ལྷུན་གྲུབ་ཚེ་རྒྱལ་གྱིས་རང་ཉིད་ཀྱི་ལང་ཚོ་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཐད་ཕུལ།
2019.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

—“ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ”ཐོབ་མཁན་རྗེ་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ལྷུན་གྲུབ་ཚེ་རྒྱལ་གྱི་གནས་ཚུལ་བཀོད་པ།

ལྷུན་གྲུབ་ཚེ་རྒྱལ་དང་ཁོས་བསྐྱབས་པའི་རི་དྭགས་གཙོད།

“ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ”ཐོབ་རྗེས། ལྷུན་གྲུབ་ཚེ་རྒྱལ་ཡང་བསྐྱར་མི་རྣམས་ཀྱིས་དོ་ཁུར་བྱེད་པའི་མི་སྣ་གཙོ་བོར་གྱུར། 2006ལོ་ནས་ད་བར་དུ། ཁོ་རང་སྔ་རྗེས་སུ་ཡུལ་ཤུལ་ས་ཡོམས་གནོད་སེལ་གྱི་སྔོན་ཐོན་མི་སྒེར་དང་ཨ་ཆེན་གངས་རྒྱབ་ལ་སྐོར་ཞིབ་བྱེད་པའི་ཆེད་གཉེར་སྔོན་ཐོན་མི་སྒེར། ལོ་ཧྲིལ་བོའི་སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་སུ་བདམས་པ་དང་། 2017ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས“སྐབས་གསུམ་པའི་ཡུལ་ཤུལ་གྱི་བྱ་བ་སྒྲུབ་མཁན་ཆེས་བཟང་བའི་མི་ཡི་དཔེ་མཚོན་བྱ་དགའ་ཐོབ།”2018ལོར“མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལྔ་བཞིའི་བྱ་དགའ”ཐོབ།

གཟི་བརྗིད་མཚན་སྙན་འདི་དག་ཚང་མ་ཁོའི་གཟི་བརྗིད་དུ་བརྩི་བའི་ལས་རིགས་འདི་ལས་ཐོན་པ་རེད། མདུན་ཕྱོགས་སུ་ཡོད་པའི་ཤ་རིད་ཅིང་ནག་པའི་ཁམས་པའི་ཕོ་གཞོན་དེའི་མིང་ལ་ལྷུན་གྲུབ་ཚེ་རྒྱལ་ཟེར་བ་དང་། ཁོ་ནི་ཨ་ཆེན་གངས་རྒྱབ་ཀྱི་སྐོར་བསྐྱོད་རུ་མི་ཞིག་རེད།

མི་མེད་ལུང་སྟོང་དུ་བྱ་བ་བསྒྲུབས་ནས་ལོ་བཅུ་གསུམ་འགོར་ཞིང་། གཙང་གསུམ་འགོ་ཁུངས་ཀྱི་བུ་ཕྲུག་ཅིག་ཡིན་པའི་ཆ་ནས་ཁོ་ལ་གཞོན་སྐྱེས་ཕོ་རྒོད་ཅིག་ལ་ལྡན་པའི་དཔའ་སྟོབས་དང་བློ་རིག་ལྡན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ལུང་སྟོང་ཁུལ་དུ་ཁོ་དང་སྐོར་བསྐྱོད་རུ་མི་ཚོས་ས་མཐོའི་དག་ཞིང་དེ་སྲུང་སྐྱོང་ཡག་པོ་བྱེད་ཆེད་སྐོར་བསྐྱོད་ཀྱི་རྐང་རྗེས་གང་སར་བཞག་ཡོད་ལ། ལང་ཚོའང་གནས་དེར་སྐྱེས་སུ་ཕུལ་ཡོད།

མི་མེད་ལུང་སྟོང་དུ་སྐོར་བསྐྱོད་བྱས་ཏེ་ཨ་ཆེན་གངས་རྒྱབ་ས་ཁུལ་སྲུང་སྐྱོང་བྱས་པ།

ལོ་སུམ་ཅུ་ལ་སླེབས་པའི་ལྷུན་གྲུབ་ཚེ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སྐྱེས།

