མཚོ་ནུབ་སྤྱི་བདེའི་ལས་དོན་ཐད་རང་ནུས་ཡོད་ཚད་འདོན་མཁན།
2019.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

བཱང་ཀྲོང་ཅོན་ནི་སྔོན་ཆད་བུའུ་ཞིས་གྲོང་ཁྱེར་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་གཞུང་སྒྲུང་ཁང་གི་ཀྲུའུ་རིན་ཡིན་ལ། ད་ལྟ་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པའི་འགན་ཁུར་ཡོད།

ཅཱང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་བྱང་ཚད་མཐོར་འདེགས་དང་འཇོན་ནུས་ཇེ་དྲག་ཏུ་གཏོང་བའི་བརྗེ་རེས་མཉམ་ལས་སྒྲོམ་གཞིའི་གྲོས་གཞིའི་བཀོད་སྒྲིག་ལྟར། ང་དང་བུའུ་ཞིས་གྲོང་ཁྱེར་སྤྱི་བདེ་ཅུའུ་ནས་ཡོང་བའི་མི་དམངས་ཉེན་རྟོག་པ་གཞན་དག་འབྲི་ཆུའི་སྨད་རྒྱུད་ནས་གཙང་གསུམ་འབྱུང་ཡུལ་གྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དུ་ཡོང་བ་དང་། མཚོ་ནུབ་སྤྱི་བདེ་ལས་ཁུངས་སུ་ཞུགས་ནས། དུས་ཡུན་ལོ་ཕྱེད་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས་པ་ཡིན།

“ཁྱོད་ཡོང་བ་དངོས་གནས་བཟང་།”དེ་ནི་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་པས་ང་ལ་བཤད་པའི་སྐད་ཆ་ཐོག་མ་ཡིན་ལ། ཉིན་འགའི་རྗེས་སུ། ངས་ད་གཟོད་སྐད་ཆ་འདིའི་ནང་དོན་རྟོགས་བྱུང་། མཚོ་ནུབ་ཁུལ་ནི་རྒྱལ་ཡོངས་ཀྱི་སྤྱི་པའི་བདེ་འཇགས་བརྙན་རིས་ལྟ་སྐུལ་ཚོད་འཛིན་འཛུགས་སྐྲུན་མཉམ་འབྲེལ་དྲ་བའི་བཀོལ་སྤྱོད་དཔེ་སྟོན་བྱེད་ཡུལ་ཞེ་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་བཏང་བའི“དཀར་གསལ་བཟོ་སྐྲུན”དེ་2018ལོའི་ལོ་མཇུག་ཏུ་ཡོངས་འགྲུབ་བྱས་པ་དང་། མིག་སྔར་གནད་འགག་གི་མཁྲེགས་གཏོར་དུས་རིམ་དུ་ཞུགས་ཡོད། ང་རང་ལས་རྐང་དུ་འབྱོར་མ་ཐག་ཏུ། མཉམ་སྡེབ་དམག་འཐབ་སྟེགས་བུ་དང་གཟུགས་མཐོང་ཅན་གྱི་བཀོད་འདོམས་སྟེགས་བུ་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། འཛུགས་སྐྲུན་ཇུས་གཞི་དང་གསར་སྤེལ་གྱི་མྱུར་ཚད་ལ་རྒྱུས་ལོན་བྱས་པ་ཡིན་ལ། གསར་སྤེལ་ཀུང་སི་དང་མཉམ་དུ་སྐུལ་སྤེལ་བྱེད་ཐབས་ལ་གྲོས་བསྡུར་བྱས་པ་ཡིན། དེ་དང་ཆབས་ཅིག གོང་རིམ་འགོ་ཁྲིད་ཀྱི་བཀོད་སྒྲིག་ལྟར། དུས་ཐོག་ཏུ་མཉམ་སྡེབ་དམག་འཐབ་ཁང་གི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་། གཞི་གྲངས་གཅིག་བསྡུས་དང་མ་ལག་འཛུགས་སྐྲུན། གསར་སྤེལ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གྲོས་གཞི་ལེགས་པོ་བཏོན། དེར་མ་ཟད། ང་རང་རང་འགུལ་སྒོས་བཀོད་འདོམས་ལྟེ་གནས་ཀྱི་ལས་རེས་སུ་ཞུགས་པ་དང་། བདེ་འཇགས་འགོག་སྲུང་དང་གནོད་འགོག་གནོད་སེལ་སོགས་ཀྱི་དྲིལ་སྒྲོག་སྣ་ཚོགས་ཀྱི་ཁྲོད་ཞུགས་པར་མ་ཟད། “ཉེན་རྟོག་ལས་དོན་གྱི་གཞི་གྲངས་ཆེན་མོའི”ཁྲིད་ཆས་ལས་ཏེ། གཞི་རིམ་དུ་སློབ་ཁྲིད་བྱེད་པར་རྨང་གཞི་ལེགས་པོ་བཏིང་བ་ཡིན།

