གལ་ཏེ་སྐད་ཆ་ཚིག་གཅིག་གིས་ཡུས་པིན་པོ་ལ་གདེང་འཇོག་བྱེད་དགོས་ཚེ། ཁོ་ནི་མདོ་དབུས་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་སྟེང་གི་ལྕགས་ལས་གྲུབ་པའི་ལས་བཟོ་པ་ཞིག་རེད་ཅེས་བརྗོད་ཆོག
ཡུས་པིན་པོ་ཡིས་གངས་ལྗོངས་ཀྱི་ཆེས་མཐོ་བའི་ས་ཁུལ་ནས་ལོ13ལ་བྱ་བ་བསྒྲུབས་པ་དང་། ཁོ་རང་སློབ་གྲྭ་ནས་ཐོག་མར་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ནས་མདོ་དབུས་ལྕགས་ལམ་གྱི་ས་འཁྱག་ལམ་ཐིག་རྒྱུད་ཀྱི་ཟམ་པའི་སྒྲིག་ཆས་བརྟག་ཞིབ་བཟོ་བཅོས་ཕྱོགས་ཀྱི་ཆེད་མཁས་པ་ཞིག་ཏུ་གྱུར་བ་དང་། འབྲིང་རིམ་ཆེད་སྦྱོང་བསླབ་གནས་ཅན་གྱི་ཁོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མཐོ་སྒང་ལྕགས་ལམ་ཞིག་གསོ་ཕྱོགས་ཀྱི་ཆེད་མཁས་པ་ཞིག་དང་། སྣ་འདུས་རང་བཞིན་གྱི་དོ་དམ་ཤེས་ལྡན་པ་ཞིག་ཏུ་གྱུར། འདི་ནི་མི་མང་པོ་ཞིག་གིས་བསམ་ཡས་འདས་པ་ཞིག་རེད། ཁོའི་རྒྱལ་ཁ་ནི་ཁོས་དཀའ་སྤྱད་ཀྱི་ཞིབ་འཇུག་དང་། འབད་བརྩོན་ལྷོད་མེད་ཀྱི་བློ་སྤོབས་དང་མདོ་དབུས་ལྕགས་ལམ་གྱི་ལས་གནས་སྟེང་ཕངས་སེམས་མེད་པར་ཡོད་ཚད་ཕུལ་བ་ལས་བྱུང་བ་ཡིན།
སྐད་ཆ་དྲང་མོར་བཤད་ན། ངས་ཁོ་ལྟ་བུའི་ཞིབ་འཇུག་བྱེད་ཕོད་པ་དང་། འབད་བརྩོན་བྱེད་མཁན་ཞིག་མཐོང་མ་མྱོང་། ཁོས་ལམ་ཐིག་ཞིག་གི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་ཐག་གཅོད་བྱེད་ཆེད་ཞག་གང་བོར་ཞིབ་འཇུག་བྱེད་པ་དང་། ཡང་དང་བསྐྱར་དུ་རིགས་པས་སྒྲུབ་ཅིང་ཚོད་ལྟ་བྱེད་ལ། དམིགས་ཡུལ་ལ་མ་ཐོན་ཚེ་ངལ་གསོ་གཏན་ནས་བྱེད་མི་སྲིད། ཁོས་ཁོ་རང་སྡོད་སའི་འཁོར་ཁང་དོ་དམ་གྱི་ལྕགས་ལམ་ལམ་ཐིག་མུ་མཐུད་དུ་བདེ་འཇགས་ངང་བགྲོད་ཐུབ་པ་བྱ་ཆེད། ཁངས་རླུང་དང་། དབྱང་དབུགས་དཀོན་པའི་གྲང་འཁྱག་ཁྲོད་བརྟག་ཞིབ་བཟོ་བཅོས་བྱེད་སྲིད། ཁོའི་མིག་ནང་དུ། མདོ་དབུས་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་བྱེད་ཐུབ་རྒྱུ་དེ་ཁོའི་ཚེ་སྲོག་དང་ཁྲག་རྒྱུན་ཁྲོད་འདྲེས་ཡོད་པ་རེད།
