གསར་སྐྲུན་ནི་བསམ་གཞིགས་མང་པོ་བཏང་བ་ལས་བྱུང་བ་ཡིན།
2019.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

ཧྥིན་མིན་མིན་གྱིས་རྡོ་སྣུམ་ཁྲོམ་པའི་ཁ་ལེབ་སྙོམས་སྒྲིག་བྱེད་བཞིན་པ།

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཏཱ་ཀང་སྣུམ་ཞིང་རྡོ་སྣུམ་སྔོག་འདོན་བཟོ་གྲྭ་གཉིས་པའི་རྡོ་སྣུམ་སྔོག་འདོན་བྱེད་ས་གཉིས་པའི་ལག་རྩལ་པའི་བྱ་བའི་ས་ཚིགས་དེ་ཧྥིན་མིན་མིན་ངལ་རྩོལ་དཔེ་ལེགས་གསར་སྐྲུན་ལས་སྒྲུབ་ཁང་གི་མིང་ལ་བརྗེ།

ཧྥིན་མིན་མིན་ནི་ལོ་རབས་བརྒྱད་ཅུ་བའི་རྗེས་ཀྱི་རྡོ་སྣུམ་སྔོག་འདོན་བྱེད་མཁན་གྱི་བུད་མེད་ལས་བཟོ་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ཞིག་ཀྱང་ཡིན། ཁོ་མོས་སྐད་ཆ་བཤད་ན་འགྲོས་ཤིན་ཏུ་མགྱོགས་ལ། གཞི་གྲངས་ཆེན་མོའི་དོ་དམ་སྟེགས་བུ་གླེང་ན། ཁོ་མོས་ངག་ནས་ཞུགས་གྲངས་མང་པོ་ཞིག་ཐད་གར་དུ་ཡོང་ཐུབ།

ཉིས་སྟོང་བདུན་ལོར། རང་གི་ཕ་མ་གཉིས་ལ་བདག་སྐྱོང་བྱེད་ཆེད། ཧྥིན་མིན་མིན་གྱིས་ས་ཁང་བདག་ཁང་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟིའི་གསོ་སྦྱོང་བྱ་བ་བསྐྱུར་ཏེ། ཏཱ་ཀང་སྣུམ་ཞིང་དུ་ཡོང་། ཁོ་མོར་མཚོན་ནས་བཤད་ན། ཡོད་ཚད་ཐོག་མ་ནས་མགོ་རྩོམ་དགོས།

གྲོང་ཁྱེར་ཆེན་མོ་ནས་ཐང་སྟོང་ཞིག་ཏུ་སླེབས་པ་དེས་ཁོ་མོས་ཐེངས་དང་པོར་དཀའ་སྡུག་གི་བྲོ་བ་མྱངས། ཆེས་སྡུག་པ་ནི་ལས་ཀ་ལས་རྒྱུ་དེ་མ་ཡིན་པར་ནང་སེམས་སུ་ཁ་ཕྱོགས་མེད་པ་དེ་རེད། ཨ་མས་ཁོ་མོའི་གནས་བབ་དེ་འདྲ་བཟང་རྒྱུ་མེད་པ་རྟོགས་རྗེས། ཁོ་མོར་བཤད་རྒྱུར། རྒྱལ་ཁབ་ཞིག་ལ་སྟོབས་ཤུགས་མེད་ན་སྟོབས་ལྡན་དུ་འགྱུར་མི་སྲིད་པ་དང་། མི་ཞིག་ལ་སྟོབས་ཤུགས་མེད་ན་བྱ་བ་ཅི་ཡང་འཁྱོངས་མི་སྲིད་ཅེས་བཤད་མྱོང་། རྡོ་སྣུམ་གྱི་བྱ་བ་སྒྲུབ་མཁན་ཚོས་འབད་བརྩོན་བྱེད་པ་དང་། ཡོད་ཚད་ཕུལ་ཐུབ་པ་ཡིན། ལམ་དུ་བགྲོད་ཐུབ་པ་ཞིག་ཡིན་ཚེ། ནན་ཏན་གྱིས་བྱ་བ་བསྒྲུབ་ན་ད་གཟོད་རེ་བ་ཡོད་པ་ཡིན་ཟེར།

ལས་མི་གསར་བ་གསོ་སྦྱོང་བྱེད་པའི་བྱ་བའི་ཁྲོད། དགེ་རྒན་ཞིག་གི་སློབ་ཁྲིད་ནང་དོན་གྱིས་ཁོ་མོ་ལ་དམིགས་འབེན་གསར་བ་ཞིག་ཡོད་པར་གྱུར་ཏེ། རང་ཉིད་དགེ་རྒན་མོ་རང་ལྟ་བུ་ཞིག་ཏུ་འགྱུར་འདོད་པའི་བློ་ཤིན་ཏུ་དྲག་པོ་ཞིག་སྐྱེས།

ཁོ་མོའི་སེམས་ལ་ངར་ཤུགས་ཆེན་པོ་ཞིག་ལངས། ལག་ཆ་ངོ་མི་ཤེས་ཡང་། རེ་རེ་ཚོད་ལྟ་བྱས་པ་དང་། ཁ་རོག་གེར་ཡིད་ལ་དམ་པོར་བཟུང་། ལག་ལེན་སློབ་ཁྲིད་ལ་གོ་བ་ལོན་མེད་ཀྱང་། ཕྱིར་ཡུལ་ཏུ་ལོག་ནས་ལྷུ་ལག་ཡོད་ཚད་རེ་རེ་བཞིན་སྒྲིག་སྦྱོར་བྱས་པ་དང་། ལོ་གཅིག་གི་རིང་ལ། དགེ་རྒན་གྱི་རྗེས་དེད་དེ་ལྟ་བ་དང་། དེ་ནས་དགེ་རྒན་དང་མཉམ་དུ་ལས་ཀ་ལས་པ་དང་། དེའི་རྗེས་ནས་མི་གཅིག་པུས་ལས་བཞིན་ཡོད་པ་རེད།

