རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་རིན་ཆེན་སྐྱིད་ཀྱི་ཕྱུག་འགྱུར་ལམ་བུ།
2019.05.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 236

སྙན་སྒྲོན་པ།ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བསྟུད་འགོད་ཆེད་སྒྲིག་ལེ་ཚན“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི”ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་མཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་རིན་ཆེན་སྐྱིད་ཀྱི་ཕྱུག་འགྱུར་ལམ་བུ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་བཅུ་འགོར་བའི་ལོ་ཡིན། ཟླ་ལྔ་བར། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་བསྒྲུབས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི”ཞེས་པའི་བཅར་འདྲི་ཚན་ཆུང་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་རྫོང་ལྔ་བོར་བཅར་འདྲིར་བྱེད་པར་ལམ་དུ་ཆས། རྩྭ་ཐང་ཡངས་པོས་ལྗང་མདོག་གི་ལྭ་བ་གྱོན་པའི་དུས་བཟང་ལ་བཅར་འདྲི་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལམ་དུ་ཆས་ཏེ་ཁྲི་ཀ་རྫོང་དུ་བསྐྱོད་པ་དང་། ལམ་བར་དུ་ང་ཚོའི་མིག་ལམ་དུ་མངོན་པ་ནི་སྔོ་ལྗང་གི་སྡོང་བོ་དང་མེ་ཏོག་རྣམ་པར་བཞད་པའི་མཛེས་ལྗོངས་དག་ཡིན་ལ། ཀུན་གྱིས་བཤད་སྲོལ་ལ་ཁྲི་ཀ་ནི་མདོ་སྨད་ཀྱི་རྟེན་རྫོང་དང་ཁྲི་ཀའི་རྨ་ཆུ་ཀུན་ལས་དྭངས་ཞེས་པའི་བསྟོད་ཚིག་གི་མཚན་སྙན་མང་པོ་ཡོད། གསར་འགོད་པས་རྒྱུས་ལོན་པ་ལྟར་ན་ཁྲི་ཀ་རྫོང་ནི་ཕྱིའི་སྣོད་ཀྱི་བཀོད་པ་རབ་ཏུ་མཛེས་པར་མ་ཟད། ནང་བཅུད་ཀྱི་སེམས་ཅན་ལའང"མཁས་པའི་སྡེ་འཇོན་མིའི་ཡུལ"ཞེས་པའི་མཚན་སྙན་རབ་ཏུ་རྒྱས་ཡོད་ལ། ཐེངས་འདིར་གསར་འགོད་པས་བཅར་འདྲི་བྱེད་ཡུལ་དུ་གྱུར་བའི་མི་སྣ་འང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཕྱག་འཇུ་གནང་མྱོང་བའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ནམ་དབང་བོ་སྐྱོན་ཅན་གྱི་ཏང་ཡོན་རྒན་པ་རིན་ཆེན་སྐྱིད་ཡིན།གསར་འགོད་པ་རྫོང་དྲིལ་སྒྲོག་པུའུ་ཡིས་བཀོད་སྒྲིག་ལྟར་ཁྲི་ཀ་རྫོང་ཧོ་ཏུང་ཞང་བང་ཐུང་སྡེ་བའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ནམ་བུད་མེད་ཏང་ཡོན་རྒན་པ་རིན་ཆེན་སྐྱིད་ལ་བཅར་འདྲི་བྱེད་ཡུལ་དུ་འབྱོར་དུས། ཁོ་མོས་བང་ཐུང་སྡེ་བའི་དཔེ་ལེགས་གསར་སྐྲུན་ཁང་དུ་སེམས་རྣལ་དུ་ཕབ་ནས་ལས་ཀ་ལས་བཞིན་ཡོད་པ་དང་། གསར་འགོད་པས་རིན་ཆེན་སྐྱིད་ཐོག་མར་མཐོང་དུས་ཁོ་མོ་ནི་དངོས་གནས་རྐང་བ་མི་བདེ་བའི་དབང་བོ་སྐྱོན་ཅན་ཞིག་ཡིན་པ་གཞི་ནས་ཤེས།

