་མ་ནི་བོད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཏེ་ནར་སོན་པའི་བུད་མེད་ཅིག་ཡིན་ལ། ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན།  ལོ་ངོ་མང་པོའི་རིང་ལ། མོ་རང་སྔར་ལས་ལྷག་པས་ཀོས་ནན་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མ་ཡིག་དང་།  ཞིབ་བཤེར། བཟོ་བཅོས།  ད་རུང་ཁྲིམས་དང་འབྲེལ་བའི་ཐབས་ཇུས་གལ་ཆེན་ཁྲོད་ཧུར་ཐག་གིས་ཞུགས་ནས་སྲིད་གཞུང་གི་བྱ་བར་རམ་འདེགས་གང་ལེགས་བྱས།

ལོ་རེར་སྤེལ་བའི་དུས་ལྟར་ཕོགས་དངུལ་སྤྲོད་པའི་ཞབས་ཞུའི་དམངས་ཕན་བྱ་འགུལ་ཁྲོད་དུ་ཀོས་ནན་རྫོང་གི་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱིས་མིག་མཐོང་ལག་ཟིན་གྱི་ནུས་པ་གང་ལེགས་བཏོན་ཡོད།  ཀོས་ནན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་མཉམ་གཅིག་ཏུ་ཞིང་པ་ལས་བཟོ་བའི་གླ་ཕོགས་ཕྱིར་འགྱངས་དོན་རྐྱེན་ལ་རྟོག་ཞིབ་དང་མཐུན་སྦྱོར། ཐག་གཅོད་བཅས་བྱས། ན་ནིང་ལོ་མཇུག་ཏུ་ཝང་གེ་མོ་དང་བཅས་པའི་ཞིང་པ་ལས་བཟོ་བ་བཅུ་དྲུག་གི་ཟླ་གསུམ་གྱི་གླ་ཕོགས་ངལ་བ་འབྲས་མེད་དུ་གྱུར་བའི་གནས་ཚུལ་དེ་རྟོགས་རྗེས། ཆོས་མཚོ་སྒྲོལ་མ་ཡིས་མྱུར་དུ་ཞིང་པ་ལས་བཟོ་བ་དག་དང་འབྲེལ་བ་བྱས་ཏེ་ཉིན་གཅིག་གི་རིང་ཆད་ལ་བཞག་ཡོད་པའི་གླ་ཕོགས་སྒོར་མོ་འབུམ་གཉིས་ཚུར་བླངས་ཏེ་ཁོ་ཚོའི་ལག་ཏུ་སྤྲད་པ་རེད།

བྱ་བའི་ཁྲོད་དུ་ཆོས་མཚོ་སྒྲོལ་མར་དཔའ་སྤོབས་ཆེ་ཞིང་བྱང་ཆ་ལྡན་པ་དང་། བྱ་བ་སྒྲུབ་པ་གནད་ལ་འཁེལ་ཞིང་མྱུར་བ། གྱོད་གཞི་སྒྲུབ་པ་ཞིབ་ཚགས་ཡིན་པ། བྱ་བ་སྒྲུབ་སྐབས་ཕྱོགས་གཅིག་ཁོ་ན་མི་འཛིན་པར་བོད་རྒྱ་སྐད་གཉིས་ལ་བྱང་བའི་ཁྱད་སྟོབས་ལ་བརྟེན་ནས་རྫོང་དང་ས་ཁུལ་བརྒལ་ནས་ཁྲིམས་ལུགས་རོགས་སྐྱོར་གྱི་གྱོད་གཞི་མང་པོ་ཞིག་ཐག་བཅད་པ་རེད།

ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་ཙུའུ་སུན་ཆུ་རྐར་ཆུར་བྱིངས་ནས་མི་ཤི་བའི་གྱོད་དོན་དེ་དོན་དུ་ཀོས་ནན་རྫོང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ཁུངས་གཏོགས་གྱོད་དོན་མིན་ནའང་གྱོད་དོན་དེར་ཆོས་མཚོ་སྒྲོལ་མས་སེམས་ཁྲལ་ཆེན་པོ་བྱས་ལ། མོས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་བརྒྱུད་དོན་རྐྱེན་བྱུང་ས་རུ་ཆུ་རྐའི་འགྲམ་ན་ཉེན་འགོག་སྒྲིག་ཆས་གཅིག་ཀྱང་མེད་ལ། སྔ་རྗེས་སུ་མི་བཅུ་གསུམ་གྱི་ཚེ་སྲོག་ཤོར་ཞིང་ཕྱུགས་ཟོག་བརྒྱ་ལྷག་ཆུར་བྱིངས་ནས། ཉེ་འཁོར་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་ཐེབས་པ་ཤེས་རྟོགས་བྱུང་། མོ་རང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་འགན་ཁུར་མཁན་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་རྫོང་བརྒལ་ནས་གྱོད་དོན་ཐག་བཅད་པ་མ་ཟད། ད་རུང་རང་འགུལ་གྱིས་གནོད་འཚེ་ཐེབས་པའི་ཁྱིམ་བདག་ལ་རོགས་སྐྱོར་བྱས་པ་རེད། ཕྱིས་སུ་གྱོད་དོན་དེ་ཁྱོན་བསྡོམས་ལོ་བཞིའི་རིང་ལ་ཞུ་གཏུགས་བྱས་པ་དང་།  ཐེངས་དང་པོར་ཞུ་གཏུགས་ཕམ་ཞིང་། ཐེངས་གཉིས་པའི་ཞིབ་བཤེར་སྐབས་སུ་ཞུ་གཏུགས་རྒྱལ་བར་གཏན་ལ་ཕབ། ཐེངས་གསུམ་པར་བསྐྱར་དུ་ཞིབ་བཤེར་བྱས་པས་ཞུ་གཏུགས་སྔ་མ་རྒྱལ་བ་དང་ཡང་བསྐྱར་ཞུ་གཏུགས་བྱས་ན་རྒྱབ་སྐྱོར་མི་བྱེད་པ་བཅས་ཀྱི་གོ་རིམ་དུ་མ་བརྒྱུད། མཐར་གནོད་འཚེ་ཐེབས་པའི་ཁྱིམ་བདག་ལ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔའི་སྐྱིན་ཚབ་སྤྲད། དོན་དེ་ལ་རྐྱེན་བྱས་ཏེ་དོ་དམ་སྡེ་ཁག་གིས་མྱུར་དུ་དོན་རྐྱེན་བྱུང་སའི་ཆུ་རྐར་ཉེན་འགོག་སྒྲིག་ཆས་བཀོད་སྒྲིག་བྱས།

ཀོས་ནན་རྫོང་ནི་མཚོ་སྔོན་གྱི་མཐའ་མཚམས་ས་ཁུལ་དུ་ཆགས་ཤིང་ཞིང་ཕྱུགས་གཉིས་ཀ་གཉེར་བའི་བོད་རིགས་ཀྱི་མི་གྲངས་ནི་མང་ཤོས་ཡིན། རོང་འབྲོག་མང་ཚོགས་རྣམས་ལ་དུས་ལྟར་ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱེད་ཆེད་ཆོས་མཚོ་སྒྲོལ་མ་ཡིས་སྡེ་ཁག་དང་། ཞང་དང་གྲོང་བརྡལ་བཅས་ལ་འབྲེལ་འདྲིས་མཐུན་སྦྱོར་བྱས་པ་དང་།  ད་རུང་མོས་མགོ་ཁྲིད་ནས་ཁྲིམས་ལུགས་རོགས་སྐྱོར་གཞི་རིམ་ལས་ཁུངས་འཛུགས་པ་བཀོད་སྒྲིག་བྱས། དྲ་རྒྱའི་རྩ་འཛུགས་འཐུས་ཚང་དུ་བཏང་སྟེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་ལུགས་རོགས་སྐྱོར་ལས་དོན་ས་ཚུགས་ཉེར་བཞི་བཙུགས་པ་དང་། སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་གཅིག་དང་ལས་གཉེར་ཁང་ཉེར་གཉིས་བཙུགས་ལ། ཁྲིམས་ལུགས་ཞབས་ཞུའི་འབྲེལ་འདྲིས་མཁན་དོན་བརྒྱད་བཀོད་སྒྲིག་བྱས། རྫོང་སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་ཀྱིས་ལམ་སྣ་དྲངས་ཏེ། ཁྲིམས་རྩོད་པའི་ལས་གཉེར་ཁང་དང་། གཞུང་དཔང་ཁང་གཉིས་གཙོ་བོར་བྱས་ནས། སྡེ་ཁག་དང་། ཞང་དང་གྲོང་བརྡལ་གྱི་ཁྲིམས་འཛིན་ཁང་རྨང་གཞིར་གྱུར་བའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་དྲ་རྒྱ་མ་ལག་ཆགས་ཡོད།

