དམངས་ཁྲོད་སྒྱུ་རྩལ་པ་ཞིག་གིས་སློབ་གསོ་ལ་བཅངས་པའི་བརྩེ་བ།
2019.05.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

ཁྲི་ཀ་རྫོང་ཧོ་ཏུང་ཞང་ཀླུ་ཕུགས་སྡེ་བར་ཐོན་པ་ན། གྲོང་ཚོ་ཆུང་ཆུང་ཞིག་གི་འཕེལ་རྒྱས་དང་ཞིང་པ་དཀྱུས་མ་ཞིག་གི་ཕུགས་འདུན་ལས། ངོ་མཚར་བའི་ལོ་ངོ་བདུན་ཅུའི་འཕོ་འགྱུར་དང་དུས་རབས་གསར་པའི་འབད་བརྩོན་གྱི་སྙིང་སྟོབས་མཚོན་ཡོང་ལ། ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་པའི་ན་གཞོན་ཞིག་གི་སེམས་ཤུགས་ཀྱང་རྟོགས་ཐུབ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དམངས་གླུ་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་གླུ་བ་བཀྲ་ཤིས་ཚེ་རིང་རེད།

མཚོ་སྔོན་ཞིང་ཆེན་བོད་ཀྱི་དམངས་གླུ་ཤུལ་བཞག་རིག་གནས་བརྒྱུད་འཛིན་པ་གླུ་བ་བཀྲ་ཤིས་ཚེ་རིང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་དུ་ཆས་པ།
        

ཁོས་འཇེབ་འཁོར་ཆུང་ངུ་ཞིག་གི་ནང་དུ་བྱིས་པའི་རྩེད་ཆས་སྣ་ཚོགས་ཤིག་དྲུད་དེ་བྲེལ་འཚུབ་ངང་ལམ་དུ་ཆས་པར་བརྟགས་ན། གླུ་བ་བཀྲ་ཤིས་ཚེ་རིང་ལ་དམངས་གླུ་ལེན་པ་ལས་ལྷག་པའི་ལས་དོན་གལ་ཆེན་ཞིག་བསྒྲུབ་རྒྱུ་ཡོད་པ་འདྲ། ཁྱེད་རང་གང་དུ་ཆས་རྩིས་ཡིན་ཞེས་དྲིས་པ་ན། “བདག་གིས་རྫོང་མཁར་ན་ཨ་མའི་ནོར་བུ་བྱིས་སྙོར་ཁང་ཞིག་བཙུགས་ཡོད་པས། བྱིས་པ་ཚོར་དམངས་གླུ་ཁྲིད་དུ་འགྲོ་རྒྱུ་ཡིན” ཞེས་བཤད།

གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

བཀྲ་ཤིས་ཚེ་རིང་ནི1980ལོར་ཞིང་པའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་སློབ་ཆུང་ལོ་རིམ་ལྔ་པ་འགྲིམས་རྗེས་ན་མཉམ་གྲོགས་པོ་ཚོ་དང་ལྷན་དུ་སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་པར་རྫི་བོའི་ལམ་ཁར་བསྙེགས་པ་རེད། དེ་ནས་བཟུང་ཞོགས་པར་ར་ལུག་རྣམས་རི་མགོར་འདེད་པ་དང་། ཉིན་དཀར་ཞིང་རྨོ་བ་དང་ཡུར་ཆུ་འདྲེན་པ། མཚན་མོར་སྡེ་བའི་གླུ་བ་རྒན་པ་རེ་ཟུང་གི་མདུན་ནས་གླུ་ཚིག་སྦྱོང་བ་དང་། ཕྱི་ཉིན་ར་རྫི་ལུག་རྫི་བྱེད་ཞོར་གླུ་ལེན་རྒྱུ་ནི་ཁོའི་དགའ་ཕྱོགས་ཉག་ཅིག་ཏུ་གྱུར།