           གསར་འགོད་པས་རིན་ཆེན་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ།

སྙན་སྒྲོན་པ།  རིན་ཆེན་སྐྱིད་ནི་ཁྲི་ཀ་རྫོང་ཧོ་ཏུང་ཞང་བང་ཐུང་སྡེ་བའི་ཞིང་བའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ཕ་རྒན་ཚེ་ལས་འདས་སོང་བ་དང་། ཤུལ་དུ་ལུས་པའི་ཕུ་ནུ་མིང་སྲིང་བཞི་བོར་དྲིན་ཅན་ཨ་མས་བྱམས་སྐྱོང་ལ་བརྟེན་ནས་སྐྱིད་སྡུག་འདྲེས་མའི་མི་ཚེའི་འཚོ་བ་རོལ་དགོས་བྱུང་། བོད་ཀྱི་ཁ་དཔེ་ལ“ཐན་པའི་སྟེང་ལ་སེར་བ”ཞེས་པའི་དཔེ་ལྟར་ཕ་རྒན་ཚེ་ལས་འདས་ནས་ཅང་མ་འགོར་བའི་སྐབས་དེར། ལོ་ན་གསུམ་ལ་སོན་པའི་བུ་མོ་རིན་ཆེན་སྐྱིད་ལ་གློ་བུར་དུ་ཆམ་ནད་ཞིག་བྱུང་ནས་སྡེ་བའི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས། སྟབས་མ་ལེགས་པར་སྨན་སྣ་མ་འཕྲོད་པར་རྐང་པ་བརྐྱངས་བསྐུམས་བྱེད་དཀའ་བའི་གནས་སུ་ལྷུང་།སྐབས་དེར་ཁོ་མོ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་གྲོང་ཁྱེར་དུ་སོང་ནས་སྨན་བཅོས་བྱེད་མ་ཐུབ་པར་ཡུན་རིང་འགོར་རྗེས་རིན་ཆེན་སྐྱིད་ཀྱི་རྐང་པ་ཡ་གཅིག་བསྐུམས་ནས་ཞ་བོར་གྱུར་སོང་བས། སློབ་གྲྭའང་འགྲོ་མ་ཐུབ་པར་ཡུལ་ནས་མི་འདུག་ཐབས་མེད་བྱུང་། མི་འདོད་ནད་ཀྱི་དབང་གིས་རིན་ཆེན་སྐྱིད་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་མོད། འོན་ཀྱང་ཁོ་མོའི་བསམ་པར་རང་ཉིད་ཀྱང་མི་ཞིག་ཡིན་པས་ངེས་པར་དུ་རང་ཁ་རང་གསོ་བྱེད་པའི་ཐབས་ལམ་ཞིག་འཚོལ་དགོས་སྙམ་ནས་བློ་རྩེ་གཅིག་ཏུ་བསྡུས་ནས་བསམ་བློ་ཞིབ་མོ་བཏང་མཐར། ས་གདན་འཁེལ་འཐག་གི་ལག་རྩལ་སྦྱང་འདོད་པའི་བསམ་ཕྱོགས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། རྒྱུ་མཚན་ནི་ཁོ་མོའི་རྐང་པ་མཐེང་པོར་གྱུར་ནས་འགྲོ་འདུག་བྱེད་དཀའ་བ་མ་གཏོགས་ལག་པ་གཉིས་ནད་མེད་བདེ་ཐང་ཡིན་པའི་ཁར་ཆུང་དུས་ནས་བློ་རིག་གསལ་ཞིང་ལག་ཤེས་བཟོ་ལས་ལ་བྱང་ཆ་ཅུང་ཙམ་ཡོད། སྟབས་ལེགས་པ་ཞིག་ལ་སྐབས་དེར་ཁྲི་ཀ་རྫོང་ཐོག་ཏུ་ས་གདན་ལག་རྩལ་གྱི་ཟབ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཡོད་པས། ཁོ་མོ་ཟབ་སྦྱོང་འཛིན་གྲྭ་དེར་ཞུགས་པའི་གོ་སྐབས་རྙེད།
