ཞིང་སྡེའི་སྨན་པ་ཡེ་ཤེས་བཟང་པོ།
2019.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡེ་ཤེས་བཟང་པོ་ཡིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

མི་ཚེ་གཅིག་ལ་ལོ་སུམ་ཅུ་སོ་གཉིས་དུ་ཡོད་དམ། བོད་སྨན་ཁྱིམ་རྒྱུད་དུ་སྐྱེས་པའི་ཡེ་ཤེས་བཟང་བོ་ཡིས་ཨ་ཕའི་བོད་སྨན་རྒྱུད་འཛིན་བྱས་རྗེས། ནད་པའི་ཁྱིམ་ཚང་དུ་སོང་ནས་ནད་བརྟག་སྨན་བཅོས་བྱས་ལ། ལོ་སོ་གཉིས་ཀྱི་རིང་ལ་སྡེ་བའི་སྨན་པ་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་ཧོ་ལི་སི་གོང་མ་སྡེ་བའི་སྨན་བཅོས་ཁང་དུ། ཡེ་ཤེས་བཟང་པོ་ཡིས་ནད་པར་སྨན་ཁབ་རྒྱག་པ་དང་། ནད་པའི་རྩ་བརྟག་བཞིན་ཡོད། ད་དུང་ནད་པ་རྣམས་ལ་དུས་རྒྱུན་ཟས་རིགས་ཀྱི་ཐད་མཉམ་འཇོག་དགོས་པའི་གནད་དོན་དག་གདམས་བཞིན་ཡོད་ལ། བྱ་བར་བྲེལ་བ་ཧ་ཅང་ཆེ། ཁོམ་སྐབས་ཅུང་ཙམ་རེ་ཡོད་ཚེ་ད་གཟོད་ཁོ་དང་ལྷན་དུ་ལབ་གླེང་ཚིག་འགའ་བྱེད་ཐུབ། འོན་ཀྱང་། སྐད་ཆ་ཚིག་འགའ་བཤད་མ་ཐག ཡེ་ཤེས་བཟང་པོས་མུ་མཐུད་དུ་ནད་པར་ལྟ་དགོས།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་དུས་མཇུག་ཏུ་སྐྱེས་པའི་ཡེ་ཤེས་བཟང་པོའི་ཁྱིམ་རྒྱུད་ནི་མི་རབས་དྲུག་ལ་སྨན་པ་བྱས་པ་ཡིན་ལ། ཧོ་ལི་སི་གོང་མ་སྡེ་བའི་མི་ཚང་མས་ཤེས་པའི་བོད་སྨན་ཁྱིམ་རྒྱུད་ཞིག་རེད། ཁོ་ལ་ཐེངས་མང་པོར་གུང་ཧོ་རྫོང་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་བྱ་བ་སྒྲུབ་མཁན་དང་། 2016ལོའི་གུང་ཧོ་ཡི་ཆེས་བཟང་བའི་མི། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཞིང་སྡེའི་སྨན་པ་བཅས་སུ་བདམས་པ་མ་ཟད། 2018ལོར་ད་དུང་ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱིས་མང་ཚོགས་ཡིད་ཚིམས་པའི་ཞིང་སྡེའི་སྨན་པ་ཐོག་མར་བདམས།

ཆུང་དུས་ནས་ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་སློབ་ཆུང་གི་ལོ་རིམ་གཉིས་པའི་སྐབས་སུ་སློབ་མཚམས་བཞག པ་ཡིན་ན་ཡང་དུས་རྒྱུན་ཕ་རྒན་གྱིས་ནད་བརྟག་ནད་བཅོས་ཀྱི་གདམས་པ་དང་ལག་ལེན་གྱི་དྲི་བསུང་ལྷད་མེད་འོག ཁོ་ལ་བག་ཆགས་ཟབ་མོ་བཞག དེའི་རྗེས་ཚད་ལྡན་གྱི་སྨན་བཅོས་ལག་རྩལ་ལེགས་པོ་སྦྱོང་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་པས། ཁོ་རང་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་ཆེད་ལས་སུ་གོམ་ཁ་བསྒྱུར་ནས་སློབ་གཉེར་ལ་འབད། མཐར་ཕྱིན་རྗེས་ཐེངས་དུ་མར་རྫོང་དང་ཁུལ། ཞིང་ཆེན་བཅས་ཀྱིས་སྒྲུབ་པའི་ཟབ་སྦྱོང་མང་པོར་ཞུགས་ནས་སྨན་བཅོས་ཀྱི་ལག་རྩལ་ལ་རིམ་བཞིན་ཡར་རྒྱས་བྱུང་།