ཁོས་རྒྱུན་དུ“དམངས་གླུ་ལེན་ཞོར་དུ་ར་ལུག་འཚོས་ན་སྐྱིད་པོ་རེད་འདོད་མྱོང་ལ། ར་ལུག་ཇེ་མང་དུ་སོང་ན་ཕྱུག་པོའང་རེད་འདོད་མྱོང་།”དེ་དུས་བཀྲ་ཤིས་ཚེ་རིང་ལོ་བཅུ་གསུམ་ཡིན། སྐབས་དེར་སྡེ་བའི་ནང་ཕྱུགས་ཟོག་འཚོ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པས། སྡེ་མི་ཚོར་སྒོ་ཕྱུགས་མང་པོ་ཡོད་ན་ཕྱུག་པོ་ཡིན་པའི་བསམ་བློ་ཡོད་ལ། བཀྲ་ཤིས་ཚེ་རིང་གི་སེམས་སུའང་དེ་ལྟར་འདོད་མྱོང་། དེ་ནས་ལོ་འགའ་འགོར་རྗེས། རྩྭ་ཕྱུགས་དོ་མཉམ་མིན་པའི་སྣང་ཚུལ་ལས་སའི་བཅུད་ཤོར་བ་དང་ར་ལུག་གི་ཁ་གྲངས་མར་ལྷུང་བ་སོགས་ཀྱི་གནད་དོན་ཁྲོད། ཁོའི་ཕྱུགས་ཟོག་འཚོ་བའི་བསམ་བློར་རིམ་བཞིན་འགྱུར་བ་ཐེབས།

                   བརྩེ་བའི་དྲོད་ཁོལ་ཁྲོད་ནས་མི་ཚེའི་རིན་ཐང་རྙེད།


ཁོས”ཕ་ཡུལ་གྱི་ས་ཆུ་སྲུང་འཛིན་བྱ་རྒྱུ་མི་རེར་འགན་ཁུར་ཡོད”ཟེར་བཞིན། ཡབ་མེས་ནས་ཡུན་རིང་བརྒྱུད་འོང་བའི་ཕྱུག་ཟོག་འཚོ་སྟངས་ལས་འགོངས་ཏེ་འཚོལ་སྙེག་གསར་པ་ཞིག་གི་མགོ་བརྩམས་པ་དང་། གནས་ལུགས་ཟབ་མོ་གླུ་རུ་དྲངས་ནས་མང་ཚོགས་ལ་སློབ་གསོ་གཏོང་བར་འབད་པ་ན། ཁོའི་བསམ་ཚུལ་བཟང་པོ་དང་སྐད་ངག་སྙན་མོར་སྡེ་བའི་ཕོ་མོ་རྒན་གཞོན་རྣམས་ཀྱིས་གདེང་འཇོག་བཟང་པོ་ཐོབ་སྟེ་སྲིན་པོ་རྫ་འདབས་ཀྱི་ཁུ་བྱུག་སྔོན་མོ་ཞེས་བོས།

