གཞི་རིམ་གྱི་དགེ་རྒན་ཞིག་གི་སློབ་གསོའི་བཤུལ་ལམ།
2019.06.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 62


               གསར་འགོད་པས་དགེ་རྒན་ཁྲོ་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 

སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་སྒྲུབ་བཞིན་པའི《རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི》ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་གཞི་རིམ་གྱི་དགེ་རྒན་ཞིག་གི་སློབ་གསོའི་བཤུལ་ལམ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། གཞི་རིམ་སློབ་གསོ་ནི་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཞིང་། སློབ་གྲྭའི་སྒོ་མོ་ཐོག་མར་འགྲིམས་པའི་བྱིས་པ་ཞིག་ལ་མཚོན་ན་དགེ་རྒན་རྣམ་པའི་སློབ་ཁྲིད་དང་བྱམས་སྐྱོང་ལ་བརྟེན་ནས།  མི་ཚེ་གཅིག་གི་ཡང་དག་པའི་འཚོ་བའི་ཁ་ཕྱོགས་ཤིག་འཚོལ་སྙེག་བྱེད་པའི་གོམ་པ་དང་པོ་དེའང་འདི་ནས་ཐོག་མར་སྤོ་དགོས་པ་ཞིག་ཡིན།  དེ་བས་གཞི་རིམ་གྱི་སློབ་ཆུང་དག་གི་དགེ་རྒན་གྱི་ལས་རྐང་སྟེང་ན་ཡོད་པ་དག་གི་ཕྲག་སྟེང་དུ་སློབ་ཁྲིད་མི་སྐྱོང་གི་འགན་འཁྲི་ལྗིད་མོ་ཞིག་ཁུར་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། ཁྲོ་རྒྱལ་ནི་དགེ་རྒན་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོས་མི་ལོ་ཉེར་བཞི་ལྷག་གི་རིང་ལ་རིམ་བཞིན་སློབ་ཁྲིད་དགེ་རྒན་དང་སློབ་སྟོན་ཀྲུའུ་རིན། སློབ་གཙོ་གཞོན་པ་དང་སློབ་གཙོ་སོགས་ཀྱི་འགན་ཁུར་ནས་རང་གི་ཕ་ཡུལ་ཀོས་ནན་རྫོང་གི་གཞི་རིམ་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་ཐད་བྱས་རྗེས་མི་དམན་པ་བཞག ལོ་རབས་དགུ་བཅུ་བའི་སྟོད་ལ་ཁོ་རང་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སུ།  ཐོག་མར་བྱ་མདོ་ས་ཆ་རུ་དགེ་རྒན་གྱི་ལས་ཀར་ཞུགས་ཤིང་། སྐབས་དེར་ཁོ་ལ་མཚོན་ན་སློབ་ཁྲིད་ཀྱི་ལས་ཀར་སྤྲོ་སྣང་ཤིན་ཏུ་ཆེ་སྟབས། ཁོས་སློབ་མར་སློབ་ཁྲིད་བྱེད་པའི་བྱ་བ་ལས་གཞན་རང་ཉིད་དང་ཁྱིམ་ཚང་གི་དོན་དག་ཡོད་ཚད་དུས་ནམ་ཡང་རྒྱབ་ཏུ་དོར་ཡོད་པ་རེད། དེ་བས་ལོ་རེར་བཞིན་ཁོའི་འཛིན་གྲྭའི་ནང་གི་མཐར་ཕྱིན་སློབ་མས་སློབ་འབྲིང་དུ་རྒྱུགས་འཕྲོད་ཚད་དེ་ཡང་རྫོང་ཡོངས་ནས་བསྟུད་མར་ཨང་དང་པོར་གྱུར་པས་ཁོའི་སྙན་གྲགས་དེ་ཡང་རིམ་བཞིན་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་ཁྱབ་མགོ་བརྩམས།