2006ལོར། ཁོ་རང་ཕ་ཡུལ་གྱི་གཉེན་ཉེ་དང་ཁ་བྲལ་ནས་ལམ་ཐག་སྤྱི་ལེ་སྟོང་ཕྲག་གིས་ཆོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ཡོང་ནས་ལོ་མང་རིང་སྣོད་བཅུད་སྲུང་སྐྱོང་གི་འཐབ་ཡུལ་དང་པོའི་སྟེང་དུ་བྱ་བ་བསྒྲུབས།

“དབྱར་ཁའི་དུས་ལ་འདམ་རྫབ་ཀྱིས་འགྲོ་ལམ་བཅད་པ་དང་། དགུན་ཁའི་དུས་སུ་དར་ཆགས་ནས་ས་གཞི་ཡོད་ཚད་དཀར་བོངས་སུ་འདུག ང་ཚོ་ཉིན་ཁ་ཤས་ལ་བསྟུད་མར་བག་ལེབ་སྐམ་པོ་དང་ཆུ་གྲང་མོ་ལས་འཐུང་རྒྱུ་མེད”ཅེས་ལྷུན་གྲུབ་ཚེ་རྒྱལ་གྱིས་དེ་ལྟར་བཤད།

ལོ་བཅུ་ལྷག་ཙམ་གྱི་རིང་། ཨ་ཆེན་གངས་རྒྱབ་ཀྱི་གྲང་འཁྱགས་ཀྱི་གནམ་གཤིས་ཁྲོད་བཟའ་བཏུང་བྱེད་པ་དང་དར་འཁྱག་གངས་བཞུད་ཀྱིས་ཁོར་ཡུག་སྲུང་སྐྱོབ་གི་ལས་ལ་བརྩོན་པའི་ལྷུན་གྲུབ་ཚེ་རྒྱལ་སྙིང་རུས་ཆེ་ལ་ཞུམ་པ་མེད་པའི་ཕོ་རྒོད་ཅིག་ཏུ་གྱུར་ཡོད།

“སྐོར་བསྐྱོད་བྱེད་སྐབས། སྐེ་དཀྲིས་སྐེ་ལ་བཏགས་ནས་རང་གཅིག་པུས་མི་མེད་ལུང་སྟོང་དུ་སྐོར་བསྐྱོད་བྱེད་ཀྱིན་ཡོད། ད་དུང་སྐོར་བསྐྱོད་བྱེད་ཐེངས་རེར་ཕྱིར་དུས་ནམ་ལ་ལོག་ཐུབ་མིན་ཤེས་ཀྱིན་མེད”ཅེས་པའི་སྐད་ཆ་འདི་ནི་རུ་མི་ཚོས་རྟག་ཏུ་བརྗོད་པའི་སྐད་ཆ་ཞིག་རེད།

ལྷུན་གྲུབ་ཚེ་རྒྱལ་གྱིས“གཙང་གསུམ་ཆུ་འགོ་ཁུངས་རིང་པོ་ཡོད་ལ། ཡུལ་ཤུལ་ཡང་ཐག་རིང་པོ་ཡོད། ངས་རང་གི་ཚེ་སྲོག་ལ་བརྟེན་ནས་དག་ཞིང་དེར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན་ལ། བྱ་ཐབས་འདི་རིགས་ལ་བརྟེན་ནས་ཨ་ཆེན་གངས་རྒྱབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་རྒྱུ་ཡིན”ཞེས་བརྗོད།

