ལྷ་རིས་སྒྱུ་རྩལ་པ་སྐལ་བཟང་རྒྱ་མཚོའི་སྐྱིད་སྡུག་གི་ལོ་ཟླ།
2019.06.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

སིལ་སྡོང་གི་མེ་ཏོག་གང་སར་ལྷུག་པོར་བཞད་པའི་སྐབས་ཤིག་ལ། ང་ཚོ་གསར་འགོད་པ་འགའ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྲས་ཀྱི་རེབ་གོང་སྒྱུ་རྩལ་གྱི་ཐང་གའི་དཔེ་སྟོན་ཁྱིམ་ཚང་སྟེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་ཞང་སྒོ་དམར་སྡེ་བའི་ལྷ་རིས་པ་སྐལ་བཟང་རྒྱ་མཚོ་ཚང་དུ་སོང་བ་ཡིན། ཁོ་ཚང་གི་ཁང་བ་གྱན་ལྔ་དྲུག་ཅིག་གི་གྱང་ངོས་ཡོངས་སུ་ཁོས་བྲིས་པའི་ཐང་ག་སྣ་ཚོགས་དང་ཡུལ་སྐོར་རྗེས་དྲན་གྱི་ཚོང་རྫས་སྣ་ཚོགས་བཤམས་ཡོད་ལ། གྱང་འདབས་སུ་ལོ་ངོ་འདི་དག་གི་རིང་ལ་སྲིད་གཞུང་དང་ཚོགས་པ་སོ་སོས་ཁོ་ལ་གནང་བའི་དཔང་ཡིག་དང་དགའ་རྟགས་མང་པོ་བསྒྲིགས་འདུག

སྐལ་བཟང་རྒྱ་མཚོ་ནི་ལོ་ན་བཞི་བཅུ་ཞེ་གཉིས་ལ་སོན་པའི་ཕོ་རྒོད་ཅིག་རེད། མགོའི་སྐྲ་ལོ་རིང་པོ་རྒྱབ་ཏུ་དཔྱང་ཞིང་རྣ་བ་གཡོན་པར་རྣ་རྒྱན་ཞིག་བཏགས་ཡོད་ལ། ལུས་ལ་རེབ་གོང་སྒྱུ་རྩལ་ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་བཞི་ཕབ་ཡོད་པའི་སྟོད་གོས་དཀར་པོ་ཞིག་གོན་ཡོད། མཐོང་མ་ཐག་ཏུ་སྒྱུ་རྩལ་པ་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པར་འདོད། ཁོས་ལག་གཡོན་པར་ཕྲ་མཐོང་ཆེ་ཤེལ་ཞིག་ཐོགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ང་ཚོར་གཙོ་སྐུ་སྒྲོལ་ལྗང་དང་། གོང་དུ་སངས་རྒྱས་སྨན་བླ་དང་རྒྱལ་བ་མི་འཁྲུགས་པ། ཚེ་དཔག་མེད་བཅས་དང་། འདབས་སུ་རྣམ་རྒྱལ་མ་དང་སྒྲོལ་དཀར། མགོན་པོ་ཕྱག་དྲུག་པ་བཅས་བྲིས་ཡོད་པའི་ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་ཞིག་ཞིབ་ཏུ་ངོ་སྤྲོད་བྱས་སོང་། ང་ཚོས་སྒྲོལ་ལྗང་དེའི་མདུན་དང་གཡས་གཡོན་གང་དུ་སྒྲོལ་ལྗང་དེར་མཇལ་ན་དེའི་སྤྱན་གྱིས་ང་ཚོར་ཐད་ཀར་གཟིགས་པ་དང་། རྣམ་རྒྱལ་མ་དེར་ཐད་ཀར་མཇལ་ན་མཚན་གསལ་པོ་ཞིག་མི་མཐོང་ལ། ཕྲ་མཐོང་ཆེ་ཤེལ་ལག་ཏུ་བཟུང་ནས་བལྟས་ན་རྣམ་རྒྱལ་མའི་མཚན་ཕྲེང་མ་ལུས་གསལ་པོར་མཐོང་ཐུབ་པ་མ་ཟད་གསོན་པོར་གནས་པའི་ཚོར་བ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེས་སོང་།

