སློབ་གསོའི་སྟེགས་བུར་བཀོད་པའི་མི་ཚེ་ཡི་རི་མོ།
2019.05.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 172

སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི།”ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སློབ་གསོའི་སྟེགས་བུར་བཀོད་པའི་མི་ཚེ་ཡི་རི་མོ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། དགེ་རྒན་ཕུན་ཚོགས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་མི་ཡིན་ཞིང་། ཁོ་རང་ལས་འཁྱུར་ངལ་གསོ་བྱས་ནས་ད་ལྟའི་བར་དུ་མི་ལོ་མང་པོ་ཞིག་འདས་ཡོད་ནའང་། ཁོས་གུང་ཧོ་རྫོང་གི་མི་རིགས་སློབ་གསོའི་ལས་དོན་ཐད་བཞག་པའི་བྱས་རྗེས་དེ་གུང་ཧོ་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་སིམས་ཤིང་ཁ་ན་གླེང་བཞིན་ཡོད། དང་ཐོག་ཁོ་རང་སློབ་མཐར་ཕྱིན་ནས་དགེ་རྒན་གྱི་ལས་གནས་སུ་ཞུགས་པའི་དུས་ནི་ལོ་རབས་བདུན་ཅུ་བའི་སྟོད་དེ། བོད་ཁུལ་དུ་རིག་གསར་གྱི་རླུང་འཚུབ་ཡལ་ནས་ཡུན་རིང་མ་འགོར་བའི་སྐབས་ཤིག་ལ་འཁེལ་འདུག་ཅིང་། ཏང་གི་ཡང་དག་པའི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་ཉི་འོད་འོག་ཏུ། གུང་ཧོ་རྫོང་གི་གཞི་རིམ་སློབ་གསོའི་མྱུ་གུ་དེ་ཡང་ཐོག་མར་འབུས་མགོ་རྩོམ་པའི་སྐབས་ཤིག་ཡིན་ཙ་ན།  གུང་ཧོ་རྫོང་ཅང་ཤེས་ཞང་དུ་མི་རིགས་སློབ་གསོའི་ལས་གནས་སུ་ཐོག་མར་ཞུགས་མཁན་གྱི་དགེ་རྒན་ཕུན་ཚོགས་ལ་མཚོན་ན་ཁོའི་མི་ཚེ་ཁྲོད་ཀྱི་དཀའ་སྡུག་གི་གོ་རིམ་རིང་མོ་དེ་ཡང་འདི་ནས་ཐོག་མར་མགོ་བརྩམས་པ་རེད།