མི་མེད་ལུང་སྟོང་ས་ཁུལ་དུ་སྲུང་སྐྱོང་ཆེད་ལང་ཚོ་སྐྱེས་སུ་ཕུལ་བ།

ཨ་ཆེན་གངས་རྒྱབ་ས་ཁུལ་ནི་གཙོད་ཀྱི་འཚོ་གནས་བྱ་ཡུལ་དང་རང་བྱུང་བརྒྱུད་རིམ་ཁག་གི་གསོན་ཉམས་ལྡན་པའི་རྣམ་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ལོ་ལྟར་དབྱར་དུས་སུ། གཙང་གསུམ་འགོ་ཁུངས་དང་། བོད་བྱང་ཐང་། ཞིན་ཅང་ཨར་ཅིན་རི་བོ་ས་ཁུལ་སོགས་ནས་ཡོང་བའི་གཙོད་ཁྲི་ཕྲག་མང་པོ་ཚེ་སྲོག་གི་ལམ་བུ་རེ་རེ་བརྒྱུད་ནས། ཨ་ཆེན་གངས་རྒྱབ་དབུས་སུ་གནས་པའི་ཉི་མ་མཚོ་དང་གཙོ་ནག་མཚོའི་ཉེ་འགྲམ་དུ་འཛོམས་ནས་གཙོད་ཕྲུག་སྐྱེ་བར་ཡོང་གིན་ཡོད།

2014ལོའི་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ནི་ལྷུན་གྲུབ་ཚེ་རྒྱལ་གྱིས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་ཞིང་། ཉིན་དེར། ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་ཡིས་རུ་མི་བདུན་ལས་གྲུབ་པའི་གཙོ་ཤུགས་རི་བོ་སྐོར་བསྐྱོད་རུ་ཁག་མངགས་ནས་སྲུང་སྐྱོང་ཁུལ་བྱང་ངོས་ཀྱི་ཨར་ཅིན་རི་བོ་ས་ཁུལ་ནས་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ཆེད་དོན་རི་བོ་སྐོར་བསྐྱོད་བྱ་འགུལ་སྤེལ་བ་དང་། ཉི་མ་མཚོ་དང་། མ་ལན་རི་བོ། ཚན་ཞིབ་མཚོ་བཅས་ཀྱི་རྒྱུད་དུ་རི་བོ་སྐོར་བསྐྱོད་ཀྱི་བྱ་འགུལ་སྤེལ་བ་རེད།

ཨ་ཆེན་གངས་རྒྱབ་ཁུལ་དུ་གློ་བུར་དུ་ཁ་བ་བབ་ནས་དྲོད་ཚད་མར་ཆགས་པའི་དབང་གིས་རི་བོ་སྐོར་བསྐྱོད་ཀྱི་ལམ་བར་དུ་དཀའ་ཚེགས་ཆེན་པོ་འཕྲད་ལ། ལམ་བར་འདམ་རྫབ་ཀྱིས་ཁེངས་ནས་རི་བོ་སྐོར་བསྐྱོད་ཀྱི་རུ་མི་ཚང་མ་ངལ་དུབ་ཀྱིས་མནར་བ་དང་རླངས་འཁོར་ལ་ཡང་སྐྱོན་ཆེན་པོ་བྱུང་བ་རེད།

ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་ཡིས་མྱུར་དུ་རོགས་སྐྱོབ་ཚན་ཆུང་མངགས་པ་དང་། ལྷུན་གྲུབ་ཚེ་རྒྱལ་ནི་དེའི་ནང་གི་གྲས་ཤིག་རེད།

རོགས་སྐྱོབ་ལམ་བར་དུ་ཁོ་དང་རུ་མི་ཚོས་སྟབས་བདེའི་ཐུག་པ་མང་པོ་ཁྱེར་བ་དང་། ཨ་ཆེན་གངས་རྒྱབ་ས་ཁུལ་དུ་སྟབས་ཐུག་གཅིག་སྦང་བར་སྐར་མ་བཅུ་དགོས་ལ། གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་སྐོར་བསྐྱོད་རུ་མི་མང་པོ་ཞིག་གིས་འཚོ་བཅུད་ཆེ་བའི་མར་འཁྱེར་དགོས་བསམས་ཀྱང་། གྲང་ངར་ཆེ་བའི་དབང་གིས་ཕྱི་རོལ་དུ་མར་འཁྱགས་པ་ཐེབས་ནས་སྤྱོད་ཐུབ་ཀྱིན་མེད།