སྐལ་བཟང་རྒྱ་མཚོས་བཤད་རྒྱུར། ང་རང་ཆུང་བྱིས་པ་ནས་བཟུང་རང་ཁྱིམ་དང་ཁྱིམ་མཚེས་གཡས་གཡོན་གང་དུ་སོང་ནའང་མིག་ལམ་དུ་མངོན་པ་ནི་ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་སྣ་ཚོགས་ཡིན་ལ། མི་རྒན་པར་ལས་རོགས་བྱས་པ་ཆེས་མང་པོའང་རས་གཞི་བརྡར་རོགས་དང་ཚོན་རྩི་དཀྲུགས་རོགས་བྱས་པ་དེ་ཡིན། སྐབས་དེར་ང་རང་གྲོགས་པོ་ཆུང་ཆུང་རྣམས་དང་མཉམ་དུ་སློབ་གྲྭར་འགྲོ་བཞིན་ཡོད་རུང་སེམས་སུ་ནམ་ཡང་ཁོ་ཚོ་སྡེ་བའི་ལྷ་རིས་པ་དེ་དག་ལ་ཡིད་སྨོན་འཆོར། སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་གི་དམའ་རིམ་དང་པོ་འགྲིམ་པའི་སྐབས་སུ། ང་རང་ནི་སྨྲ་བ་ཤིན་ཏུ་ཉུང་བས་རྩེ་རོགས་བཤད་རོགས་མེད་པར་ནམ་ཡང་ཁེར་རྐྱང་དུ་ལུས་ཤིང་དེའི་སྐྱོ་གདུང་གིས་མནར་བས། སློབ་གྲྭ་འགྲིམ་མཚམས་བཞག་སྟེ་ཆུང་དུས་ནས་ཡ་ཆུང་ཁོག་ཏུ་སྦྲུམ་ཡོད་པའི་ཕུགས་འདུན་དེའི་ཕྱོགས་ལ་བསྙེགས་ཟེར།

སྐལ་བཟང་རྒྱ་མཚོ་སློབ་གྲྭ་ནས་ཕྱིར་ཐོན་རྗེས་སེང་གེ་གཤོང་སྡེ་བའི་ལྷ་རིས་པ་ཤ་བོ་སྐྱབས་ལགས་ཀྱི་མདུན་ནས་ལོ་ངོ་གཉིས་ལ་འབག་བཟོ་སྦྱངས་བ་དང་། སེང་གེ་གཤོང་སྡེ་བའི་ལྷ་རིས་པ་ཨ་ཁུ་ཕྱག་རྡོར་ལགས་ཀྱི་མདུན་ནས་ཐང་ག་བཞེངས་པའི་རྨང་གཞིའི་ཤེས་བྱ་སྟེ། སྐྱ་ཐིག་འབྲི་བ་དང་ཚོན་དཀྲུགས་པ། རས་གཞི་བརྡར་བ་བཅས་ནས་མགོ་བརྩམས་ཏེ་ལོ་ངོ་དྲུག་ལ་ཐང་ག་བཞེངས་པའི་བཟོ་རྩལ་མ་ལུས་སྦྱངས་པ་བྱས། ཨ་ཁུ་ཕྱག་རྡོར་ལགས་ཀྱི་སྣེ་ཁྲིད་འོག་དགོན་པ་གྲྭ་ཚང་དང་སྡེ་བའི་མ་ཎི་ཁང་གི་གྱན་ཐང་བགྲང་ལས་འདས་པ་བཞེངས། དེའི་སྐབས་སུ་དགེ་རྒན་ལགས་ཀྱིས་ནམ་ཡང་ཁོ་ལ་བསྟོད་པའི་མཐེ་བོང་བསྒྲེངས་པས་ཐང་ག་འབྲི་བཞེངས་ལ་སུན་སྣང་མེད་པའི་ཁར། པིར་སྨྱུག་རས་གཞི་ལ་གཏད་ཐེངས་རེར་ཁོའི་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་སྐྱེས།