དགེ་རྒན་ཕུན་ཚོགས་ཀྱི་སྐད་ཆ། སྐབས་དེའི་མི་རིགས་སློབ་གསོའི་རྣམ་པ་ཅི་འདྲ་ཞིག་རེད་ཟེར་ན། ཞང་གི་ནང་ན་བཅའ་སྡོད་སློབ་གྲྭ་ཞིག་ཀྱང་མེད་པའི་རྣམ་པ་དེ་འདྲ་ཞིག་རེད། གཙོ་བོ་སྦྲ་གུར་སློབ་གྲྭ་ཟེར་ནི་ཞིག་ཡོད་ལ་སློབ་གྲྭ་དེའི་སློབ་སྒྲུབ་ཀྱི་ཁྱད་ཆོས་ཅི་འདྲ་ཞིག་རེད་ཟེར་ན། སྡེ་བའི་རུ་ཁག་རུ་ཁག་བྱས་ནས་རུ་ཁག་རེ་ལ་སྦྲ་གུར་སློབ་གྲྭ་རེ་བཙུགས་འདུག  དེ་ནས་བདུན་ཅུ་དོན་ལྔ་ལོར་ཐོན་དུས་ད་གཟོད་བཅའ་སྡོད་སློབ་གྲྭ་ཞིག་འཛུགས་མགོ་བརྩམས་པ་རེད། དེ་དུས་འབྲོག་ཕྱོགས་ནས་གཅིག་གྱུར་གྱི་སློབ་གྲྭ་ཞིག་འཛུགས་དགོས་ན་ཧ་ཅང་དཀའ་ངལ་ཆེ། གཅིག་ནས་སློབ་གྲྭ་འཛུགས་པའི་ཆ་རྐྱེན་ཞན་པ། གཉིས་ནས་སློབ་མ་བསྡུ་དཀའ་བ་སྟེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རང་གི་བྱིས་པ་སློབ་གྲྭར་བསྐྱལ་དགོས་པའི་གོ་རྟོགས་སད་མེད། ཁོ་ཚོས་བྱིས་པ་རྣམས་སློབ་གྲྭར་འགྲོ་བ་ལས་ལག་ཆགས་རྗེས་ཕྱུགས་ཟོག་རེ་འགའ་བགོས་ནས་ཁྱིམ་ཚང་སྐྱོང་ན་དེ་བཟང་འདོད་པའི་བསམ་བློར་མགོ་འཁོར་ནས་བསྡད་ཡོད། དེ་བས་བཅའ་སྡོད་སློབ་གྲྭ་དེ་འཛུགས་པར་སྡེ་བ་རེ་རེར་སོང་ནས་ཁྱིམ་བདག་རྣམས་ལ་བྱིས་པ་སློབ་གྲྭར་བསྐྱལ་དགོས་ཚུལ་གྱི་སྐུལ་སློང་ཚོགས་འདུ་ཐེངས་མང་ཚོགས་ནས་སློབ་མ་བསྡུ་ལེན་བྱས་ནས་ད་གཟོད་བཅའ་སྡོད་སློབ་གྲྭ་དེ་བཙུགས་ནི་རེད།


 གསར་འགོད་པས་དགེ་རྒན་ཕུན་ཚོགས་ལ་བཅར་འདྲི་བྱེད་བཞིན་པ། 

སྙན་སྒྲོན་པ། རང་གི་རིགས་ལ་ཞེན་པ་ཆེ་ཞིང་མི་རིགས་སློབ་གསོ་ལ་དུངས་པ་ཟབ་པའི་དགེ་རྒན་ཕུན་ཚོགས་སོགས་ཀྱིས་ལུས་སེམས་གཉིས་ཀྱི་དཀའ་སྡུག་ལ་བརྟེན་ནས། མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་འགྲམ་གྱི་ཅང་ཤེས་རྩྭ་ཐང་དུ་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་དེ་ཐོག་མར་བཙུགས་ཤིང་། རྩྭ་ཐང་གི་མེ་ཏོག་ལྟ་བུའི་འབྲོག་པའི་བྱིས་པ་མང་པོ་ཞིག་གི་མི་ཚེའི་རྨི་ལམ་འཚོལ་བའི་གོམ་པ་དང་པོ་ཐོག་མར་སྤོ་མགོ་ཚུགས། ཡིན་ནའང་དགེ་སློབ་དེ་དག་གིས་ད་དུང་དཀའ་སྡུག་གི་གོ་རིམ་གང་མང་ཞིག་གདོང་གིས་བསུ་དགོས་ཨང་།