འདི་ལྟ་བུའི་ཁྲིམས་ལུགས་རོགས་སྐྱོར་དྲ་རྒྱ་ཡིས་མང་ཚོགས་རྣམས་ཀྱིས་ཐག་ཉེ་ས་ནས་གཞི་རིམ་དང་སྡེ་ཁག་ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་བཙལ་བར་རོགས་སྐྱོར་བྱེད་ཐུབ་ལ། དུས་མཚུངས་སུ་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་དེ་བློ་འདྲི་དང་རོགས་སྐྱོར་ཡོང་བར་རེ་ཞུ་ཡང་བྱེད་ཆོག་པ་རེད།  མ་ལག་ཆ་ཚང་དང་སྤྱི་ཚོགས་ཅན་གྱི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་མ་ལག་གིས་ས་གནས་དེའི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་བསྟུད་མར་འཕེལ་རྒྱས་ཡོང་བར་རྨང་གཞི་ཟབ་མོ་བཏིང་ཡོད།

ལས་བྲེལ་གྱི་ཁོམ་གསེང་བར་ནས་ཆོས་མཚོ་སྒྲོལ་མས་སློབ་གྲྭ་མང་པོའི་ཁྲིམས་ལུགས་ཟུར་ཁྲིད་མཁན་གྱི་འགན་འཁུར་ཡོད། ཀོས་ནན་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གྲོས།  བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་འབྲེལ་ཡོད་སྡེ་ཁག་གིས་གདན་ཞུས་ལྟར། ལོ་རེར་རིན་དོད་མི་དགོས་པར་རིགས་མི་འདྲ་བའི་ཁྲིམས་ལུགས་གསོ་སྐྱོང་སྦྱོང་བརྡར་སྤེལ་བཞིན་པ་མ་ཟད། ཞང་དང་གྲོང་བརྡལ་ཁྲིམས་ལུགས་དྲིལ་བསྒྲགས་པའི་འགན་ཡང་ཁུར་ཡོད་ལ། ཁྲིམས་ལུགས་འཆད་ཁྲིད་སློབ་གྲྭ་དང་ཕན་བདེ་ཁང་དུའང་སྤེལ་བཞིན་ཡོད། དུས་སྟོན་ཆེན་མོར་འཁེལ་ཚེ། མོ་རང་གི་རྩ་འཛུགས་འོག་ཏུ་ཀོས་ནན་རྫོང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ལས་བྱེད་མི་སྣ་དག་དང་མཉམ་དུ་སྲང་ལམ་དང་རོང་འབྲོག་ས་ཁུལ་ལ་སོང་སྟེ་སྐོར་བསྐྱོད་དྲིལ་བསྒྲགས་དང་ཡུལ་དངོས་ནས་ཁྲིམས་ལུགས་སྐོར་གྱི་དོགས་གནད་འགྲེལ་བཤད་བྱས་པ་རེད། ལྷག་པར་ཏུ་ཁྲིམས་ལུགས་རོགས་སྐྱོར་གྱི་འགན་ནུས་དང་།  ཁྱབ་ཁོངས། དམིགས་ཡུལ་དང་བཅས་པ་རྒྱ་ཆེར་དྲིལ་བསྒྲགས་བྱས་པས་མི་རྣམས་ཀྱིས་ཁྲིམས་ལུགས་རོགས་སྐྱོར་གྱི་བཟང་ཆ་ཤེས་རྟོགས་བྱུང་བ་མངོན་སུམ་གྱིས་ཇེ་མཐོར་སོང་བ་དང་ཁེ་དབང་སྲུང་བའི་འདུ་ཤེས་ཀྱང་མུ་མཐུད་དུ་སྲ་བརྟན་དུ་བཏང་།

ཆོས་མཚོ་སྒྲོལ་མའི་མགོ་ཁྲིད་འོག་ཀོས་ནན་རྫོང་གི་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱིས་དཀའ་ཁག་ཅན་གྱི་མང་ཚོགས་དང་དམིགས་བསལ་མི་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་རོགས་སྐྱོར་ཁ་ཁར་གྱིས་ཕན་ནུས་ཐོན་ཀྱིན་མེད་པའི་གནད་དོན་དེར་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་བྱས་ཏེ། གཞི་རིམ་དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་ཁྲིམས་ལུགས་ཀྱི་རོགས་སྐྱོར་ལ་རེ་བཅོལ་བྱེད་པར་སྟབས་བདེ་ཆེན་པོ་བཟོས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱས།