མཚོ་ནུབ་ནི་མཐོ་སྒང་ས་ཁུལ་དུ་གནས་ཡོད་མོད། འོན་ཀྱང་སྤྱི་བདེ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཆུ་ཚད་དེ་ནམ་ཡང་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པ་དང་། “དཀར་གསལ་བཟོ་སྐྲུན”མགོ་བརྩམས་པའི་ཚུན་ལ། བརྙན་རིས་ཀྱི་ལྟ་ཞིབ་ཚོད་འཛིན་མ་ལག་སྟོང་དྲུག་དང་སུམ་བརྒྱ་ལྷག་གསར་དུ་ལས་པ་དང་། བརྙན་རིས་ཀྱི་ལྟ་ཞིབ་ཚོད་འཛིན་མ་ལག་བེད་སྤྱད་དེ་གྱོད་དོན་རྩད་ཆོད་པའི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུར་སླེབས་ལ། 2018ལོའི་ལོ་མཇུག་ཏུ། ས་ཁོངས་ཡོངས་སུ་ཁེབས་པ་དང་དྲ་ཡོངས་མཉམ་སྤྱོད། དུས་ནམ་ཡང་བཀོལ་སྤྱོད་བྱེད་ཆོག་པ། གོ་རིམ་ཡོངས་ཚོད་འཛིན་བྱེད་ཆོག་པ་བཅས་ཀྱི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱས། ལས་གཞི་ཆེན་པོ་འདི་འཛུགས་སྐྲུན་བྱེད་པའི་ཁྲོད་རང་ཉིད་ཀྱི་ནུས་པ་ཅུང་ཙམ་ཞིག་འདོན་ཐུབ་པ་བྱུང་བར། རང་ཉིད་ཀྱི་སེམས་སུ་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། མིག་སྔའི་མཚོ་ནུབ་སྤྱི་བདེ་ཅུའུ་ལ་མཚོན་ནས་བཤད་ན། འཕེལ་རྒྱས་ཆེས་མགྱོགས་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། དམག་སྤྱོད་གྱེན་འཕུར་གནམ་གྲུ་བཀོལ་སྤྱོད་བྱེད་པ་དེས་བརྟན་འཇགས་སྲུང་སྐྱོབ་དང་འགོག་སྲུང་རྡུང་རྡེག་གི་སྐབས་བསྟུན་རང་བཞིན་དང་ཚོར་ཤེས་ནུས་པ་ཇེ་དྲག་ཏུ་བཏང་ཞིང་། “དཀར་གསལ་བཟོ་སྐྲུན”དང་ཉེན་རྟོག་ལས་དོན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་གྱིས་མཚོ་ནུབ་སྤྱི་བདེའི་འགོག་སྲུང་མ་ལག་རིམ་གྲས་འཕར་བར་འཕེལ་རྒྱས་ཀྱི་གཤོག་ཟུང་བསྩལ།