དེ་ནས་བཟུང་། བཀྲ་ཤིས་ཚེ་རིང་གིས་ཕྱུག་འཚོ་བའི་ལམ་བུ་བསྐྱུར་ནས་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཞུགས། གཅིག་ནས་ཁོ་ལ་མི་གཤིས་ཡག་པོ་ཞིག་ཡོད་པ་དང་། གཉིས་ནས་སྐད་ངག་ཡག་པོ་ཞིག་ཡོད་སྟབས། སྡེ་བའི་ཁྱིམ་མི་ལྷན་འཛོམས་དང་། ལོ་གསར་སྤྲོ་ཚོགས། ཞང་རིམ་པ་དང་རྫོང་རིམ་པའི་སྤྲོ་ཚོགས་སྟེང་ཞུགས་པར་ཡུལ་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་ནི་བཀྲ་ཤིས་ཚེ་རིང་ལ་མཚོན་ན་བློ་བསྐྱེད་ཐེངས་ཤིག་ཅི་ལ་མིན། ཉམས་རྒུད་དུ་འགྲོ་བཞིན་པའི་དམངས་ཁྲོད་གླུ་གཞས་འདི་སླར་གསོ་བྱེད་དགོས་ན། མི་རང་ཉིད་ནས་མགོ་བརྩམས་ཏེ་ཚོགས་པ་ཞིག་གིས་བསྒྲུབ་དགོས་པར་བསམས་ནས། ཁྲི་ཀ་རྫོང་གི་མངའ་ཁོངས་ནས་དམངས་ཁྲོད་གླུ་གར་མཐུན་ཚོགས་བཙུགས་པ་དང་། ཚོགས་པར་ས་གནས་སྲིད་གཞུང་དང་མི་རིགས་སོ་སོའི་རྒྱབ་སྐྱོར་ཐོབ་པར་བསྟུན། ཁོ་རང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དང་པོ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་བོད་ཡུལ་དུ་བསྐྱོད་པའི་ལོ་གསར་སྤྲོ་ཚོགས་དང་། མཚོ་ལྷོ་ཁུལ་གྱི་སྤྲོ་ཚོགས། ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ལ་ཞུགས་ནས་བྱ་དགའ་མང་པོ་ཞིག་ཐོབ་མྱོང་།

བཀྲ་ཤིས་ཚེ་རིང་གི་དཔེ་སྒྲོམ་སྟེང་། ང་ཚོའི་མཐོང་ལམ་དུ་རྒྱུ་འོངས་པ་ནི་མཚོན་མདོག་མི་འདྲ་བའི་སྒྲ་ཐག་དང་འོད་སྡེར། དེ་མིན་སྒྲིག་གཞི་མི་གཅིག་པའི་དམངས་སྲོལ་རིག་གནས་སྐོར་གྱི་གླུ་ཤགས་དང་རྟ་བཤད། དམངས་གླུ་ཕྱོགས་བསྒྲིགས་བཅས་དཔེ་དེབ་ཉི་ཤུ་ལྷག་ཡོད་པ་དེ་ཡིན། ལོ་ངོ་མང་པོའི་རིང་ལ་ཁོས་དགུན་ཁ་བ་དང་དབྱར་ཆར་བར་མ་འཛེམས་པར་ལེ་དབར་བརྒྱ་ལྷག་གི་མཐའ་འཁོབ་སྡེ་བར་ཕྱིན་ནས། དཔེ་རྙིང་འཚོལ་སྡུད་དང་རྒན་པའི་ངག་ནས་གླུ་ལེན་སྟངས་སོགས་ཟིན་བྲིས་འདེབས་པ་དང་སྒྲ་ཕབ་པ། ཕྱོགས་བསྒྲིགས་བྱེད་པ། པར་སྐྲུན་བཅས་ཀྱི་ཐད་ལ་ཤ་འབད་རུས་འབད་བྱས་ཏེ། དཀའ་ཚེགས་ཀྱི་གཏམ་རྒྱུད་རེ་རེ་བསྒྲིགས་པ་ནི་ཕལ་བའི་མི་ཡི་སེམས་ལ་ཤོངས་དཀའ་བ་ཞིག་རེད། འདི་ནི་ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་རིག་གནས་ལ་བཅངས་པའི་འདུན་མ་རེད།

2008ལོར་བཀྲ་ཤིས་ཚེ་རིང་ལ་མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་གྱི་མཚན་སྙན་ཐོབ།

2010ལོར་ཁོས་ཁྲི་ཀ་རྫོང་དམངས་སྲོལ་དམངས་གླུ་མཐུན་ཚོགས་བཙུགས་ཤིང་ཡུལ་དེའི་གླུ་བ་གླུ་མ་སུམ་ཅུ་ལྷག་གསོ་སྐྱོང་བྱས། ལོ་དེའི་ཟླ་བཅུ་པའི་ནང་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་གྱིས་ཞིང་ཆེན་དམངས་གླུ་འགྲན་ཚོགས་ཐེངས་གསུམ་པ་བསྡུས། སྔ་གཞུག་ཏུ་གླུ་ཤགས་དང་སྲིད་པ། སྟོན་བཤད། ལ་གཞས། དམངས་གླུ་སོགས་དེབ་ཕྲེང་བཅུ་ཕྲག་ལྷག་འཚོལ་སྡུད་དང་པར་སྐྲུན་བྱས།

