དཔལ་ཁ་རྩྭ་ཐང་གི་ཧྲུའུ་ཅི་བཟང་བོ།
2019.05.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1442



གསར་འགོད་པས་དཔལ་ཁ་གྲོང་རྡལ་རྒྱ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་རང་གྲོལ་ལ་བཅར་འདྲི་བྱེད་བཞིན་པ།

སྙན་སྒྲོན་པ།བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ཐེངས་འདིའི་ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི་ཞེས་པའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དཔལ་ཁ་རྩྭ་ཐང་གི་ཧྲུའུ་ཅི་བཟང་བོ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ།ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་བཞི་ཅུ་ལྷག་སོང་ཚེ་རྒྱ་ར་སྡེ་བར་ཐོན་ཐུབ།  རྒྱ་ར་ཞེས་པའི་སྡེ་བ་དེ་དུས་ཤིན་ཏུ་སྔ་མོ་ཞིག་ནས་བཟུང་རྒྱ་ར་ལུང་བ་ཞེས་པའི་ལུང་བ་ཤིན་ཏུ་ཟབ་མོ་ཞིག་གི་མཐིལ་དུ་གཞིས་ཆགས་ཡོད་ཅིང་། གནམ་སྔོན་པོ་མ་གཏོགས་ཅི་ཡང་མཐོང་རྒྱུ་མེད་པའི་རི་གཟར་ལུང་ཟབ་དེའི་སའི་ཆགས་དབྱིབས་ཀྱི་དབང་གིས་ཁོ་ཚོའི་མེས་པོ་གོང་མ་དག་གི་རིང་ནས་བཟུང་། ལུང་ཞབས་ཀྱི་ས་རྒྱ་ཤིན་ཏུ་ཆུང་བ་དེའི་སྟེང་དུ་རྨོན་པ་དོར་དུ་སྡེབས་ནས་ཞིང་འདེབས་པ་དང་མིའི་ལག་ཟུང་གི་རྩོལ་བར་བརྟེན་ནས་ལོ་ཏོག་འབྲེག་སྡུད་བྱེད་པ་ལས་དེང་རབས་ཅན་གྱི་འཕྲུལ་ཆས་དང་ཆུ་གློག་ལམ་གསུམ་སོགས་ཤིན་ཏུ་སྟབས་མི་བདེ་ཞིང་། བཟའ་བཏུང་སོགས་འཚོ་བའི་སྤྱོད་ཆས་ཐད་ཀྱི་དངོས་བོ་ཅི་ཞིག་ཕར་ཚུར་དུ་སྐྱེལ་འདྲེན་བྱེད་པར། གཡང་གཟར་གྱིས་ཁེངས་པའི་ལུང་བ་དེའི་ཁ་ནས་ཞབས་བར་དུ་མི་དང་ཕྱུགས་ཟོག་གི་རྩོལ་བར་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་པས་དུས་ཚོད་མང་པོ་ཞིག་ཀྱང་དེ་ནས་ཆུད་ཟས་སུ་འགྲོ་བཞིན་ཡོད། ལུང་ཞབས་ཟབ་ལ་ལུང་ཞེང་དོགས་པའི་དབང་གིས་ལན་རེར་དབྱར་དུས་ཆར་ཆུ་མོད་པའི་སྐབས་སུ་ཆུའི་འཇིགས་པས་ཀྱང་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་རྒྱུན་དུ་བར་ཆད་བཟོ་བཞིན་ཡོད་པ་རེད། དེ་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་བཀག་རྒྱའི་དབང་གིས་སྡེ་བ་དེའི་སྤྱིའི་འཕེལ་རྒྱས་ཀྱི་ཆ་ནས་ཧ་ཅང་རྗེས་ལུས་རེད། ། ཡིན་ནའང་ཏང་སྲིད་མགོ་ཁྲིད་ཀྱི་ཡང་དག་པའི་སྣེ་ཁྲིད་དང་སྡེ་བའི་ལས་བྱེད་པའི་ཡང་དག་པའི་གདམ་ཀ་བཅས་ལ་བརྟེན་ནས།  ད་ལྟ་སྡེ་བ་དེའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཐད་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་སྟེ། རྒྱ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་རང་གྲོལ་གྱིས།