“ང་དང་རོགས་སྐྱོབ་ཚན་ཆུང་གི་རུ་མི་ཞིག་ཡིན་པའི་ཆ་ནས་སྲུང་སྐྱོང་ཁུལ་གྱི་དབུས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་དེ། ནུས་ཤུགས་ཡོད་རྒུས་ཚེ་སྲོག་གི་ལམ་བུ་ཞིག་བཏོད་ནས་ཉིན་བཅུ་གཉིས་ལ་དཀའ་ཚེགས་ཆེན་པོས་ལ་ལུང་མང་པོ་བརྒྱུད་མཐར་རོགས་སྐྱོབ་ལས་འགན་ལེགས་གྲུབ་བྱུང་སོང”ཞེས་ལྷུན་གྲུབ་ཚེ་རྒྱལ་གྱིས་དེ་ལྟར་བཤད།

ད་ལྟ་ཨ་ཆེན་གངས་རྒྱབ་ནི་མིང་དོན་མཚུངས་པའི“སྲོག་ཆགས་གླིང་ཀ”ཞིག་ཏུ་གྱུར་ནས་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འདི་གར་རྒྱུད་སྤེལ་འཚོ་གནས་བྱེད་ཀྱིན་ཡོད། མི་རྣམས་ཀྱིས་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གིས་ཟས་འཚོལ་བ་དང་། རྩེད་འཇོར་རོལ་བ། འགུལ་སྐྱོད་བྱེད་པ་སོགས་ཀྱི་རྣམ་པ་མཐོང་ཐུབ།

“ང་ཚོས་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་བྱེད་ཆེད་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པའི་རྣམ་པ་ནི་ང་དང་རུ་མི་ཚོས་འབད་འཐབ་དང་རེ་སྒུག་བྱེད་ཡུལ་ཞིག་ཡིན”ཞེས་ལྷུན་གྲུབ་ཚེ་རྒྱལ་གྱིས་དེ་ལྟར་བཤད།

འགན་འཁྲི་ཡག་པོ་ཁུར་ནས་ཤེས་དཔལ་གྱི་སྐར་ཁུང་བཏོད་པ།

2017ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་དུ་གནས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཨ་ཆེན་གངས་རྒྱབ་ནི་མཚོ་བོད་ས་མཐོའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཐོག་མ་དེར་གྱུར་ཡོད་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ཡིན་པའི་ངོས་ནས་ལྷུན་གྲུབ་ཚེ་རྒྱལ་གྱི་ཕྲག་ཏུ་བབས་པའི་འགན་འཁྲི་དེ་བས་ལྕི་རུ་སོང་ཡོད།

ཨ་ཆེན་གངས་རྒྱབ་སྐར་ཁུང་སྲུང་སྐྱོང་ས་ཚིགས་ཤིག་ཡིན་པའི་ངོས་ནས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱིས་ལོ་ལྟར་ཡུལ་སྐོར་བ་མང་པོར་སྣེ་ལེན་བྱེད་པ་དང་འབྲེལ། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བ་མང་པོར་རོགས་རམ་བྱས་མྱོང་ཡོད།

2017ལོའི་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། རྒྱལ་ལམ109ཡི་སྤྱི་ལེ་སྟོང་གཉིས་དང་དགུ་བརྒྱ་རེ་བདུན་གྱི་སར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཡོད་པ་དང་། ལྷུན་གྲུབ་ཚེ་རྒྱལ་དང་རུ་མི་ཚོས་གནས་ཚུལ་དེ་ཐོས་རྗེས་ལམ་རྒྱུད་དུ་རྨས་མ་འཚོལ་བར་ཕྱིན་ནས་དུས་ཐུང་ནང་རྨས་མ་གོར་མོ་སྨན་ཁང་དུ་བསྐྱལ་ཡོད་པ་རེད།