1986ལོར་སིབ་བི་ནད་ཡམས་བྱུང་དུས། སྨན་པའི་ལས་གཉེར་ནས་ཡུན་རིང་མ་འགོར་བའི་ཡེ་ཤེས་བཟང་པོ་དཀའ་ཁག་ལ་འཕྲད། ནད་ཡམས་སྔོན་འགོག་བྱ་ཆེད། ཁོས་རིམས་འགོག་སྡེ་ཁག་གི་མཛུབ་སྟོན་འོག སྔོན་འགོག་གི་སྨན་དང་ཚ་དམ་འཁྱེར་ནས། ཀྱག་ཀྱོག་གི་ཞིང་སྡེའི་ལམ་ཕྲན་བརྒྱུད་དེ་ཉིན་མཚན་ལྟོས་མེད་དུ་སྡེ་བའི་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུ་ཡོད་པ་གཅིག་ཀྱང་མ་ལུས་པར་སྔོན་འགོག་གི་སྨན་བསྐྱལ། ལྷག་པར་དུ་རིམས་ནད་ཕོག་སླ་བའི་མི་ཚོགས་ལ་ལག་ཐོག་ལག་བཞག་གིས་སྨན་སྤྲད་དེ་འཐུང་དུ་བཅུག་རྗེས་ད་གཟོད་སེམས་བདེ་མོའི་ངང་ཕྱིར་ལོག་བཞིན་ཡོད། ཟླ་འགའི་རྗེས་སུ། ཧོ་ལི་སི་སྡེ་བ་གོང་མའི་སིབ་བི་ནད་ཡམས་ཧ་ལམ་ཚོད་འཛིན་ཐེབས་པ་མ་ཟད། ནད་ཕོག་པ་རྣམས་ཀྱང་ཚང་མ་དྲག་སྐྱེད་བྱུང་ཡོད།

སྨན་པའི་བྱ་བ་གཉེར་ནས་ད་ལྟའི་བར་དུ། ཡེ་ཤེས་བཟང་པོ་ཡིས་ཞིང་སྡེ་རུ་སྨན་པ་བྱས་ནས་ལོ་ངོ་སོ་གཉིས་འགོར་ཡོད་ལ། ཁོས་སྡེ་བ་ཡོངས་ཀྱི་མི་གྲངས་དགུ་བརྒྱ་བརྒྱད་ཅུ་ལྷག་གི་སྨན་བཅོས་བདེ་སྲུང་ལ་འགན་འཁུར་གྱིན་ཡོད་ཅིང་། ལོ་རེར་སྡེ་མིའི་ཁྱིམ་དུ་ཐེངས་སྟོང་ཕྲག་ལྷག་བསྐྱོད་དེ་ནད་བརྟག་ནད་བཅོས་བྱེད་བཞིན་ཡོད་པ་དང་། ནད་བཅོས་བྱས་པའི་ནད་པ་བགྲང་གིས་མི་ལངས། ཁོས་སྨན་བཅོས་ལག་རྩལ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། མི་རྣམས་ཀྱིས་བལྟས་ན་ཁོ་ཚང་ནི་འབྱོར་ལྡན་གྱི་ཁྱིམ་ཚང་ཕྱུག་པོ་ཞིག་རེད་སྙམ་ཡོད།

ཡིན་ན་ཡང་དོན་དངོས་ཀྱི་འཚོ་བའི་ཁྲོད་ཡེ་ཤེས་བཟང་པོ་ཚང་གི་འབྱོར་བ་དེ་འདྲ་བཟང་རྒྱུ་མེད་ལ། གོན་པ་ཡང་ཆེས་སྤྱིར་བཏང་བ་གོན་ཡོད། ཁོས་རིན་གོང་བདེ་བའི་ལྷམ་ཞིག་གོན་ཡོད་པ་དང་། ཁོས་བཤད་ན་ལྷམ་དེ་ནི་རྐང་བར་ཧ་ཅང་བདེ་བ་ཞིག་རེད་ཟེར། འོན་ཀྱང་། ཁོའི་བུ་མོས་བཤད་ན་ཁོས་གོང་དཀའ་བའི་ལྷམ་ཉོ་མི་འདོད་པ་རེད་ཟེར།