རིན་ཆེན་སྐྱིད་ཀྱི་སྐད་ཆ།  རྐང་བ་ནད་པ་ཡིན་རུང་ལག་པ་གཉིས་བཟང་གི འཚེམ་བཟོ་བྱས་ན་རང་གི་རང་ཁ་རང་གསོ་བྱེད་ཨེ་ཐུབ་བསམ་ནས་འཚེམ་བཟོ་སློབ་པ་ཡིན། དེའི་དབང་གིས་ད་གཟོད་ཁྲི་ཀ་རྫོང་ན་ས་གདན་བཟོ་གྲྭ་ཞིག་ཡོད་པའང་གོ་ནས་དེར་སློབ་སྦྱོང་དུ་འགྲོ་སྐབས་སློབ་ཡོན་ལ་སྒོར་མོ་ལྔ་བཅུ་ཐམ་པ་སྤྲོད་དགོས།སྐབས་དེར་དཀའ་ཁག་ཆེ་བས་སྒོར་མོ་ལྔ་བཅུ་མེད་པར་ལོ་གཉིས་ལ་སློབ་གྲྭར་འགྲོ་མ་ཐུབ། རྗེས་སུ་ཕུ་བོའི་གཞན་ལ་སྒོར་མོ་ལྔ་བཅུ་བསྐྱིས་ནས་ས་གདན་ཟབ་སྦྱོང་འཛིན་གྲྭར་སློབ་ཡོན་དུ་སྤྲད་རྗེས་ད་གཟོད་ང་ཡང་སློབ་སྦྱོང་ལ་འགྲོ་ཐུབ་སོང་། སློབ་གྲྭའི་ནང་དུ་ལག་རྩལ་ཞིག་སྦྱང་ཨེ་ཐུབ་བསམ་པ་ཡིན། སློབ་གྲྭའི་དགེ་རྒན་གྱིས་ང་ལ་ཁྱེད་ཀྱིས་རྐང་བ་ནད་པ་ཡིན་པས་ལག་རྩལ་སྦྱང་ནས་འབད་པ་བྱས་ན་མ་འོངས་པར་རང་ཁ་རང་གསོ་བྱེད་ཐུབ་ཞེས་བཤད་པའི་སྐད་ཆ་དེ་ནི་རྒན་ལགས་ཀྱིས་ང་ལ་ཁ་སང་བཤད་པ་ནང་བཞིན་ང་རང་གི་སེམས་སུ་དམ་པོར་བཟུང་བ་ཡིན། ང་རང་རྐང་བའིདབང་གིས་ས་ཐག་རིང་དུ་འགྲོ་མི་ཐུབ་པས། ལག་པ་ངེས་པར་དུ་བསྒྲུབ་ཐུབ་དགོས་བསམ་ནས་སྒོར་ལྔ་བཅུ་སྤྲད་རྗེས་ཁྲི་ཀ་རྫོང་གི་ས་གདན་སློབ་གྲྭར་སློབ་སྦྱོང་དུ་བྱིན་པ་ཡིན། སྐབས་དེར་ང་ཚོ་སློབ་མ་དྲུག་ཅུ་ལྷག་བསྡུ་ལེན་བྱས་མོད། ཡིན་ནའང་མཇུག་མཐར་ང་གཅིག་པུ་ལས་མ་ལུས། དེ་དུས་ངའི་མཛུབ་མོ་ལྔ་བོར་སེར་ཀ་གས་རུང་འབད་པ་བྱས་པ་ཡིན།ལས་གྲོགས་གཞན་ཚོའི་རྐང་ལག་བདེ་བས་ས་ཆ་གཞན་དུ་ལས་ཀ་ལས་ཐུབ། ཡིན་ནའང་རང་ལ་མཚོན་ན་རྐང་བ་མི་བདེ་པས་ངེས་པར་དུ་ལག་རྩལ་ཞིག་སྦྱང་དགོས་བསམ་ནས་འབད་པ་བྱས་པ་ཡིན།སློབ་མཐར་ཕྱིན་རྗེས་ཁྲི་ཀ་རྫོང་གི་ས་གདན་སློབ་གྲྭ་ནས་མི་ལོ་དགུ་ལ་ས་གདན་གྱི་ལས་ཀ་ལས། ལོ་དགུའི་རིང་ལ་ལག་པའི་འབད་པ་བྱས་མཐར་ལོ་གསར་བའི་ནང་ཁྱིམ་ཚང་ལ་དགོས་པའི་ཚོང་རྫས་དང་་ལགཡོ་བྱད་བཅས་ཚང་མ་རང་ཉིད་གཅིག་པུའི་འབད་པ་ལ་བརྟེན་ནས་ཉོ་ཐུབ་སོང་བ་མ་ཟད།བྱིས་པ་ཚོ་སློབ་གྲྭར་ཡང་སྐྱེལ་ཐུབ་སོང་བ་རེད།