“ང་ཚོར་ད་ལྟ་དངུལ་སྐར་མ་གཅིག་ཀྱང་མེད། སྨན་ཁང་དུ་སོང་ནས་ཅི་བྱེད”ཞེས་ལམ་བར་དུ་རྨས་མ་དེ་སེམས་ཁྲལ་ཆེན་པོ་བྱེད་པ་དང་། ལྷུན་གྲུབ་ཚེ་རྒྱལ་གྱིས“ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ཁྱེད་ཚོའི་སྨན་རིན་བྱིན་ཆོག”ཅེས་བཤད་པ་དང་། དེ་ནས་རྨས་མ་ཡོངས་རྫོགས་བཀོད་སྒྲིག་བྱས་རྗེས་ལྷུན་གྲུབ་ཚེ་རྒྱལ་གཞི་ནས་མཚན་མོ་དེ་ན་གོར་མོ་ནས་ཁ་གྱེས་པ་རེད།

“ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ”ཐོབ་རྗེས།  ལྷུན་གྲུབ་ཚེ་རྒྱལ་ཧ་ཅང་ལྷིང་འཇགས་སུ་གྱུར་ཡོད་ལ། “འདི་ནི་ང་ཚོ་ཚང་མས་གཟི་བརྗིད་ཡིན་ལ། དོན་དག་ཡོད་ཚད་སྤུན་ཟླ་རྣམས་ཀྱིས་མཉམ་དུ་ལས་པ་ཡིན་པས། ངས་ཚང་མའི་ཚབ་བྱས་ཏེ་གཟི་བརྗིད་འདི་བླངས་བ་རེད”ཟེར།

དོན་དངོས་སུ། ལྷུན་གྲུབ་ཚེ་རྒྱལ་གྱི་མིག་ནང་དུ། མི་སྔར་ལས་མང་པོའི་ཨ་ཆེན་གངས་རྒྱབ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་ཁུར་བྱེད་རྒྱུ་དེ་ནི་ཁོ་ལ་མཚོན་ན་ཆེས་ཆེ་བའི་ཁས་ལེན་ཞིག་རེད།

ལྷུན་གྲུབ་ཚེ་རྒྱལ་ལ་མཚོན་ནས་བཤད་ན། ཕུགས་འདུན་དེ་དག་ཉུང་ཙམ་བསགས་ནས་གོམས་ལོབ་བྱུང་བ་ཡིན་ལ། ཁོས་རུ་མི་རྒན་པ་དག་གི་ལུས་སྟེང་གི་སྙིང་སྟོབས་དང་འགན་འཁྲི་རྒྱུད་འཛིན་བྱས་ཡོད་ལ། ཉི་མ་མཚོ་ནས་ཐོག་དང་པོར་རི་དྭགས་གཙོད་ཞིག་སྐྱབས་པ་ནས་ད་ལྟའི་བར་རི་དྭགས་དེ་དག་ལ་བཅངས་པའི་གཅེས་སེམས་དང་འགན་འཁྲི། དཀའ་ཁག་ལ་འཕྲད་པའི་མི་རྣམས་ལ་རོགས་སྐྱོར་བྱས་རྗེས་ཀྱི་སེམས་ཁམས་སྐྱིད་པོ་དང་། རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་བྱས་རྗེས་དྲན་པས་སེམས་ཀྱི་ངར་སེམས་དང་འགན་འཁྲི་སྔར་ལས་ཇེ་ཆེར་སོང་།

དཀའ་སྡུག་གི་ལས་གནས་བརྟན་སྲུང་དང་རང་ཉིད་ཀྱི་ཡོད་ཚད་འབུལ་བ། སྤྱིར་བཏང་གི་ལས་ཀའི་ཁྲོད་རང་ཉིད་ཀྱི་ལང་ཚོའི་རིན་ཐང་རྟོགས་པས། ལྷུན་གྲུབ་ཚེ་རྒྱལ་གྱི་བྱ་བ་ལས་སླ་མོ་ཞིག་མིན་པ་དང་། རྒྱུན་འཁྱོངས་ལྷོད་མེད་བྱས་ན། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པར་བར་ཐག་རིང་བོ་མེད། རྒྱུ་མཚན་ནི། ཁོས་བལྟས་ན། ཆེས་བདེ་སྐྱིད་ཀྱི་བྱ་བ་ནི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཨ་ཆེན་གངས་རྒྱབ་ཀྱི་མཛེས་སྡུག་གི་སང་ཉིན་བསུ་མ་བྱེད་རྒྱུ་དེ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།