དགེ་རྒན་ཁྲོ་རྒྱལ།  རང་ཉིད་ལ་མཚོན་ན་སློབ་གྲྭ་ནས་མཐར་ཕྱིན་རྗེས། སློབ་གསོའི་ལས་ཀའི་སྟེང་ནས་ད་བར་དུ་བསྡད་པ་རེད། དང་ཐོག་མར་ཀོས་ནན་རྫོང་བྱ་མདོ་ཞང་བཅའ་སྡོད་སློབ་ཆུང་དུ་བགོས་པ་རེད། དེ་དུས་ལོ་རིམ་ལྔ་བ་ལས་ལོ་རིམ་དྲུག་པ་སོགས་མེད། དེའི་འཛིན་བདག་དང་བོད་ཡིག་དགེ་རྒན། དེ་མིན་འཛིན་གྲྭ་གཞན་པར་སློབ་ཁྲིད་བཅས་བྱས་པ་ཡིན། དེ་དུས་རང་ཉིད་ལ་སློབ་ཁྲིད་བྱེད་པའི་འདུན་པ་ཡོད་ལ་སློབ་ཁྲིད་བྱེད་པར་ཚེགས་ཡང་ཞིག་ཀྱང་ཡིན། དེ་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་ཁྲིད་བྱེད་པ་དང་། ཐ་ན་ཉིན་གུང་གི་ངལ་གསོའི་སྐབས་སུ་ཡང་བྱིས་པ་ཚོས་འདོད་མོས་ལྟར་བྱ་འགུལ་སྣ་ཚོགས་སྤེལ་བ་ཡིན། དེ་ལྟར་ནམ་ཡང་བློ་རྩེ་གཅིག་གིས་ཡིད་ལ་སློབ་མ་དང་སློབ་ཁྲིད་དྲན་པ་ལས་ཁྱིམ་ཚང་གི་དོན་དག་སོགས་ལ་ཁ་ཡ་གཏན་ནས་མ་བྱས་པར་བསྡད་པས་གཞན་གྱིས་བལྟས་ན་འབྲས་བུ་ཡང་ཁྱད་པར་བ་བྱུང་དང་ནི་དེ་འདྲ་ཡིན། དེའི་སྐབས་སུ་སློབ་ཁུལ་གཅིག་གི་བཟང་ངན་དེ་ལོ་གཅིག་གི་མཐར་ཕྱིན་སློབ་མའི་རྒྱུགས་འཕྲོད་ཚད་ཀྱིས་ཐག་གིས་གཅོད་དགོས་ནི་དེ་འདྲ་ཞིག་རེད། དེ་བས་ངའི་འཛིན་གྲྭས་བསྟུད་མར་ལོ་གཉིས་ཀྱི་རིང་ལ་ཀོས་ནན་རྫོང་གི་གཅིག་གྱུར་གྱི་རྒྱགས་འབྲས་ཨང་དང་པོ་བླངས་པ་རེད།  དེ་ནས་བྱ་བའི་དགོས་མཁོའི་དབང་གིས་མགོ་མང་དུ་ཡོང་ནི་རེད། དེའི་དཀྱིལ་སྙིང་སློབ་གྲྭའི་ནང་ནས་ཀྱང་མཐར་ཕྱིན་འཛིན་གྲྭའི་དགེ་རྒན་དང་འཛིན་བདག་བཅས་བྱས་ནས་སློབ་ཁྲིད་བྱས་པ་དང་། བསྟུད་མར་ལོ་གཉིས་ལ་ཀོས་ནན་རྫོང་གི་གཅིག་གྱུར་རྒྱུགས་གཞིའི་ཁྲོད་ཨང་དང་པོ་བླངས་པས་ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་གནང་བའི་བྱ་དགའ་ཡང་ཐོབ་པ་རེད།

སྙན་སྒྲོན་པ།དགེ་རྒན་ཞིག་ལ་ཆ་མཚོན་ནས་བཤད་ན་རིག་གནས་ཡོད་པ་ཙམ་གྱིས་གཏན་ནས་མི་ཆོག་པར། སློབ་ཁྲིད་ཀྱི་ཐབས་ལམ་ལེགས་པོ་ཞིག་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དགེ་རྒན་ཁྲོ་རྒྱལ་གྱིས་དུས་རྒྱུན་སློབ་ཁྲིད་བྱེད་པའི་ཞོར་དུ་སློབ་མ་རེ་རེའི་ཁམས་དང་མོས་པར་བསྟུན་ནས་སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་སྣ་ཚོགས་བཏང་བས། ཁོས་སློབ་ཁྲིད་བྱེད་སྟངས་ལ་གསོན་ཉམས་ཀྱིས་ཁེངས་པར་མ་ཟད། སློབ་མ་སྐྱོང་སྟངས་ནི་དེ་བས་ཀྱང་གཟབ་ནན་དང་ཞིབ་ཚགས་ཡིན་པས་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཁོའི་ཁྱད་ཆོས་དེ་དག་ལ་དམིགས་ནས་ཁོ་རང་ཆེད་དུ་སྐབས་དེར་སློབ་གསོའི་རྣམ་པ་ཅུང་རྒྱ་ཆེ་བའི་མགོ་མང་བཅའ་སྡོད་སློབ་གྲྭའི་སློབ་སྟོན་ཀྲུའུ་རིན་དུ་བསྐོས།