དེ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་གྱི་མཚན་མོ་ཞིག་ཡིན་ལ། མཚན་མོ་དེར་གཡུ་འབྲུག་ལྷ་རྩེ་དང་ཁུ་ནུ་རི་བོའི་རྒྱུད་དུ་ཁངས་བབས་པ་དང་དྲག་རླུང་གཡུགས། ཁུ་ནུ་རི་བོའི་ས་འཁྱག་ཁུལ་གྱི་ལམ་གྱི་རྨང་གཞིའི་འགྱུར་བ་གཏིང་ཟབ་མོ་ཞིག་ཁོང་དུ་ཆུད་ཆེད། ཁོས་ནམ་ཟླའི་འགྱུར་བ་དང་ལམ་རྒྱུད་ཀྱི་གནས་ཚུལ་གཞི་གྲངས་ཚད་འཇལ་བྱས་ཏེ། ཞིབ་སྡུར་དབྱེ་ཞིབ་དང་དུས་ལྟར་ལེགས་བཅོས་བྱས་པ་དང་། ཡུས་པིན་པོ་དང་བང་ཁུན་ལམ་རྒྱུད་ཀྱི་བོད་རིགས་ལས་བཟོ་པ་བསྟན་འཛིན་གྱིས་ལས་བཟོ་པ་ལྔ་དང་ལས་ཀ་ལས་མཁན་བཅུ་ཁྲིད་དེ། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་སྟེང་མདོ་དབུས་ལམ་རྒྱུད་ཀྱི་ན་གོར་མོ་ནས་ལྷ་སའིk992-k996བར་གྱི་ས་འཁྱག་ལྟ་ཞིབ་དང་སྒྲིག་ཆས་ལ་ཞིག་གསོ་བྱས། སྐབས་དེར་ཁུ་ནུ་རི་བོའི་ཁང་བའི་ཕྱི་རོལ་གྱི་དྲོད་གྲང་ཏུའུ་སུམ་ཅུ་མན་ལ་སླེབས་པ་དང་། ཁངས་རླུང་འདྲེས་མས་བློ་གཅིག་སེམས་གཅིག་གིས་ལྕགས་ལམ་གྱི་ལམ་ཐིག་སྒྲིག་ཆས་ཚད་འཇལ་དང་ཞིག་གསོ་བྱེད་བཞིན་པའི་ལས་བཟོ་པའི་ལུས་སྟེང་དུ་ཕོག་པས་ལུས་སྟེང་དང་གདོང་ལ་བ་མོ་དཀར་པོས་གཡོགས།
ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཅུ་བར་དུ། ཁངས་དང་རླུང་གིས་ང་རོ་མཚམས་མེད་དུ་སྒྲོག་བཞིན་འདུག ཡུས་པིན་པོ་ལྟ་ཞིབ་ཚད་འཇལ་བྱེད་ས་ཞིག་ཏུ་གོག་ནས་འགྲོ་སྐབས། གོག་པའི་སྟངས་སྟབས་ཆེ་བ་དང་མྱུར་ཚད་མགྱོགས་པོའི་རྐྱེན་གྱིས་ཀླད་པར་དབྱང་དབུགས་ཀྱིས་མ་འདང་བར་ལམ་སྟེང་དུ་རྒྱལ་སོང་བ་དང་། བསྟན་འཛིན་དང་ལས་བཟོ་པ་ཚོ་མྱུར་མོར་ཡོང་སྟེ་ཁོའི་མཐའ་བསྐོར་བ་དང་། ཡུས་པིན་པོ་ཡི་མཐའ་བཞིའི་རླུང་བཀག