དགེ་རྒན་ཕུན་ཚོགས་ཀྱི་སྐད་ཆ།  སྐབས་དེའི་སློབ་གྲྭའི་འཚོ་བ་ཅི་འདྲ་ཞིག་རེད་ཟེར་ན། སློབ་གྲྭ་བཙུགས་ཟིན་ནའང་གོང་རིམ་ན་སློབ་གྲྭར་འཚོ་བའི་ཁ་གསབ་སོགས་ཅི་ཡང་མེད་པས། གཙོ་བོ་སློབ་མ་རང་རང་གིས་ཁྱིམ་ནས་ཤ་མར་རྩམ་གསུམ་སོགས་རྒྱ་མ་འགའ་རེ་ཁྱེར་ཡོང་བ་དེ་སློབ་གྲྭ་གཞུང་གིས་དེ་རྒྱ་མར་ཚད་རྗེས་མཉམ་དུ་ཇ་ཁང་ནང་དུ་བསྡུས་ནས། ད་ཇ་ཁ་རེ་རེར་ཟ་མ་སྐོལ་ནི་རེད། དེ་མ་གཏོགས་ཚོད་མ་ཉོ་སྤྱད་སོགས་སྒོར་མོ་ཅི་ཡང་མེད། སྐབས་རེར་ཇ་ཁ་གསུམ་པོར་རྩམ་པ་ཟོས་ནས་འདུག་དགོས་དུས་ཀྱང་ཡོད། ཐ་ན་སྐབས་དེར་དགེ་རྒན་གྱི་ཉལ་ཁང་དང་སློབ་མའི་ཉལ་ཁང་། སློབ་ཁང་དུ་གློག་ཀྱང་ཡོད་པ་མ་རེད། དེ་བས་རྡོ་སྣུམ་གྱི་མར་མེ་བཀར་ནས་འདུག་དགོས་པ་རེད། དེ་མིན་དགེ་རྒན་རྣམས་ལ་ཡང་སློབ་གྲྭའི་ནང་དུ་ཟ་མ་བཟའ་སའི་ཇ་ཁང་ཡོད་པ་མ་རེད། སྤྱི་ལེ་གཅིག་ལྷག་གི་ལམ་ཐག་ཏུ་ཟ་མ་ཟ་རུ་འགྲོ་དགོས་པ་རེད། མཚོ་སྔོན་པོའི་ས་ཆར་རླུང་ཆེ་བས་ཁངས་བབས་པ་དང་རླུང་གཡུགས་པའི་སྐབས་སུ་ཟ་མ་བཟའ་རུ་ཡང་འགྲོ་མི་ཐུབ་པར་ཉིན་གང་བོར་སྲན་ནས་འདུག་དགོས་ནི་རེད། ད་དེ་ལྟར་སྐབས་དེར་དཀའ་སྡུག་མང་པོ་མྱངས་པ་རེད།

སྙན་སྒྲོན་པ། དགེ་རྒན་ཕུན་ཚོགས་ལགས་ཀྱིས་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་མཚོ་སྔོན་པོའི་རྩྭ་ཐང་དུ་གཞི་རིམ་སློབ་གསོའི་ཐད་ལ་ཤ་ཐང་རུས་ཐང་གིས་འབད་པ་ལྷུར་ལེན་བྱས་པས།  བཅའ་སྡོད་སློབ་ཆུང་དེ་ཡང་ཕྱོགས་ཡོངས་ནས་ཅུང་ཚད་ལྡན་ཅན་གྱི་ལམ་དུ་འགྲོ་མགོ་ཚུགས།

གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་ཐོན་དུས། གུང་ཧོ་རྫོང་མི་རིགས་སློབ་འབྲིང་དེ་ཐོག་མར་བཙུགས་གྲུབ་བྱུང་བས། བྱ་བའི་དགོས་དབང་གིས་དགེ་རྒན་ཕུན་ཚོགས་ལགས་སློབ་གྲྭ་དེ་གར་ལས་གནས་སྤར་བ་རེད།