སྙན་སྒྲོན་པ། རིན་ཆེན་སྐྱིད་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པས། ལོ་གསུམ་ལྷག་གི་རིང་ལ་ལས་ཀ་ཅི་ཡང་བསྒྲུབ་མ་ཐུབ་པར་རང་ཁྱིམ་དུ་སེམས་སྡུག་གི་གནས་སུ་ལྷུང་ནས་ཐབས་སྡུག་གི་འཚོ་བ་མི་རོལ་ཐབས་མེད་བྱུང་། ཡིན་ནའང་། ཁོ་མོ་ནི་བུད་མེད་བསམ་བློ་བ་ཞིག་དང་སྤོབས་བ་ཅན་ཞིག་ཡིན་པས། ས་གདན་ཟབ་སྦྱོང་འཛིན་གྲྭ་ཞུགས་པའི་ཉིན་དེ་ནས་བཟུང་།ཉིན་མཚན་དབྱེར་མེད་ངང་ས་གདན་ཟབ་སྦྱོང་འཛིན་གྲྭ་ནས་ལོ་ངོ་དགུ་ལྷག་ལ་ལག་རྩལ་སྦྱང་མཐར། འབྲས་བུ་མི་དམན་པ་ཞིག་ཐོབ་ཏེ་ས་གདན་བཟོ་གྲྭ་ཞིག་གི་ལས་བཟོ་བར་གྱུར་སོང་མོད།འོན་ཀྱང་སྐབས་དེར་ཟླ་རེར་ཟླ་ཕོག་སྒོར་བཅོ་ལྔ་མ་གཏོགས་མེད་པ་དང་།དེའི་ནང་སྒོར་བཅུ་ཁང་གླར་བྱིན་ཚེ་ཤུལ་དུ་སྒོར་ལྔ་མ་གཏོགས་ལྷག་མེད།ཁོ་མོས་འདི་ལྟར་དཀའ་སྡུག་གང་མང་མྱངས་མཐར།རང་ལ་དབང་བའི་ས་གདན་བཟོ་གྲྭ་ཞིག་འཛུགས་འདོད་ཀྱི་ཀུན་སློང་རྒྱུད་ལ་སྐྱེས་ཏེ།རང་ཁ་རང་གསོ་བྱེད་ཐུབ་པའི་ཚད་དུ་སླེབས་ཤིང་།2006ལོའི་ཟླ་བདུན་པའི་ནང་དུ་རིན་ཆེན་སྐྱིད་ཀྱིས་བང་ཐུང་སྡེ་བ་རུ་བང་ཐུང་བོད་ལུག་ས་གདན་བཟོ་གྲྭ་ཞིག་གསར་དུ་བཙུགས་ལ།ད་སྐབས་རིན་ཆེན་སྐྱིད་ནི་བང་ཐུང་བོད་ལུག་ས་གདན་བཟོ་གྲྭའི་འགོ་གཙོ་ཞིག་ཏུ་གྱུར་ཡོད།འདི་ལྟར་མོས་རང་གི་ལག་པ་གཉིས་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱེད་ཐུབ་སོང་བ་དང་།བཟོ་གྲྭའི་ནང་དུ་ས་གནས་མང་ཚོགས་བསྡུ་ལེན་བྱས་ནས་ཞོར་དུ་སྡེ་བའི་དབང་བོ་སྐྱོན་ཅན་དག་ལའང་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཅི་ཐུབ་བྱས། དེའི་སྐོར་ནས་ཁོ་མོས་ཞིབ་ཏུ་བཤད་རྒྱུར།
རིན་ཆེན་སྐྱིད་ཀྱི་སྐད་ཆ།  སྡེ་བའི་ནང་གི་སྒོ་ཕྱི་ལ་ཞོར་ལས་སུ་འགྲོ་མི་ཐུབ་པ་དང་།བྱིས་པ་སློབ་གྲྭར་བསྐྱལ་ཀྱིན་པ། ཁྱིམ་དུ་ལོ་ལོན་རྒན་པ་ཡོད་པ་དང་། དེ་མིན་ང་ལྟ་བུའི་དབང་བོ་སྐྱོན་ཅན་གྱི་མི་སྣ་བཅས་ཀྱི་ཁྱིམ་ཚང་དུ་སོང་ནས་སྐུད་པ་དཀྲིས་སུ་བཅུག་ནས་ཁོ་ཚོ་ལ་ཡོང་སྒོ་འཚོལ་དུ་བཅུག་པ་ཡིན།