དེ་ནས་ཀྲུང་གོའི་མཛེས་རྩལ་སློབ་དཔོན་ཆེན་མོ་ཤ་བོ་ཚེ་རིང་དང་ཆོས་རྒྱལ། སྙིང་འབུམ། ཤ་བོ་སྐྱབས་བཅས་དང་། མཚོ་སྔོན་མཛེས་རྩལ་སློབ་དཔོན་ཆེན་མོ་ཆོས་འཕེལ་སོགས་ཀྱི་མདུན་དུ་ལོ་ངོ་མང་པོར་ཐང་ག་གསར་བཞེངས་ཀྱི་ལག་རྩལ་ལ་བྱང་ཆུབ་པར་སྦྱངས། སྐབས་དེར་ཁོར་ཉིན་རེར་སྒོར་བཅུ་བཞིའི་ཉིན་གླའང་ཡོད་པས་ཕ་མ་གཉིས་ལ་ཁྱིམ་ཚང་སྐྱོང་རོགས་ཀྱི་གོའང་ཆོད་ཟེར།

དུས་རབས་ཉེར་གཅིག་པར་ཞུགས་པ་དང་བསྟུན་ནས། མདོ་དབུས་ཁམས་གསུམ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་རྣམས་འཛུགས་སྐྲུན་བྱས་ཚར་བ་དང་འདྲ། སྔོན་ཆད་ལྟར་དགོན་པ་གྲྭ་ཚང་ལ་ཐང་ག་གསར་བཞེངས་བྱེད་པའི་ཚད་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། སྐལ་བཟང་རྒྱ་མཚོ་ལའང་ལས་རྒྱུ་མེད་པར་གང་སར་འཁྱམས་ནས་བསྡད། སྐབས་དེར་ཐང་ག་བཞེངས་རྒྱུ་མེད། གདོང་ལ་རྨ་ཡིས་ཁེངས། སྨྲ་བ་ཉུང་། ཁེར་རྐྱང་དུ་ལུས། རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་བསམ་བཞིན་བསམ་བཞིན་ཁོའི་སེམས་པ་སྡུག་གིས་མནར།

གནམ་ལ་རུབ་དུས་ཐང་དུས། ། མི་ལ་སྡུག་དུས་སྐྱིད་དུས་ཟེར་བའི་དཔེ་བཞིན་དུ། ཉིས་སྟོང་བཞི་ལོར། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཐུན་རིན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རེབ་གོང་སྒྱུ་རྩལ་དེ་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བརྒྱུད་སྒྲོག་བྱས་པ་དང་བསྟུན་ནས། ཁོས་བྲིས་པའི་ཐང་གའང་གཅིག་རེ་གཉིས་རེ་བྱས་ནས་ཞིང་ཆེན་གཞན་དུ་བཙོང་མགོ་བརྩམས་པ་དང་མཉམ་དུ་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས། རེབ་གོང་ཡུལ་གྱི་ཀྲུང་གོའི་མཛེས་རྩལ་སློབ་དཔོན་ཆེན་མོ་ཤ་བོ་ཚེ་རིང་དང་ཆོས་རྒྱལ། སྙིང་འབུམ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཐང་ག་གསར་བཞེངས་ཀྱི་ལག་རྩལ་བྱང་ཆུབ་པར་སྦྱངས་ཡོད་པ་གཞི་བྱས་ཏེ། མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀུན་ཏུ་སོང་ནས་ཐང་ག་གྲགས་ཅན་སྣ་ཚོགས་ལ་ཡང་དང་བསྐྱར་དུ་མཇལ་ཏེ་དེ་རྣམས་ཀྱི་འབྲི་རྩལ་ལ་བལྟས་ནས། ཁོས་ནམ་ཡང་སེམས་པ་རྩེ་གཅིག་ཏུ་བསྒྲིལ་ཞིང་རང་གི་ལག་རྩལ་ཡོད་དོ་ཅོག་སྤྱད་དེ་ཐང་ག་དགོས་མཁན་རྣམས་ཀྱི་འདོད་པ་སྐོང་ཅི་ཐུབ་བྱས་པས། ཁོས་བྲིས་པའི་ཐང་ག་གཞན་ལས་མི་འདྲ་བའམ་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར། དེ་དང་མཉམ་དུ། ཁོས་བྲིས་པའི་ཐང་གའང་ཐག་རིང་གི་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཀོང་ཏུང་། ཧང་ཀྲོའུ། ནང་སོག བོད་ལྗོངས། ཧྥུ་ཅན། ཀན་སུའུ་སོགས་དང་། ཐ་ན་སིང་ག་ཕོར་དང་ཁ་ན་ཏ་སོགས་རྒྱལ་ཁབ་ཏུའང་བཙོང་ནས་སྒོར་མོ་མང་པོ་བཙལ་ཞིང་སྙན་གྲགས་ཕྱོགས་བཞིར་ཁྱབ་ལ། སྔོན་ཆད་ཀྱི་སྨྲ་བ་ཉུང་བའི་རང་གཤིས་འགྱུར་ཞིང་གདོང་གི་རྨ་རྣམས་ཀྱང་སོས་མགོ་བརྩམས།