དགེ་རྒན་ཕུན་ཚོགས་ཀྱི་སྐད་ཆ།  གཅིག་དགུ་བརྒྱད་ཅུ་ཐམ་པའི་ལོར་ད་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དེ་སོ་མར་བཙུགས་པ་དང་། དེ་ནས་ལས་གནས་སྤར་དེ་སློབ་གྲྭ་དེར་སོང་བ་ཡིན། དམའ་འབྲིང་སློབ་གྲྭར་སོང་ན་རང་ཉིད་སྐབས་དེར་དམའ་འབྲིང་ནས་མཐར་ཕྱིན་པ་རེད། སྐབས་དེར་སློབ་གྲྭ་ནས་སློབ་གསོ་མྱངས་ནོ་ཡང་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཏག་ཏག་ཡིན་པས། སྐབས་དེར་བོད་ཡིག་བཅོས་བསྒྱུར་བྱས་ཡོད་པའི་སྐབས་ཀྱི་སློབ་མ་རེད། དཔེར་ན། སུམ་ཅུ་བའི་འབྲེལ་སྒྲའི་ཕྲད་ཀྱང་གི་འི་ཡི་གསུམ་མ་གཏོགས་ཀྱི་གྱི་གཉིས་མི་མཁོ་ཟེར་ནས་ཚགས་པར་སོགས་ཀྱི་སྟེང་དུ་ཡང་དེ་བཞིན་དུ་བཀོད་ཡོད་པ་རེད། “མིན་གི་རེད”ཟེར་ནས་འབྲི་བའི་སྐབས་དེ་རེད། དེའི་སྟབས་ཀྱིས་སྐབས་དེའི་དགེ་རྒན་གྱིས་རང་གིས་བསྒྲིགས་པའི་སློབ་དེབ་དེར་བརྟེན་ནས་སྦྱངས་པ་མ་གཏོགས་གཞན་ཆེན་པོ་ཞིག་སྦྱངས་ཡོད་ནི་མ་རེད།  དེ་ནས་རང་ཉིད་ཀྱི་བསམ་པའི་སྟེང་ན་ཡང་གནོན་ཤུགས་ཡོད།  དེ་བས་གོང་རིམ་སློབ་གསོ་སྡེ་ཁག་ལ་རེ་བ་བཤད་ནས་རང་ཉིད་སློབ་གྲྭ་ཞིག་ལ་འགྲིམས་དགོས་པའི་གནས་ཚུལ་བཤད་པས་དེ་ལ་ཆོག་མཆན་ཡང་ཐོབ་སོང་། དེ་བས་ང་རང་སྐབས་དེའི་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས་ཟུར་ཞུགས་བྱས་ནས་ལོ་གཅིག་ལ་བསྡད། སྐབས་དེར་དགེ་རྒན་ཆེན་མོ་བདེ་མཆོག་དང་ཨ་ལགས་དོར་ཞི་སོགས་ཀྱི་སློབ་ཁྲིད་ལ་ཉན་ནས་སུམ་རྟགས་དང་སྙན་ངག་གི་སྐོར་ལོ་གཅིག་ལ་སྦྱངས་ནས་ཕྱིར་ཡོང་། དེ་ལྟར་ཕྱིར་ཡོང་ན་རང་གི་སློབ་སྦྱོང་གི་ཆ་ལ་ཡང་འཕེལ་རྒྱས་ཅུང་ཙམ་བྱུང་འདུག་པས་དམའ་འབྲིང་གི་སློབ་དེབ་ཁྲིད་ན་ཡང་དཀའ་ངལ་ཡོད་ཀྱང་སྔོན་ཆད་ཀྱི་དེ་འདྲའི་བློ་ཕན་དགོས་པ་ཞིག་མ་རེད།

སྙན་སྒྲོན་པ། དགེ་རྒན་ཕུན་ཚོགས་ལགས་ཀྱིས་གསེར་ལས་དཀོན་པའི་མི་ལོ་སུམ་ཅུ་ལྷག་ཅིག་གུང་ཧོ་ས་ཆའི་མི་རིགས་སློབ་གསོའི་བྱ་གཞག་ལ་ཕངས་མེད་དུ་ཕུལ་ཞིང་། ཁོའི་གཟབ་ནན་གྱི་སློབ་སྟོན་དང་བརྩེ་སེམས་ཀྱིས་བསྐྱངས་པའི་སློབ་མ་མང་པོ་ཞིག་ཀྱང་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཏེ་ཡུལ་ཕྱོགས་ཀུན་ཏུ་ཁྱབ་ཅིང་།  སྔ་ཕྱིར་ཁུལ་དང་ཞིང་ཆེན། རྒྱལ་ཡོངས་རིམ་པ་བཅས་ནས་ཁོང་ལ་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་དང་ཆོ་ལོའང་མང་དུ་བསྩལ་བ་རེད།