ཧྲུའུ་ཅི་པདྨ་རང་གྲོལ་གྱི་སྐད་ཆ།   དང་ཐོག་ང་ཚོ་རྒྱ་ར་སྡེ་བ་འདི་རྒྱ་ར་ལུང་པ་ནང་ན་ཆགས་ཡོད་ནི་རེད། དེ་དུས་ཡིན་ན་འགྲིམ་འགྲུལ་དང་ཆུ་གློག་ལམ་གསུམ་སོགས་གང་ཅིའི་ཐད་ནས་ཀྱང་ཧ་ཅང་དཀའ་ངལ་ཆེ།  སྐབས་དེར་སྡེ་བའི་ནང་དུ་ལམ་མེད་པའི་དབང་གིས་ཁང་བ་ཕུབ་པར་སོ་ཕག་འགའ་རེ་ལེན་དགོས་ནའང་རླངས་འཁོར་གྱིས་སྡེ་བའི་ཀླད་ཀྱི་ཐང་ཁར་བསྐྱལ་རྗེས།  ད་གཟོད་སྡེ་བའི་ནང་ནས་རྟ་དྲེལ་སོགས་བཀལ་ནས་ཡོང་དགོས། ཆུ་དང་གློག་ཀྱང་མེད་སྟབས་ཕ་མེས་ཡང་མེས་རིང་ནས་བཟུང་དཀར་ཐོ་བཀར་ནས་བསྡད་པ་རེད། ཆུའི་འཇིགས་པར་ཀྱང་སེམས་ཆུང་བྱེད་དགོས་པས་ལུང་བ་དེའི་འདུག་ཐབས་མེད་པར་གྱུར་ཏེ། ལོ་རབས་དགུ་བཅུ་བའི་ནང་དུ་གོང་རིམ་གྱིས་མི་དམངས་མང་ཚོགས་ལ་སློབ་གསོ་བཏང་སྟེ། རྒྱ་རའི་ཐང་ལ་གནས་སྤར་བར་ཐག་གིས་བཅད་དེ་སྡེ་བའི་གནས་སྤར་བ་ཡིན།

སྙན་སྒྲོན་པ།བྱ་བ་ཀུན་གྱི་མགོ་རྩོམ་རྒྱུ་ནི་ཤིན་ཏུ་དཀའ་ཟེར་བ་ནང་བཞིན། གསར་དུ་གནས་སྤར་བའི་རྒྱ་ར་སྡེ་བར་མཚོན་ན་གནས་དེ་ནས་ཡང་བསྐྱར་ཡོད་ཚད་མགོ་རྩོམ་དགོས་པ་ཞིག་ཏུ་གྱུར་ཡོད་དེ། རྒྱུ་མཚན་ནི་གནས་དེ་རུ་ཆུ་གློག་ལམ་གསུམ་གྱི་དཀའ་ངལ་ཐག་གཅོད་བྱས་པ་ཙམ་ལས་ཅི་ཡང་མེད་པས།  སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་ཞིག་གི་ཚད་གཞིར་བསླེབ་དགོས་ན།  ད་དུང་ཡང་དཀའ་སྡུག་གི་གོ་རིམ་ཇི་འདྲའི་རིང་བོ་ཞིག་བརྒྱུད་དགོས་ཨང་། དེའི་སྐོར་ནས་ཧྲུའུ་ཅི་པདྨ་རང་གྲོལ་གྱིས་བཤད་རྒྱུར།