གཞི་རིམ་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་བཙུགས་པ་ནི་ཁྲིམས་འཛིན་མ་ལག་འཐུས་ཚང་དུ་སོང་བའི་རྟགས་མཚན་ཞིག་ཡིན་ལ། ལྷག་པར་དུ་མང་ཚོགས་དང་ཉེ་བར་བཅར་ཞིང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་གི་འགན་སྲུང་མཁན་ལྟ་བུར་གྱུར་ཡོད།

ལོ་ངོ་མང་པོའི་རིང་གི་གཞི་རིམ་ཁྲིམས་ལུགས་རོགས་སྐྱོར་གྱི་ལས་དོན་ཁྲོད། ཆོས་མཚོ་སྒྲོལ་མས་ཚད་ལྡན་ཅན་གྱི་དོ་དམ་བརྒྱུད་རིམ་འཚོལ་ཞིབ་བྱས་ཤིང་།  གཞི་རིམ་ཁྲིམས་ལུགས་རོགས་སྐྱོར་ཀྱི་བྱེད་སྟངས་དང་མཐུན་བའི་དུས་ཚོད་ཕྱེད་ཀའི་ཁྲིམས་ལུགས་ཞབས་ཞུའི་ཚོམས་དང་སྡེ་བ་རེར་ཁྲིམས་ལུགས་བློ་འདོན་པ་རེ་ཡོད་པའི་ལམ་ལུགས་བཅས་བཙུགས་པ་མ་ཟད། ད་དུང་ཞིབ་བཤེར་བདའ་འདེད་གྱོད་དོན་རེ་ཞུ་བྱེད་མཁན་ལ་དཔལ་འབྱོར་གྱི་ཆ་རྐྱེན་མི་དགོས་པ་དང་དམག་མི་དང་དེའི་ཁྱིམ་མི།  དབང་པོ་སྐྱོན་ཅན་དག་ལ་མེད་པ་གཅིག་དང་དམིགས་བསལ་གཉིས་ཀྱི་ལམ་ལུགས་ཀྱང་བཟོས།  གྱོད་དོན་ཐོ་འགོད་དང་། ཞིབ་བཤེར་ཆོག་མཆན། མངགས་གཏོང་བཅས་ཆ་ཚང་བའི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་གྱི་བརྒྱུད་རིམ་འདི་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

ཀོས་ནན་རྫོང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱིས་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྱི་ཚོགས་ཀྱི་འགན་ནུས་མུ་མཐུད་དུ་མཐོར་འདེགས་བཏང་། རང་འགུལ་གྱིས་དཀའ་ངལ་གདོང་གིས་ལེན་པ་དང། ཆེད་ལས་ཀྱི་ཁྱད་སྟོབས་ཡོངས་སུ་འདོན་པ། ཁྲིམས་ལུགས་རོགས་སྐྱོར་བྱ་བའི་སྟེགས་བུ་སྤྱད་དེ་རང་འགུལ་གྱིས་རྙོག་འཛིང་ཆེ་བ་དང་། འགལ་བ་དང་རྩོད་གཞི་ཐག་གཅོད་ཁྲོད་ཞུགས། བྱེ་བྲག་གི་གྱོད་དོན་སྒྲུབ་འགན་ཁུར་བ་དང་། ལྷག་པར་དུ་ཤུགས་རྐྱེན་ཆེ་བའི་ཞུ་གཏུག་དང་མང་ཚོགས་རང་བཞིན་གྱི་གྱོད་དོན་འགའ་ཐག་གཅོད་བྱས་པས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དེ་ཏང་ཨུ་དང་སྲིད་གཞུང་། མང་ཚོགས་ཁྲོད་ཤུགས་རྐྱེན་ཇེ་དྲག་ཏུ་སོང་སྟེ་ཀོས་ནན་རྫོང་གི་བརྒལ་གཏོར་གསར་སྐྲུན་གྱི་འཕེལ་རྒྱས་ཐད་ལ་ལག་རྗེས་མི་དམན་པ་བཞག

ཁྲིམས་ལུགས་རོགས་སྐྱོར་ནི་སྲིད་འཛིན་རོགས་སྐྱོར་གྱི་ལམ་ལུགས་ཞིག་ཡིན་པ་མ་ཟད། དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་ཁྲིམས་འཛིན་འདྲ་མཉམ་དྲང་བདེན་གྱི་དམངས་འཚོའི་ལས་དོན་ལ་སྲུང་སྐྱོབ་བྱེད་པ་ཚོར་ཐུབ་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་བྱེད་པ་ཞིག་ཀྱང་ཡིན།

                                                                                      ལོ་ཙཱ། དངོས་སྦྱོང་སློབ་མ་རག་ཤུལ་མིག་དམར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།