2018ལོར། མཚོ་སྔོན་ཞིང་ཆེན་བོད་ཀྱི་དམངས་གླུ་གཟུགས་འདས་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པའི་ཆོ་ལོ་བསྩལ།

དཀའ་ངལ་ཡོད་པའི་སུང་ཏེ་ལེན་ཚང་ལ་རོགས་སྐྱོར་བྱེད་བཞིན་པ།

སློབ་གསོ་ལ་བཅངས་པའི་བརྩེ་བ།

བཀྲ་ཤིས་ཚེ་རིང་ལ་གཞན་དང་མི་འདྲ་བའི་ཐོབ་ཐང་ཞིག་ཡོད་པ་ནི་ཞིང་ཆེན་རིམ་པའི་དམངས་གླུ་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་དང་ཁྲི་ཀ་རྫོང་ཨ་མའི་ནོར་བུ་བྱིས་སྐྱོང་གླིང་གི་ཡོན་ཀྲང་གཞོན་པ་ཡིན་པ་དེ་རེད།

གོ་སྐབས་ནི་ནམ་ཡང་བརྩོན་འགྲུས་ཅན་དང་ཕུགས་བསམ་ཅན་གྱི་མི་ལ་དབང་ཞེས་པ་ཅིས་མ་བདེན། བཀྲ་ཤིས་ཚེ་རིང་གིས་རྨི་ལམ་ནང་དུའང་རང་ཉིད་སློབ་གྲྭར་འགྲོ་མ་ཐུབ་པ་དང་ཡུལ་ལུང་གི་བྱིས་པ་ཚོ་ཡང་གྲོང་རྡལ་གྱི་བྱིས་སྙོར་ཁང་དུ་བསྐྱལ་ཐུབ་ན་ཅི་མ་རུང་ཞེས་རྨིས་མྱོང་ལ། 2017ལོའི་ཟླ6པར། སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྱིམ་བདག་གི་ཡིད་ཆེས་འོག ཁྲི་ཀ་རྫོང་སློབ་གསོ་ཅུས་ཀྱི་ཆོག་མཆན་ཐོབ་ཅིང་ཁོ་རང་ཉིད་ནས་མ་དངུལ་སྒོར་ཁྲི60ལྷག་བཏོན་ནས་གཞུང་བཙུགས་དམངས་གཉེར་གྱི་ལམ་ལུགས་ལྟར་ཨ་མའི་ནོར་བུ་བྱིས་སྐྱོང་གླིང་འཛུགས་ཐུབ་པ་བྱུང་།

དང་ཐོག་ཁོའི་སེམས་སུ། “ང་གླུ་བ་ཞིག་གིས་བྱིས་པ་ཚོར་ཅི་ཞིག་ཁྲིད་དམ། མཁར་གྲོང་བྱིས་པ་ཚོས་དམངས་གླུ་ཤེས་སམ། གལ་ཏེ་བྱིས་སྙོར་ཁང་ལ་སློབ་མ་ཡོང་མཁན་མེད་ཚེ་ངས་ཅི་ཞིག་བྱའམ”ཞེས་ཁོ་རང་སེམས་ཚེགས་ཀྱི་གནས་སུ་ལྷུང་མྱོང་མོད། མ་བསམ་ས་ནས་སློབ་མགོ་ཚུགས་པ་དང་མཉམ་དུ་ཨ་མའི་ནོར་བུ་བྱིས་སྙོར་ཁང་དུ་བྱིས་པ་བརྒྱ་ཕྲག་ལྷག་འབྱོར་སོང་། འགན་འཁྲི་ནི་གནོན་ཤུགས་ཡིན་ཟེར་བ་ཅིས་མ་བདེན། གླུ་བ་བཀྲ་ཤིས་ཚེ་རིང་ཡོན་ཀྲང་དུ་གྱུར་པ་ནས་བཟུང་ཁོ་རང་མཐའ་འཁོར་གྱི་བྱིས་སྙོར་ཁང་སོ་སོར་སློབ་སྒྲུབ་ཀྱི་ཉམས་མྱོང་ལེན་དུ་སོང་བ་དང་། རྫོང་སློབ་གསོ་ཅུས་ཀྱིས་བཏོན་པའི”ཡུལ་སྲོལ་རྨང་། བྱིས་པ་གཞི། ཆོས་ཉིད་སྲོག”གི་བླང་བྱ་ལྟར་སློབ་སྒྲུབ་ལ་ཁ་ཕྱོགས་བརྟན་པོ་ཚུགས།