ཧྲུའུ་ཅི་པདྨ་རང་གྲོལ་གྱི་སྐད་ཆ།  དེ་ལྟར་གནས་སྤར་བའི་རྗེས་སུ་རང་གི་སྡེ་བར་མཚོན་ན་སྡེ་བ་གཞན་དང་བསྡུར་ཚེ་ཕྱོགས་མང་པོ་ཞིག་གི་ཐད་ནས་དཀའ་ངལ་ཆེན་པོ་ཡོད་ཁུ དེ་བས་རང་གིས་ཀྱང་ཕྱིར་འདང་ཞིག་བརྒྱབས་ན་རང་ཉིད་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་གི་འགན་ཁུར་ཡོད་པ་དང་། སྡེ་བའི་མང་ཚོགས་རྣམས་ཀྱང་རང་ཉིད་ལ་རེ་བ་ཆེན་པོ་ཡོད་ཁུ  དེ་བས་རང་གི་ཁྲག་ཏུ་འགན་ཁུར་ལྗིད་མོ་ཞིག་ཡོད་ཁུ   དེ་ཡིན་ན་ད་རང་གིས་ཀྱང་སྡེ་བའི་ལས་བྱེད་པ་རྒན་པ་དང་། ཏང་ཡོན་སོགས་ཀྱི་སྣེ་ཁྲིད་དེ་གོང་རིམ་སྲིད་གཞུང་རིམ་པར་སྡེ་བའི་གནས་ཚུལ་མང་པོ་ཞིག་ཡར་ཞུ་བྱས་པར་གོང་རིམ་གྱིས་ཀྱང་དེ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས། ང་ཚོ་སྡེ་བར་བྱིས་སྐྱོང་ཁང་ཞིག་བཙུགས་པ་ཡིན། བྱིས་སྐྱོང་ཁང་བཙུགས་རྗེས་སྡེ་བའི་བྱིས་པ་རྣམས་ཀྱིས་ན་ཚོད་དང་རན་པའི་སློབ་གསོ་མྱོང་ཐུབ་པ་བྱུང་བས་འདི་ལ་ཕན་པ་རྒྱ་ཆེན་པོ་ཡོད་ཁུ།

སྔོན་ཆད་རྒྱ་ར་ལུང་པའི་ནང་ན་ཡོད་དུས་བྱིས་པ་དང་ལོ་ལོན་ཞིག་ལ་ཐད་ཚ་ཞིག་བྱུང་ནའང་། འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་སྡེ་མི་རྣམས་ཀྱིས་དྲབ་བཅོས་ནས་ཁུར་ཏེ་སྡེ་བའི་ཀླད་འདིར་ཡོང་དགོས་པས་དེ་ལྟར་བྱིས་པ་དང་ལོ་ལོན་རེ་འགའ་ལག་ཉེས་སུ་སོང་བའང་ཡོད། དེ་བས་སྡེ་བ་གནས་སྤར་བའི་རྗེས་སུ་རང་ཉིད་ཀྱིས་ཆེད་དུ་གནས་ཚུལ་འདིའི་སྐོར་ནས་གོང་རིམ་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ། སྒོར་མོ་ཁྲི་ཞེ་བརྒྱད་བཏང་ནས་སྡེ་བར་འཕྲོད་བསྟེན་ཁང་ཞིག་བཙུགས་ཡོད། སྨན་ཁང་དུ་ད་ལྟ་སྨན་རྫས་དང་སྨན་པ་སོགས་ཅི་ཡང་འཛོམས་པས། ལོ་ལོན་དང་བྱིས་པ་རྣམས་ལ་ཆམ་པ་ཙམ་བྱུང་ན་ཡང་སྨན་པར་བསྟན་ཆོག་པས་ཕན་པ་རྒྱ་ཆེན་པོ་ཡོད།

སྙན་སྒྲོན་པ།  ཧྲུའུ་ཅི་པདྨ་རང་གྲོལ་གྱིས་ཏང་ཡོན་རེ་ནི་དར་ཆ་རེ་ཡིན་པའི་ངེས་ཤེས་ཡིད་ལ་གསལ་བོར་འདྲོངས་པར་བྱས་ཏེ།  རྒྱ་ར་སྡེ་བའི་ཏང་ཡོན་གྱི་དཔུང་སྡེ་རྩ་འཛུགས་བྱས་ནས། ཏང་ཡོན་རྣམས་ཀྱི་སྔོན་ཐོན་གྱི་བསམ་བློ་དང་ལག་ལེན་ལ་བརྟེན་ནས་སྡེ་བའི་ནང་གི་ཆ་རྐྱེན་ཞན་པའི་སློབ་མ་དང་དབུལ་ཕོངས་ཁྱིམ་ཚང་གི་ནད་པ་རྣམས་ཀྱི་དཀའ་ཁག་སེལ་ཅི་ཐུབ་བྱེད་བཞིན་ཡོད།