གསེར་ས་འོག་ན་ཡོད་ན་འོད་ནམ་མཁར་འཕྲོ་ཟེར་བ་ལྟར། ཞིང་ཆེན་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཐང་ག་འགྲེམ་སྟོན་སྣ་ཚོགས་ལ་ཞུགས་པའི་ཁྲོད་དུ་ཁོས་བྲིས་པའི་ཐང་གར་བྱ་དགའ་མང་པོ་ཐོབ་པས་ཁོའི་ཁ་ལས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་བྱས་པ་སྟེ། སྐལ་བཟང་རྒྱ་མཚོ་ལ་རྨ་ལྷོ་ཁུལ་བཟོ་རྩལ་སྒྱུ་རྩལ་སློབ་དཔོན་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁུལ་རིམ་པའི་བཟོ་རྩལ་སྒྱུ་རྩལ་སློབ་དཔོན་ཆེན་མོའི་མཚན་སྙན་གནང་། 2017ལོའི་ཟླ11པར་རྨ་ལྷོ་ཁུལ་གྱིས་ཐང་ག་འབྲི་བཞེངས་ཀྱི“ཕུལ་བྱུང་མཁས་མཆོག”གི་སྙན་གྲགས་བསྩལ། དེ་ནི་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་ཆེས་མཐོན་པོར་ངོས་བཟུང་བ་རེད། དེ་དང་མཉམ་དུ་ཁོ་ཚང་ལ་ཡང་སྔ་གཞུག་ཏུ་ཐུན་རིན་རྫོང་གི“རེབ་གོང་སྒྱུ་རྩལ་ཚང”དང་། རྨ་ལྷོ་ཁུལ་གྱི“ ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་ཐང་གའི་དཔེ་སྟོན་ཁྱིམ་ཚང”གི་མཚན་སྙན་ཐོབ་པ་དང་། ཁོ་རང་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་སྲོལ་རྒྱུན་མཛེས་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་རྨ་ལྷོ་ཁུལ་གྱི“རེབ་གོང་རིག་གནས་ཀྱི་དྲིལ་སྒྲོག་ཕོ་ཉ”རུ་ངོས་བཟུང་།

2014ལོ་ནས་ད་ལྟའི་བར་དུ། སྐལ་བཟང་རྒྱ་མཚོས་ལོ་རེར་ཁོའི་ཡོང་སྒོའི་ཁྲོད་ཀྱི་བརྒྱ་ཆའི་སུམ་ཅུ་བླངས་ནས། རྨ་ལྷོ་ཁུལ་གྱི་ཐུན་རིན་དང་གཅན་ཚ། རྩེ་ཁོག་བཅས་རྫོང་གསུམ་གྱི་རི་བོའི་འདབས་དང་རྩྭ་ཐང་གི་ཕུག་ཏུ་བསྐྱོད་དེ། གང་ལ་རོགས་སྐྱོར་མཁོ་ན་ཡུལ་དེར་སྦྱིན་པ་བཏང་། མིག་སྔའི་བར་དུ་ས་ཆ་ཉེར་བདུན་ལྷག་ལ་སོང་ནས། དབུལ་ཕོངས་ཁྱིམ་ཚང་གྱ་གསུམ་དང་རྒན་པ་བཅུ་བཞི་ལ་རོགས་སྐྱོར་བྱས་པ་དང་། སློབ་གྲྭ་ཉེར་གཅིག་དང་སློབ་མ་སྟོང་བཞི་དང་སུམ་བརྒྱ་ཞེ་དྲུག་ལ་ཞལ་འདེབས་ཕུལ་བ་སྒོར་མོར་བཀུགས་ན་སྒོར་མོ་འབུམ་བཞི་དང་ཁྲི་གཅིག་ལྷག་ལ་བསླེབས།

                                                                                                    རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།