ཁོས་བཤད་རྒྱུར། “ཁྱིམ་བདག་དང་བྱིས་པ་གཉིས་ནི་བྱིས་སྙོར་ཁང་གི་སྲོག་རྟེན་གཙོ་བོ་ཡིན་ལ། བྱིས་སྙོར་ཁང་གི་ཞབས་ཞུའི་འོས་འགན་གཙོ་བོ་ཡང་ཡིན། ན་ནིང་ཐུན་ཏེ་གཞིས་ཁུལ་གྱི་རྒྱ་རིགས་རྒན་པོ་ཞིག་ལ་རང་གི་ཚ་བོ་བྱིས་སྙོར་ཁང་དུ་བསྐྱལ་རྒྱུའི་སློབ་ཡོན་སྟེར་རྒྱུ་མེད་པས་ངས་རིན་མེད་ཀྱི་སློབ་གྲྭར་བླངས་པ་དང་། ཀོ་ར་གཞིས་ཁུལ་གྱི་ཧེ་རིགས་སློབ་མ་དབང་བོ་སྐྱོན་ཅན་ཞིག་བྱིས་སྙོར་ཁང་གང་དུ་འང་འགྲོ་ས་མེད་པས་ངས་མ་སྐུལ་དང་ལེན་གྱིས་ངེད་བྱིས་སྙོར་ཁང་དུ་བླངས་པ་ཡིན”ཟེར།ན་ནིང་གི་དཔྱིད་ཀའི་དགོང་མོ་ཞིག་ལ། སྡེ་མི་ཡོངས་ཕལ་ཆེར་གཉིད་ལ་ཤོར་འདུག བྱིས་པའི་ཁྱིམ་བདག་སུང་ཏེ་ལེན་གྱིས་ཀེའུ་ཚོད་ཟོས་ནས་ཞུ་མ་ཐུབ་པར་སྨན་ཁང་དུ་སྐྱེལ་དགོས་ཞེས་ཁོ་ལ་ཁ་པར་ཐོན་པ་ན། བཀྲ་ཤིས་ཚེ་རིང་མྱུར་མོར་ཁོ་ཚང་དུ་སོང་སྟེ་ཁོ་རང་འཕྲུལ་རྟར་བསྐྱོན་དེ་རྫོང་སྨན་ཁང་དུ་བསྐྱལ། སུང་ཏེ་ལེན་གྱི་ཨ་མ་ལོ་ལོན་གྱིས་བཀྲ་ཤིས་ཚེ་རིང་གིས་སྨན་རིན་དང་ཟ་འཐུང་། མལ་ཆས་སོགས་ཀྱི་རོགས་རམ་གནང་བ་ཤེས་རྗེས་སེམས་འགུལ་ཐེབས་ནས་མིག་ཆུ་བཞུར། འདི་ལྟར་ཁོ་གཉིས་ད་ལྟ་གྲོགས་པོ་བཟང་པོར་གྱུར་ཡོད།