ཧྲུའུ་ཅི་པདྨ་རང་གྲོལ་གྱི་སྐད་ཆ། ང་ཚོའི་སྡེ་བར་མཚོན་གན་ཏང་ཡོན་ལྔ་བཅུ་ང་གཉིས་ཡོད། ཏང་ཡོན་ཞིག་ཡིན་ན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྣེ་ཁྲིད་བྱེད་དགོས། ཡང་དང་རིམ་པར་ཚོགས་འདུ་ཡང་མང་པོ་འཚོགས་དགོས། དེ་བས་ཚོགས་ཁང་ཞིག་ཀྱང་མེད་པའི་གནས་ཚུལ་ལ་གཞིགས་ནས་རང་ཉིད་ཀྱིས་ཐེངས་མང་པོར་གོང་རིམ་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱས་པས། གོང་རིམ་ནས་ཀྱང་སྒོར་མོ་ཁྲི་ལྔ་བཅུའི་མ་དངུལ་བཏང་ནས་ཏང་ཡོན་བྱ་འགུལ་ཁང་ལས་ཡོད། ང་ཚོ་ཏང་ཡོན་རེ་རེ་ཁྱིམ་འབྲེལ་བྱས་ཡོད་པ་དང་། བགོས་ཚེ་ཏང་ཡོན་རེ་ལ་ཁྱིམ་ཚང་ལྔ་བཅུ་རེ་ཐེམས། ཏང་ཡོན་རྣམས་ཀྱིས་གཙོ་བོ་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་སྡེ་བའི་ནང་གི་སློབ་གྲྭ་ཆེན་མོ་བའི་ནང་གི་འཚོ་བར་དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་བྱས་ཏེ། སློབ་མ་སློབ་གྲྭར་འགྲོ་བར་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་དབུལ་བོར་ནད་པ་དྲག་ཅན་ཡོད་ཚེ། ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་རོགས་རམ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པས་དེ་ལ་ཕན་པ་ཆེན་པོ་ཡོད།

སྙན་སྒྲོན་པ། གསར་འགོད་པས་ཧྲུའུ་ཅི་པདྨ་རང་གྲོལ་དང་ཁ་བརྡ་བྱེད་པའི་གོ་རིམ་མཇུག་རྫོགས་ལ་ཉེ་བའི་སྐབས་སུ།  ཁོ་རང་ད་ལྟའི་རྒྱ་ར་སྡེ་བའི་སྤྱིའི་འཕོ་འགྱུར་གྱི་ཆ་ལ་ཡིད་སྤྲོ་བའི་རྣམ་པ་དང་བཅས་ཏེ་ཁ་བརྡ་ཐུང་ངུ་འདི་ལྟར་བྱས་བྱུང་།

ཧྲུའུ་ཅི་པདྨ་རང་གྲོལ་གྱི་སྐད་ཆ།   ད་ལྟ་རང་ཉིད་ཀྱིས་འདི་ལྟར་ཕྱིར་འདང་ཞིག་བརྒྱབས་ན། ཕ་མེས་ཡང་མེས་ཀྱི་རིང་དུ་རྒྱ་ར་ལུང་བའི་ནང་ན་ཡོད་དུས་དང་གནས་སྤར་རྗེས་ཀྱི་ད་ལྟའི་གནས་བབ་གཉིས་གཤིབ་བསྡུར་ཞིག་བྱས་ན། ད་ལྟ་སྡེ་བ་འདིའི་ཕྱོགས་ཡོངས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་གི  འདི་ནི་གཙོ་བོ་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་མི་དམངས་མང་ཚོགས་ཀྱི་འབད་པ། རང་ཉིད་གཙོས་པའི་སྡེ་བའི་ཏང་ཡོན་དང་ལས་བྱེད་པ་རྒན་པ་རྣམས་ཀྱི་འབད་བརྩོན་བཅས་ལ་བརྟེན་པ་རེད། དེ་ཡིན་གོང་རིམ་ནས་རང་ཉིད་ལ་བྱ་དགའ་ཐེངས་མང་གནང་བར་མ་ཟད། གཟེངས་བསྟོད་ཀྱང་མང་དུ་བྱས་མྱོང་།  རང་ཉིད་ལ་མཚོན་ན་རྗེས་ཕྱོགས་ཀྱང་ད་དུང་འབད་བརྩོན་བྱ་རྒྱུའི་འདུན་པ་ཡོད།

སྙན་སྒྲོན་པ།ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དཔལ་ཁ་རྩྭ་ཐང་གི་ཧྲུའུ་ཅི་བཟང་བོ་ཞེས་པ་དེ་ཡིན།ཁྱད་ཚོས་གསན་པར་ཐུགས་རྗེ་ཆེ།

གསར་འགོད་པ་གཡང་འབུམ་རྒྱལ། སྐར་མ་མཚོ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ།རྣ་བྷ།