རྒྱལ་ཡོངས་གྱི་ངལ་རྩོལ་དཔེ་ལེགས་ཅན་རིན་ཆེན་སྐྱིད་དམེ་རྒྱ་སྡེ་བར་སོང་ནས་དབུལ་ཕོངས་མི་སྣར་འཚམ་འདྲི་བྱེད་བཞིན་པ།


      སྙན་སྒྲོན་པ།
 རིན་ཆེན་སྐྱིད་ལ་མཚོན་ན་ཆུང་དུས་ནས་བཟུང་། མི་འདོད་ནད་ཀྱི་དབང་གིས་འགུལ་བསྐྱོད་བྱེད་དཀའ་ནའང་། ཁོ་མོས་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་བྲག་རི་ལ་མདུན་བསྐྱོད་ཀྱི་དམ་བཅའི་རི་མོ་བརྐོས་ཤིང་། ནམ་ཡང་རང་ཉིད་ཀྱི་ཕུགས་བསམ་ལ་གསེར་མདོག་གི་ལམ་བུ་བཏོད། “བརྩོན་པ་དག་དང་མ་བྲལ་ན། མི་འགྲུབ་བྱ་བ་གང་ཡང་མེད། ”ཅེས་པ་ལྟར། ཁོ་མོས་དཀའ་བ་ཡོད་ཚད་ཁྱད་དུ་བསད་ནས་རང་གི་ལག་པར་བརྟེན་ནས་རང་ཁ་རང་གསོ་བྱེད་ཐུབ་སོང་ལ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ་ཅིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྐུ་དངོས་སུ་འཇལ་བའི་སྐལ་བའང་ལྡན་སོང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིས་ཀྱང་ཁོ་མོའི་དཀའ་སྡུག་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། དེའི་སྐོར་ནས་ཁོ་མོས་གདོང་ལ་སེམས་འགུལ་ཐེབས་པའི་ཉམས་དང་བཅས་འདི་ལྟར་བཤད་བྱུང་།

རིན་ཆེན་སྐྱིད་ཀྱི་སྐད་ཆ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངའི་ལག་པར་འཇུས་ནས་ང་ལ་བཤད་རྒྱུར། ཁྱོད་ལྟ་བུའི་ཞིང་སྡེ་ནས་ཡོང་བའི་རྐང་ལག་མི་བདེ་བའི་དབང་བོ་སྐྱོན་ཅན་ཞིག་རྒྱལ་ཡོངས་ཀྱི་དཔེ་ལེགས་མི་སྣར་གདམ་ནས་རྒྱལ་ས་པེ་ཅིན་དུ་ཐོན་པ་འདི་ཁྱོད་ཀྱིས་དཀའ་སྡུག་གང་མང་ཞིག་མྱངས་ཡོད་པ་ངས་ཚོར་ཐུབ། ཁྱེད་ཀྱིས་ཏང་གི་སྲིད་ཇུས་ལ་བྱས་རྗེས་མང་པོ་བཞག་འདུག་པ་ང་ཡི་གསལ་བོར་རྟོགས་ཡོང་། ཁྱེད་རང་དབང་བོ་སྐྱོན་ཅན་ཞིག་ཡིན་པས་རྗེས་ཕྱོགས་ད་སྡུག་འདེགས་མི་དགོས། རང་ཉིད་ཀྱི་ལུས་ཕུང་ལ་བདག་ཡག་པོ་བྱོས། ཕྱིར་ཕ་ཡུལ་དུ་སོང་ནས་དཀའ་ཁག་ལ་ཕྲད་ཚེ་ས་གནས་ཀྱི་ཏང་དང་སྲིད་གཞུང་གིས་ཁྱེད་ལ་རོགས་རམ་དང་བདག་སྐྱོང་བྱེད་ངེས་ཞེས་པའི་སྐད་ཆ་དེས་ང་རང་སེམས་འགུལ་ཐེབས་ནས་མིག་ཆུཁྲོམ་ཁྲོམ་དུ་བཞུར་སོང་།

སྙན་སྒྲོན་པ། མི་རེ་ལ་ཕུགས་བསམ་རེ་རེ་ཡོད། རང་ཉིད་ཀྱི་ཕུགས་བསམ་གྱི་ཆེད་དུ་འབད་འབུངས་བྱེད་པ་དེ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བཞིན་པ་དང་འདྲ། དེ་ནི་མི་བུ་སྒེར་ཞིག་གིས་རང་གི་འབད་འཐབ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པ་ཞིག་ཡང་ཅི་ལ་མིན།