དགེ་རྒན་ཁྲོ་རྒྱལ། མཐར་ཕྱིན་རྗེས་ཀྱི་ལོ་ལྔ་བ་མོ་དེར་མགོ་མང་བཅའ་སྡོད་སློབ་གྲྭར་ཡོང་ནས་ཕྱོགས་གཅིག་ནས་སློབ་ཁྲིད་བྱེད་རྒྱུ་དང་ཕྱོགས་གཞན་ཞིག་ནས་སློབ་སྟོན་ཀྲུའུ་རིན་གྱི་འགན་ཁུར་བ་རེད། སྐབས་དེར་མགོ་མང་ས་ཆ་ན་སྡེ་བ་བཅུ་གཅིག་དང་དེར་སློབ་གྲྭ་ཡང་བཅུ་གཅིག་ཡོད། རང་ཉིད་ཀྱིས་སློབ་ཁྲིད་བྱེད་པའི་ཞོར་དུ་དགེ་རྒན་རྣམ་པ་དང་མཉམ་དུ་གྲོས་བསྡུར་བྱས་ནས་སློབ་མ་རྣམས་ཀྱི་རྒྱུགས་ཀྱི་ཁ་ཕྱོགས་དང་རྒྱུགས་ཤོག་ཕུད་སྟངས། སློབ་ཁྲིད་བྱེད་ཐབས་བཅས་ལ་འགྱུར་བ་བཏང་བ་ལྟ་བུར་མཚོན་ན་སྐབས་དེའི་སློབ་གསོའི་འཕོ་འགྱུར་གྱི་མཐོ་རླབས་ཤིག་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད།

སྙན་སྒྲོན་པ། དགེ་རྒན་ཁྲོ་རྒྱལ་ནི་དེ་ལྟར་གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་ཞིག་ནས་རིམ་བཞིན་སློབ་སྟོན་ཀྲུའུ་རིན་དང་སློབ་གྲྭའི་སློབ་གཙོ་གཞོན་པ་སོགས་ཀྱི་འགན་ཁུར་ཏེ་མི་ལོ་ཉི་ཤུ་ལྷག་ཅིག་འདས། སློབ་ཁྲིད་དགེ་རྒན་ཞིག་ནས་སློབ་གྲྭའི་དོ་དམ་པ་ཞིག་ཏུ་འགྱུར་བའི་གོ་རིམ་ཁྲོད་དུ་ཁོས་དཀའ་སྡུག་གི་རྔུལ་ཆུ་མང་པོ་ཞིག་གཏོར་ཡོད་པའང་ང་ཚོས་བློ་ཡིས་དཔྱད་ན་དཔོག་པར་ནུས་ཤིང་། སློབ་ཁྲིད་མི་སྐྱོང་གི་འཚོ་བའི་རྒྱུད་རིམ་རིང་མོ་དེའི་ཁྲོད་ནས་དགེ་རྒན་ཁྲོ་རྒྱལ་གྱིས་གཞི་རིམ་གྱི་སློབ་གསོ་བ་ཞིག་གི་མི་ཚེའི་སྡོམ་ཚིག་ཀྱང་མང་པོ་ཞིག་རྙེད་ཡོད།

དགེ་རྒན་ཁྲོ་རྒྱལ། སློབ་གཙོ་དང་པོ་དེ་ལོ་བཅུ་བཞིར་ཁུར་མྱོང་ཞིང་སློབ་གཙོ་གཞོན་པ་དེ་ལོ་གསུམ་ལ་ཁུར། ད་གང་ལྟར་སློབ་སྟོན་ཀྲུའུ་རིན་གྱི་འགན་ཁུར་བ་སོགས་བརྩིས་ན་ལོ་ངོ་ཉེར་གསུམ་ཉེར་བཞི་ཞིག་གི་རིང་ལ་སློབ་གྲྭའི་བདག་དམ་ཀྱི་བྱ་བའི་འགན་ཁུར་ནས་བསྡད་པ་རེད། དེའི་ཁྲོད་ནས་རང་ཉིད་ལ་ཐོབ་པའི་སྡོམ་ཚིག་ནི་དགེ་རྒན་རྒན་རྣམས་ལ་མཚོན་ན་ཡང་རང་གིས་ཕར་སེམས་བསྟན་ན་ཕྱིར་གློ་མི་སྟོན་པའི་སྡོམ་ཚིག་དེ་རྙེད་ཡོད། དེའི་འཕྲོར་བྱིས་པ་རྣམས་ལ་མཚོན་ན་ཡང་དེར་རང་གི་བུ་ཕྲུག་བཞིན་དུ་གཉོར་སྐྱོང་བྱས་ན་དེའི་བསམ་བློ་དྲང་ཕྱོགས་སུ་འཁོར་ཐུབ་པའི་འདུ་ཤེས་དང་སྡོམ་ཚིག་རྙེད་ཡོད། ལྷག་པར་དུ་རང་ཉིད་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་རང་གི་དགེ་བཟོ་བ་རྣམས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ན་གཅིག་ནས་སློབ་ཁྲིད་ཀྱི་ཕྱོགས་ལ་འབད་བརྩོན་བྱེད་པ་དང་། གཉིས་ནས་དོན་དག་གལ་ཆེན་ཞིག་མེད་ན་གནང་བའང་རང་དགར་མི་ཞུ་བ། དེ་མིན་སློབ་གྲྭའི་རྒྱུ་རྫས་སྣ་ཚོགས་ལའང་མ་སྐུལ་དང་བླངས་ཀྱི་སྒོ་ནས་བདག་དམ་བྱས་ཏེ། འདི་ནི་རང་གི་ཁྱིམ་ཡིན་བསམ་པའི་འདུ་ཤེས་ལྡན་པའི་སྡོམ་ཚིག་དེ་རྙེད་ཡོད།