སུང་ཏེ་ལེན་གྱིས་བཤད་རྒྱུར།  “ངའི་ཨ་མ་ནད་པ་ཡིན་པ་དང་བདག་ལ་ད་ལྟ་བཟའ་ཟླ་ཡང་མེད་ནའང་། ང་ལ་བཀྲ་ཤིས་ཚེ་རིང་ལྟ་བུའི་གྲོགས་པོ་ཞིག་ཡོད་པ་ནི་བདག་གི་བསོད་ནམས་ཡིན་”ཟེར།

བགྲེས་སོང་རྒན་པོའི་བསྔགས་བརྗོད་ཀྱི་ཁྲོད་ནས་ཕུགས་སེམས་ལ་སྤོབས་པ་རྒྱས།

       བྱིས་སྐྱོང་གླིང་གཉེར་བའི་གོ་རིམ་ཁྲོད། མི་མང་པོ་ཞིག་གིས་ཁྱོད་ཀྱིས་ལས་ཀ་འདི་བདམས་པའི་དམིགས་ཡུལ་ཅི་ཡིན་ཞེས་དྲི་བ་སྣ་མང་བཏོན་མྱོང་། བཀྲ་ཤིས་ཚེ་རིང་གིས་ལན་འདེབས་ཚུལ་ལ་ནམ་ཡང་འགྱུར་བ་བྱུང་མ་མྱོང་། “རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས། ང་ཚོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་འོས་འགན་ཞིག་ཡིན་ལ། འོས་འགན་འདི་ང་ཚོས་ངེས་པར་ཏུ་བསྒྲུབ་དགོས་པ་ལས་དཀའ་ཁག་ཅིག་ཏུ་བརྩི་མི་རུང་ཞེས་བཤད།

             ཁོ་དང་ཁོས་གཉེར་བཞིན་པའི་ཁྲི་ཀའི་ཨ་མའི་ནོར་བུ་བྱིས་སྐྱོང་གླིང་གི་སློབ་གྲོགས་ཚོ།
      སློབ་གཙོ་སྒྲོལ་མ་ཚེ་རིང་གིསབཤད་རྒྱུར། “གླུ་བ་བཀྲ་ཤིས་ཚེ་རིང་ཡོད་པས། ངེད་བྱིས་སྙོར་ཁང་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོས་རྒྱུན་པར་དགེ་སློབ་ཡོངས་ལ་གླུ་དང་ཨ་རྩེད། ཤགས། སྲིད་པ། གཏམ། ཁེད། གནའ་གཏམ།  རྟ་བཤད། སྒ་བཤད། སྟོན་བཤད། ཇ་བཤད། ཆང་བཤད། སྒྲུང་བཤད་སོགས་ཁྲིད་དེ་ད་ལྟ་ངེད་བྱིས་སྙོར་ཁང་གི་སློབ་མ་རེ་རེ་ཁ་ན་གཏམ་རེ་དང་གླུ་རེ་ཡོད་”ཅེས་མོས་ང་ཚོ་གསར་འགོད་པ་ཚང་མ་ཁྲིད་དེ་སློབ་ཁང་དུ་སོང་ནས་སྙིང་ཉེ་བའི་བྱིས་པ་ཚོར་གླུ་དང་ཁ་མཚར་བཤད་དུ་བཅུག

བཀྲ་ཤིས་ཚེ་རིང་གི་ཡིད་ལ་དམ་པོར་བཟུང་ཡོད་པ་ནི། ང་ཚོས་འདི་ལྟ་བུའི་སློབ་གྲྭ་ཞིག་བསྒྲུབས་པའི་དམིགས་ཡུལ་ནི། “ཡུལ་སྲོལ་རྨང་། བྱིས་པ་གཞི། ཆོས་ཉིད་སྲོག”གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱ་བོད་སྐད་གཉིས་ལ་གཞི་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། བཀུར་སྐྱོང་ཤེས་པ། བཀའ་དྲིན་དྲན་པ། འཆམ་མཐུན་ཡོད་པ། སྤྲོ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། 
                                                                                                                               

རྩོམ་སྒྲིག་པ།  སྐར་མ་འཚོ།