ཡེ་ཤེས་བཟང་པོ་ཡིས་རང་ཉིད་དང་ཁྱིམ་མིའི་སྟེང་ལ་སྒོར་མོ་གཏོང་མི་ཕོད་པར་ནད་པའི་སྨན་ཡོན་ཁ་གསབ་ཐད་གཏོང་བཞིན་ཡོད། ཁོས་དུས་རྒྱུན་བཤད་རྒྱུར། “སྨན་པས་སྤྱོད་ལམ་ཡག་དགོས། ནད་དྲག་སྐྱེད་བྱུང་ནས་ནད་པ་དགའ་ན་དགེ་བ་ཡིན་ནོ། གལ་ཏེ་ནད་བཅོས་བྱས་རྗེས་ནད་པའི་ལག་ནས་སྨན་ཡོན་བླངས་ན་ནད་པའི་འཚོ་རྟེན་བླངས་པ་དང་ཁྱད་མེད་པས་ནད་བཅོས་བྱས་པ་ཡང་དོན་མེད་དུ་གྱུར་བ་རེད”ཞེས་བཤད། ཡེ་ཤེས་བཟང་པོས་སྨན་བཅོས་བྱེད་དུས། གལ་ཏེ་སྡེ་མིའི་ལག་ཏུ་དངུལ་མང་པོ་མེད་ཚེ་ཁོས་སྨན་ཡོན་ལེན་གྱིན་མེད།

སྡེ་མི་ཀྲའོ་ཧྥུ་ཁྲིན་གྱི་ཨ་མ་ཞེ་ལེན་ནི་ལོ་ན་དགུ་བཅུ་ཡིན་ལ། སྡེ་བའི་ནང་གི་ལོ་ན་ཆེས་མཐོ་བ་རེད། དབང་བོ་སྐྱོན་ཅན་ཡིན་པས་དུས་ཡུན་རིང་བོར་ཁྱིམ་དུ་བསྡད་ཡོད་ལ། ཁྱིམ་དུ་མི་མེད་པའི་སྐབས་སུ། མོའི་ལུས་ཕུང་ལ་གནད་དོན་ཕྲན་ཙམ་རེ་ཡོད་ཚེ། ཀྲའོ་ཧྥུ་ཁྲིན་གྱིས་ཡེ་ཤེས་བཟང་པོར་ཁ་པར་བརྒྱབ་ནས་ཁྱིམ་དུ་ཁོའི་ཨ་མར་བལྟ་བར་མངགས་བཅོལ་བྱེད་ཀྱིན་ཡོད། གལ་ཏེ་སྡེ་བའི་ནང་སྨན་བཅོས་བྱེད་ཐབས་ཀྱི་ཆ་རྐྱེན་མི་འདང་ཚེ། སྨན་པ་ཡེ་ཤེས་བཟང་པོས་རང་གི་རླངས་འཁོར་བསྐོར་ནས་ཨ་ནེ་རྒན་མོ་ཁུལ་སྨན་ཁང་དུ་བསྐྱལ་དེ། སྨན་བསྟེན་གྱི་གོ་རིམ་ཆ་ཚང་བསྒྲུབས་རྗེས་ཕྱིར་ཨ་ནེ་རྒན་མོ་ཁྱིམ་དུ་བསྐྱལ་གྱིན་ཡོད།

དེའི་སྐོར་གླེང་ཡོང་དུས། ཀྲའོ་ཧྥུ་ཁྲིན་གྱི་མིག་མཐར་མཆི་མ་འཁོར་བཞིན། “སྨན་པ་ཡེ་ཤེས་བཟང་པོ་ནི་ང་ཚོའི་སྡེ་མི་རྣམས་ཁ་འབྲལ་ཐབས་མེད་པའི་སྨན་པ་བཟང་བོ་ཡིན་། ཁོས་བུ་ཕྲུག་ཞིག་གི་ཚུལ་ནས་སྡེ་བའི་ནང་གི་རྒན་རྒོན་བགྲེས་སོང་མང་པོ་ལ་ལྟ་སྐྱོང་བྱེད་བཞིན་ཡོད་པས། ཚང་མ་ཁོ་ལ་ཡིད་ཆེས་ཆེན་པོ་ཡོད། ནམ་དུས་ཡིན་ཡང་ཁ་པར་བཏང་བ་ཙམ་གྱིས་འགོར་འགྱང་མེད་པར་ནད་ལ་བལྟ་བར་ཡོང་བཞིན་ཡོད་ལ། སྡེ་བའི་ནང་དུ་ཁོ་ཡོད་པས་ཚང་མས་སེམས་བདེ་ལ་བབས་ཡོད”ཟེར།