མཇུག་མཐར་རིན་ཆེན་སྐྱིད་ཀྱིས་རང་གི་མ་འོངས་པའི་དམིགས་ཡུལ་དང་འཆར་གཞིའི་ངོས་ཐད་ནས་སྤོབས་པ་དང་ཡིད་ཆེས་ཀྱི་སྒོ་ནས་གསར་འགོད་པར་བཤད་རྒྱུར།  
རིན་ཆེན་སྐྱིད་ཀྱི་སྐད་ཆ། དེང་མ་བྱིས་པ་ཡིན་དུས་ང་ལ་སྒོར་མོ་ལྔ་བཅུ་མེད་པར་ལོ་གཉིས་ལ་སྒུག་རྗེས་སུ་ཕུ་བོའི་གཞན་ལ་སྐྱི་ནས་ད་གཟོད་སློབ་གྲྭར་འགྲོ་ཐུབ་སོང་། དེང་དུས་ཀྱི་སྒོར་ལྔ་བཅུ་བོ་དེའི་སྟེང་དུ་ངའི་ཇི་འདྲའི་དཀའ་སྡུག་ཞིག་མྱངས་ཡོད་པ་ད་དུང་ཡང་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་བོར་འདུག སྒོར་ལྔ་བཅུ་བོ་སྤྲད་ནས་ད་བར་དུ་ལོ་འཁོར་སུམ་བཅུ་འགོར་ཡོད།ལོ་སུམ་བཅུའི་རྗེས་སུ་ད་གཟོད་མ་རྩ་སྒོར་མོ་ལྔ་བཅུ་བོ་དེ་སྒོར་ཁྲི་ལྔ་བཅུར་སླེབས་འདུག

ང་རང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་སེམས་སུ་སྡེ་བའི་ནང་དུ་སྒོ་ཕྱི་ལ་ཞོར་ལས་སུ་འགྲོ་བ་ཅུང་རྒྱུན་ལྡན་རེད། ན་གཞོན་ཚོ་ཞོར་ལས་སུ་མ་སོང་ན་ཁྱིམ་ཚང་གི་འཚོ་བ་རོལ་ཐབས་བྲལ་བས། ཞོར་ལས་སུ་སོང་རྗེས་ཀྱི་ཤུལ་དུ་ལུས་ཡོད་པའི་ལོ་ལོན་དང་བྱིས་པ། ནད་པ་བཅས་ལ་བདག་པོ་མེད་པའི་སྣང་ཚུལ་ཅུང་མང་། དེ་རྐྱེན་གྱིས་ཉིན་དཀར་ཚང་མ་མཉམ་གཅིག་ཏུ་བསྡུས་ནས་དྲོས་ཇ་འཐུང་ས་ཤིག་དང་། ཉི་མར་ལྡེ་ས་དང་ཁ་བརྡ་བྱེད་ས་ཞིག་ལས་ན་བསམ་ཡོད།

སྙན་སྒྲོན་པ། གནའ་མིའི་ཁ་དཔེ་ལའང་མི་ལ་བརྩོན་འགྲུས་ལྡན་གྱུར་ན་འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་དཔེ་ལྟར་དུ། རིན་ཆེན་སྐྱིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་འོག་མོ་རང་ཉིད་ཀྱང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་རང་ནུས་ཅི་ལྕོགས་ཀྱིས་འབད་པ་ལྷོད་མེད་བྱས་མཐར་ད་ནི་གཞི་ནས་སྡེ་མི་ཚོ་དང་ལྷན་དུ་དབུལ་ཕོངས་ལས་ཐར་ཏེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་མཆིས།

སྙན་སྒྲོན་པ། བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར་ཁོ་མོའི་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ནས་མ་འོངས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རེ་བ་ལྟར་དུ་མུ་མཐུད་དུ་མཐའ་འཁོར་གྱི་དབང་བོ་སྐྱོན་ཅན་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་ནས་ས་གནས་མང་ཚོགས་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་ཆས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་སྐད་གསང་མཐོན་པོས་བརྗོད་བྱུང་།

སྙན་སྒྲོན་པ། ཉན་མཁན་རྣམ་པ།  གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་མཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ།ཁ་ཡིག་ལ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་རིན་ཆེན་སྐྱིད་ཀྱི་ཕྱུག་འགྱུར་ལམ་བུ་ཞེས་པ་དེ་ཡིན།ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། སྐར་མ་མཚོ། གཡང་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ལྷ་བརྟན་།
 སྤྱིའི་ལྟ་སྐུལ་བ། རྣ་བྷ།