སྤྲོ་སེམས་ལྡན་པ་དང་བབ་ཆགས་པ། གཤིས་རྒྱུད་དྲང་བ་བཅས་ནི་མཚོ་ནུབ་ཀྱི་མི་རྣམས་ཀྱིས་ང་ལ་བཞག་པའི་བག་ཆགས་ཐོག་མ་རེད། ལས་ཁུངས་ཀྱི་ཟ་ཁང་དུ་ཟ་མ་ཟ་སྐབས། སྔོ་ཚོད་འགའ་ནི་ཆེས་ཁ་ཚ་བའི་རིགས་ཡིན་པས། ང་ལ་རྔུལ་ཆུ་མང་པོ་བཞུར་དུ་བཅུག་བྱུང་། སྐབས་ཐོག་དེར་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་ངའི་རྣམ་པ་དེ་མཐོང་རྗེས། ཉིན་གཉིས་པར་ཟ་ཁང་གི་ཇ་མར་ཟས་རིགས་གཡོས་སྦྱོར་བྱེད་སྐབས་ཁ་ཚ་བའི་རིགས་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན་རྗེས། ཟས་རིགས་ཀྱི་ནང་དུ་ཁ་ཚ་བའི་རིགས་ཇེ་ཉུང་དུ་སོང་ཡོད། མཚམས་ལར་དམིགས་བསལ་ཉེན་རྟོག་རུ་ཁག་གི་སྤུན་ཟླ་ཚོས་སྐོམ་ཆུ་དང་སྲོ་ལོ་དམར་པོ། འཕང་འབྲས་སོགས་ངའི་མལ་ཁང་དུ་བསྐྱལ་ཡོང་བས། ང་ཚོ་བུའུ་ཞིས་ནས་ཡོང་བའི་མི་དམངས་ཉེན་རྟོག་པ་ཚོས་རང་ཁྱིམ་ལྟ་བུའི་དྲོད་ཁོལ་མྱོང་བཞིན་ཡོད། དཀའ་སྤྱད་སྡུག་རུས་དང་འཁང་ར་ཅི་ཡང་མེད་པ་ནི་མཚོ་ནུབ་མི་དམངས་ཉེན་རྟོག་པའི་གནས་ཚུལ་དངོས་ཡིན་ལ། འགོ་ཁྲིད་པ་མང་ཆེ་བ་དང་མི་དམངས་ཉེན་རྟོག་པ་མང་པོ་ཞིག་གི་བཟའ་ཟླ་མཉམ་གཅིག་ཏུ་མེད་པ་དང་། ཚང་མ་ཁུལ་གཅིག་གི་ཁོངས་སུ་ཡོད་རུང་། ལམ་ཐག་སྤྱི་ལེ་ཉིས་བརྒྱ་ལྷག་དང་། ཡང་ན་སྤྱི་ལེ་ལྔ་བརྒྱ་ལྷག་གི་མཚམས་སུ་ཡོད་པས། རང་ལ་གསལ་ཆ་ཡོད་པའི་འཐབ་གྲོགས་འགའ་དང་ཁ་བརྡ་བྱེད་སྐབས། ཁོ་ཚོ་ལོ་གསར་ལ་ཁྱིམ་དུ་འགྲོ་མ་ཐུབ་ལ་ལོ་གསར་གྱི་རྗེས་སུ་ཡང་འགྲོ་ཐུབ་མེད། ལོ་རེའི་ཟླ་དྲུག་པ་དང་བདུན་པ་ནི་གནས་སྐོར་གྱི་དུས་ཚིགས་ཆེན་པོ་ཡིན་པས། བྱ་བར་སྔར་ལས་བྲེལ་བ་ཆེ་བ་ཤེས་བྱུང་།

མཚོ་ནུབ་ནི་མཛེས་སྡུག་ལྡན་ཞིང་ཐོན་ཁུངས་མོད་པའི་ས་ཁུལ་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་ས་གནས་སོ་སོར་རྡོ་སྣུམ་དང་རང་བྱུང་སོལ་རླངས། ཇ་ལུད་བཅས་འདོན་སྤྲོད་བྱེད་ཀྱིན་ཡོད་ལ། བོད་ལྗོངས་དང་ཞིན་ཅང་བརྟན་འཇགས་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་ཡོད་པས། མཚོ་ནུབ་དུ་ཡོང་བའི་སྐལ་བ་ལྡན་པས། ངས་ཅིས་ཀྱང་མཛེས་སྡུག་གི་ལོ་ཟླ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བརྩེ་སེམས། རྔུལ་ཆུ་དང་རྐང་རྗེ་རེ་རེ། བྱ་བའི་གྲུབ་འབྲས་དག་གནས་འདི་རུ་འཇོག་ངེས་ཡིན་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ཐེངས་གཅིག་གིས་མི་ཚེ་གང་བོར་མཚོ་སྔོན་ལ་བརྩེ་བ་ཡོད་པ་ང་ལ་ཡིད་ཆེས་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།