སྨན་པ་ཡེ་ཤེས་བཟང་པོར་མཚོན་ན་དེ་དག་ནི་རྒྱུན་ལྡན་གྱི་བྱ་བར་གྱུར་ཡོད།  ཁོས་བཤད་རྒྱུར། “ང་རང་ཆུང་དུས་ནས་སྡེ་བ་འདི་ནས་འཚར་ལོངས་བྱུང་བ་ཡིན་ལ། མི་མང་པོ་ཞིག་གིས་ང་ལ་རོགས་མང་པོ་བྱས་མྱོང་ཡོད་པས། ལོ་ལོན་འདི་དག་ནི་རང་གི་ཕ་མ་ལྟ་བུ་ཡིན་པས། ཁོ་ཚོའི་ལུས་པོ་བདེ་ཐང་ཡོང་རྒྱུ་དེ་ངའི་འགན་འཁུར་ཆོག་ཆོག་ཡིན་ལ་སྒྲུབ་ཀྱང་རུང་ཆོག་ཆོག་ཡིན་ཟེར། ལོ་མང་པོའི་ཉམས་མྱོང་ཁྲོད། སྡེ་བའི་ནང་གི་རྒན་པ་རྣམས་ཀྱི་ལུས་ཕུང་གི་གནས་ཚུལ་ལ་ཧ་ཅང་གསལ་ཆ་ཡོད། ད་ལྟ། ཁོའི་བུ་པདྨ་རྡོ་རྗེ་ཡང་ལོ་ཉེར་དགུ་ལ་བུད་ཡོད་པ་དང་། པདྨ་རྡོ་རྗེས་ཡིས་ཁོའི་ཨ་ཕ་དང་འདྲ་བར་ཁྱིམ་རྒྱུད་ཀྱི་སྨན་བཅོས་ལག་རྩལ་རྒྱུན་འཛིན་བྱས་ཏེ། ཧོ་ལི་སི་གོང་མ་སྡེ་བར་བསྡད་དེ་ཕ་རྒན་དང་ལྷན་དུ་སྡེ་བའི་སྨན་པའི་བྱ་བ་རྒྱུན་སྐྱོང་བཞིན་ཡོད་པ་དང་། ད་ལྟ་ཕ་བུ་གཉིས་ཀྱིས་མཉམ་དུ་སྡེ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ཡེ་ཤེས་བཟང་པོ་ལས་རྐང་ནས་བུད་རྗེས་པདྨ་རྡོ་རྗེ་ཡིས“ཞིང་སྡེའི་སྨན་པའི”ལས་རྒྱུན་སྐྱོང་ངེས་རེད།

ལོ་ངོ་སོ་གཉིས་ཀྱི་རིང་ལ། ཡེ་ཤེས་བཟང་པོས་རང་གི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས“ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པ”ཞེས་པའི་གོ་དོན་དངོས་གསེད་འགྲེལ་བྱས་ཡོད། ལྷག་པར་སྨན་པའི་ལས་འདི་ཕུགས་འདུན་ཞིག་དང་། ནད་བཅོས་སྲོག་སྐྱོབ་དེ་རང་ཉིད་ཀྱི་འཚོལ་སྙེག་ཅིག་ཏུ་རློམ་སྟེ་མི་ཚེ་ཧྲིལ་བོ་དེ་ལ་གཏིམས། ཡེ་ཤེས་བཟང་པོས་བརྟག་པ་ནི་ནད་དང་། སྐྱོབ་པ་ནི་སེམས། སྦྱིན་པ་ནི་སྨན། བསྐྱེད་པ་ནི་བརྩེ་བ་ཁོ་ན་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།