སྙན་སྒྲོན་པ། སྤྱིར་མི་རིགས་སློབ་གསོ་ནི་ཡུན་རིང་གི་བྱ་བ་ཞིག་ཡིན་པས། གཞི་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རིན་ཐང་ཡང་མི་ཞིག་གི་མི་ཚེ་གཅིག་གི་དུས་ཚོད་ཐུང་ངུའི་ནང་མངོན་འགྱུར་བྱེད་ཐུབ་པ་ཞིག་ག་ལ་ཡིན། ཡིན་ན་ཡང་རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབ་ཞེས་པ་ནང་བཞིན་དགེ་རྒན་ཁྲོ་རྒྱལ་ལ་མཚོན་ནཡང་། རང་ཉིད་གཞི་རིམ་གྱི་མི་རིགས་སློབ་གསོའི་ལས་རྐང་དུ་ཞུགས་པ་ནས་བཟུང་། དཀའ་སྡུག་སྣ་ཚོགས་ཤིག་གདོང་གིས་བསུ་ཞོར་རིན་ཆེན་གསེར་ལས་དཀོན་པའི་མི་ལོ་མང་པོ་ཞིག་ཕ་ཡུལ་གྱི་སློབ་གསོའི་ལས་དོན་དུ་ཕུལ་ནས་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱས་པ་ནི། ཁོས་ཕ་ཡུལ་མི་དམངས་ལ་བཏེགས་པའི་བླ་མེད་ཀྱི་ལེགས་སྐྱེས་ཡིན་པར་མ་ཟད། ཁོའི་མི་ཚེ་གཅིག་གི་ཆེས་དགའ་བའི་དོན་དག་དེ་ཅི་ལ་མིན།

དགེ་རྒན་ཁྲོ་རྒྱལ། ངས་སློབ་གཙོ་ཁུར་བའི་རིང་འདིར་དེ་རིང་ནངས་ཀ་བྱ་བའི་ཁྲོད་ཞུགས་ཡོད་པའི་སློབ་མ་སུམ་བརྒྱ་དང་ང་དྲུག་ཡོད། དེ་དག་ཁྲོད་པེ་ཅིན་ན་ཡོད་ནི། ལྷ་ས་ན་ཡོད་ནི། ཟི་ལིང་ན་ཡོད་ནི། དེ་མིན་ཟི་ཁྲོན་ན་ཡོད་ནི། དེ་མིན་མགོ་ལོག་དང་ཡུས་ཧྲུའུ་ན་ཡོད་ནི་དེ་འདྲ་རེད། དེའི་ནང་ཞིབ་འཇུག་སློབ་མ་སུམ་ཅུ་སོ་དྲུག་ཡོད།  སློབ་མ་དེ་འདྲ་མང་པོ་ཞིག་ལ་བསམ་བློའི་དྲང་ཕྱོགས་ཐད་སློབ་གསོ་ཞིག་གཏང་ཐུབ་ཡོད་བསམ་པ་ནི་རང་ཉིད་དགའ་འོས་པའི་དོན་དག་ཅིག་ཡིན། དེ་མིན་རང་གིས་བྱ་བ་དེའི་སྟེང་ནས་འགྲོ་ཐབས་འདུག་ཐབས་ཙམ་མ་བྱས་པར་སློབ་གྲྭ་དེ་དག་ནས་མེ་ཏོག་ལྟ་བུའི་གསར་སྐྱེས་ཀྱི་བྱིས་པ་དེ་དག་ལ་མ་སྨིན་པའི་བྱིས་བློའི་སྐབས་སུ་ཁོ་ཚོའི་མི་ཚེ་ཆུད་ཟས་སུ་གཏོང་དུ་མ་བཅུག་པ་དེ་ནི་རང་ཉིད་ཀྱི་མི་ཚེ་འདིར་ཆེས་དགའ་བའི་དོན་དག་ཅིག་ཡིན།

སྙན་སྒྲོན་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ“གཞི་རིམ་གྱི་དགེ་རྒན་ཞིག་གི་སློབ་གསོའི་བཤུལ་ལམ”ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།

གསར་འགོད་པ། གཡང་འབུམ་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།