སྔོན་ཆད་ཁྲོམ་པར་ལྟ་བསྐོར་བྱེད་པ་ནི་གནད་དོན་འཚོལ་རྒྱུ་དེ་ཡིན་ལ། ད་ལྟ་ཞིག་གསོ་བྱེད་རྒྱུ་དེ་ནི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། ཉིས་སྟོང་བཅོ་ལྔ་ལོར། ཆུ་སྣོན་འཐེན་འཕྲུལ་ཆས་ལ་སྐྱོན་བྱུང་བ་དང་། ཧྥིན་མིན་མིན་དཀའ་ངལ་ལ་འཕྲད། སྤྱིར་ཆེས་མང་ན་ཡང་དུས་ཚོད་ཕྱེད་ཀའི་རིང་ལ་སྒྲུབ་ཚར་ཐུབ་པའི་བྱ་བ་དེ་མི་སྐོར་ཞིག་བཙལ་ནས་དུས་ཚོད་གསུམ་ལྷག་གི་རིང་ལ་དཀའ་སྡུག་གིས་ལས། རྒྱུ་མཚན་ཅིའི་ཕྱིར་ཚད་ལྡན་གྱི་ཆེད་བཀོལ་ལག་ཆ་ཞིག་ཇུས་འགོད་བྱས་མ་ཆོག་པ་ཡིན་ནམ་ཞེས་ཧྥིན་མིན་མིན་གྱིས་བསམ་གཞིགས་མང་པོ་ཞིག་བཏང་།

ལོ་གཅིག་གི་རྗེས་སུ། ཧྥིན་མིན་མིན་དང་ལས་གྲོགས་ཚོས་ཞིབ་འཇུག་གསར་གཏོད་བྱས་པའི་ཆུ་སྣོན་འཐེན་འཕྲུལ་ཆས་ཀྱི་སྟེམ་སྒོ་སྒྲིག་སྦྱོར་སོགས་ཀྱི་གྲུབ་འབྲས་ལ་རྒྱལ་ཁབ་དངོས་བཀོལ་རྣམ་པ་གསར་བའི་ཆེད་སྤྱོད་རྟགས་མ་ཐོབ། མིག་སྔའི་བར་དུ། ལས་སྒྲུབ་ཁང་གིས་སྟེམ་སྒོ་བཞི་བརྒྱ་ལྷག་གསར་བསྒྱུར་བྱས་པ་དང་། སྒྲིག་ཆས་ཀྱི་དཀའ་གནད་ལྔ་བཅུ་ལྷག་ཐག་གཅོད་བྱས་ཤིང་། ཧྥིན་མིན་མིན་དང་ལས་གྲོགས་ཚོར་བསྡོམས་པས་རྒྱལ་ཁབ་ཀྱི་དངོས་བཀོལ་རྣམ་པ་གསར་བའི་ཆེད་སྤྱོད་བྱ་དགའ་བཅུ་དྲུག་ཐོབ།

རྡོ་སྣུམ་སྔོག་འདོན་བཟོ་གྲྭ་གཉིས་པའི་འགན་ཁུར་བ་ལིས་ཡོང་ཆང་གིས་ཧྥིན་མིན་མིན་མོ་རང་གཅིག་པུ་ཡར་རྒྱས་གོང་འཕེལ་དུ་སོང་བ་མ་ཡིན་པར་ཁོ་མོས་མི་སྐོར་ཞིག་གི་སྣེ་ཁྲིད་དེ་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་། ལས་སྒྲུབ་ཁང་གི་རྩལ་ནུས་གསོ་སྦྱོང་ལའང་ཕན་ཐོགས་བསྐྲུན་ཟེར།

དུས་རབས་གཅིག་ལ་དུས་རབས་གཅིག་གི་འགན་འཁྲི་དང་འགན་འཁུར་ཡོད་པ་རེད། རྡོ་སྣུམ་གྱི་བྱ་བ་སྒྲུབ་མཁན་རྒན་པ་དག་གིས་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་མེས་རྒྱལ་ལ་རྡོ་སྣུམ་ཕུལ་བ་དང་། དེ་ནི་རང་སྟོབས་རང་སྤེལ་མངོན་འགྱུར་བྱས་པ་ཞིག་རེད། ང་ཚོས་དུས་རབས་གསར་བའི་རྡོ་སྣུམ་བྱ་བ་སྒྲུབ་མཁན་དག་གིས་སྲོལ་རྒྱུན་རྒྱུད་འཛིན་བྱས་ནས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཐོན་སྐྱེད་ལ་བརྟེན་ནས་ཕན་འབྲས་ཇེ་མཐོར་གཏོང་དགོས་པ་དང་། དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་ན། མུ་མཐུད་དུ་གསར་གཏོད་གསར་སྤེལ་བྱེད་དགོས་ཞེས་ཧྥིན་མིན་མིན་རང་གི་ལས་སྒྲུབ་ཁང་གི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།

                                                                                                                ལོ་ཙཱ། ཚེ་རིང་སྒྲོལ་མ།