དགེ་རྒན་ཕུན་ཚོགས་ཀྱི་སྐད་ཆ། སློབ་ཁྲིད་བྱེད་པ་དང་ལས་བྱ་དག་བཅོས་བྱེད་པ་སོགས་གང་གི་ཆ་ནས་ཀྱང་རང་གིས་ནན་ནན་ཏིག་ཏིག་བྱས་པས། སློབ་གྲྭ་དང་སྤྱི་ཚོགས་སྟེང་ནས་ཀྱང་རང་ཉིད་ལ་ཁས་ལེན་ཅུང་ཙམ་ཐོབ། སློབ་མ་ཡིན་ན་ཡང་གང་མང་བསྐྱངས་ཡོད། ད་ལྟ་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་པ་ཡིན་ན་འདྲ་དགེ་རྒན་ཡིན་ན་འདྲ། སྨན་ཁང་གི་སྨན་པ་ཡིན་ན་འདྲ་སློབ་མ་མང་པོ་བསྐྱངས་ཡོད་པ་རེད། ད་ལྟ་གུང་ཧོ་རྫོང་གི་སློབ་ཆུང་ཚང་མའི་དགེ་རྒན་ཕལ་ཆེར་རང་གི་སློབ་མ་ཡིན་རྒྱུ་རེད། དེ་བས་གོང་རིམ་པ་ནས་ཀྱང་རང་ཉིད་ལ་གདེང་འཇོག་ལེགས་པོ་བྱས་ཏེ། གྱ་བཞི་ལོར་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་དགའ་དང་གྱ་ལྔ་ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་དགའ་སོགས་ཀྱང་བསྟུད་མར་ཐོབ་མྱོང་།


དགེ་རྒན་ཕུན་ཚོགས་ལ་ཐོབ་པའི་རྒྱལ་ཁབ་རིམ་པའི་གཟེངས་རྟགས། 

སྙན་སྒྲོན་པ། སྤྱི་ལོ་ཉིས་སྟོང་དྲུག་ལོར་དགེ་རྒན་ཕུན་ཚོགས་ལགས་ལས་འཁྱུར་ངལ་གསོ་བྱས་ཟིན་ནའང་། ཁོས་ད་དུང་མི་རིགས་ཀྱི་སློབ་གསོ་བ་ཞིག་དང་རིག་གནས་པ་ཞིག་གི་མི་ཚེའི་རྣམ་ཐར་དེ་ད་དུང་ཡང་མུ་ནས་མུ་རུ་སྐྱོང་བཞིན་ཡོད་པ་སྟེ།

དགེ་རྒན་ཕུན་ཚོགས་ཀྱི་སྐད་ཆ། ཉིས་སྟོང་དྲུག་གི་ལོར་ལས་འཁྱུར་ངལ་གསོ་བྱས་པ་དང་། རང་ཉིད་བྱ་བའི་སྟེང་ན་ཡོད་དུས་སུ་ས་ཆ་འདི་ནས་ཁ་ལས་ཅུང་དགེ་ནི་རེད། དེ་བས་ལས་འཁྱུར་ངལ་གསོ་བྱས་རྗེས་སུ་རྫོང་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་གདན་ཞུ་ལྟར། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ཚང་གི་གསུང་འབུམ་ལ་དག་སྒྲིག་བྱེད་པའི་ལས་ཀར་སྔ་གཞུག་ཏུ་ལོ་བཞི་ཙམ་ལ་ཞུགས་ནས། ཉིས་སྟོང་བཅོ་ལྔ་ལོར་ཡོངས་སུ་ལེགས་འགྲུབ་བྱུང་ནས་ད་སྐབས་པར་སྐྲུན་བྱས་ཡོད་པ་དེ་རེད།

སྙན་སྒྲོན་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་སློབ་ཁྲིད་སྟེགས་བུར་བྲིས་པའི་མི་ཚེ་ཡི་རི་མོ་ཞེས་པ་དེ་ཡིན།  ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།

གསར་འགོད་པ། གཡང་འབུམ་རྒྱལ། སྐར་མ་གམཚོ།

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།