ཅང་མ་འགོར་བར་ཡུས་པིན་པོ་སད་པ་དང་། ངལ་གསོ་ཅུང་ཙམ་བྱས་རྗེས། ཁོ་རང་ཡར་ལངས་ཏེ་དགའ་སྤྲོའི་ངང་ནས་ང་ལ་སྐྱོན་མེད། ཕལ་ཆེར་ཕོ་བ་ལྟོགས་པས་ཡིན་ལོས་ཆེ། དེས་ན་ང་ཚོས་ཟ་མ་བཟས་ན་ཇེ་འདྲ་རེད་ཟེར། དེ་ལྟར་ཚང་མ་གཞོགས་གཅིག་ཏུ་རུབ་ནས་ཁངས་རླུང་ཁྲོད་དྲོས་ཇ་འཐུང་། དེའི་འཕྲོར་མུ་མཐུད་དུ་ལྕགས་ལམ་ཚད་འཇལ་དང་ཞིག་གསོ་བྱེད་པའི་བྱ་བའི་ཁྲོད་ཞུགས།
ད་ལོའི་ཟླ་གཉིས་པའི་ཟླ་མགོར། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་སྒྲིག་ཆས་ཞིག་གསོ་ཆེས་བྲེལ་འཚུབ་ཆེ་བའི་གནད་འགག་གི་སྐབས་སུ། འཁྱག་རོམ་དུས་སྐབས་ཀྱི་བང་ཁུན་མེ་འཁོར་འབབ་ཚིགས་ཀྱི་དོ་དམ་ནི་གྲང་ངར་དང་ཁངས་རླུང་འདྲེས་མར་ཡོད་པ་ཞིག་རེད། ཉིན་དེའི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ། ཁངས་དང་རླུང་ནང་དུ་ཉིན་གཅིག་ལ་བྲེལ་འཚུབ་ཀྱིས་ལས་ཀ་སྒྲུབ་པའི་ལས་བཟོ་པ་རྣམས་ངལ་བས་དུབ་སྟེ་གཉིད་དུ་ཡུར། སྐབས་དེར། ཁ་པར་ཅུང་བརྡ་ཞིག་བྲེལ་འཚུབ་ཀྱིས་གྲགས་བྱུང་བ་དང་། བང་ཁུན་མེ་འཁོར་ས་ཚིགས་ཀྱིk965-k975ཁུལ་དེ་ཁངས་ཆེན་གྱིས་མནན་པ་དང་། མེ་འཁོར་བགྲོད་པར་ཤན་ཤུགས་བཟོས་པས། མྱུར་དུ་ལམ་གྱི་ཉེན་ཁ་སེལ་དགོས་པའི་བརྡ་འབྱོར།
ཡུས་པིན་པོ་ཡིས་མྱུར་དུ་མྱུར་སྐྱོབ་ཉེན་འགོག་རུ་ཁག་ཁྲིད་དེ་ཡུས་དངོས་སུ་ཐོན་པ་དང་། ལམ་རྒྱུད་དུ་ཁངས་བརྩིགས་ནས་ལྕགས་ལམ་སྟེང་དུ་ཁངས་ལིས་རྨིད་བཅུ་ལ་སླེབས་པ་མཐོང་། ཁག་བགོས་གཙང་སེལ་བྱེད་པའི་སྐབས་སུ། ཡུས་པིན་པོ་དང་ལས་བཟོ་པ་ཚོས་དྲག་རླུང་དང་ཁངས་འདྲེས་མ་གདོང་ལ་ཕོག་པའི་མོད་ན་ཟུག་ཆེ་བ་དང་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་ཉི་ཤུའི་གྲང་ངར་ལ་མ་འཛེམ་པར་བསྟུད་མར་དུས་ཚོད་ལྔ་ལྷག་གི་རིང་ལ་འབད་འཐབ་བྱས་པ་བརྒྱུད། ཉིན་གཉིས་པའི་སྔ་དྲོའི་དུས་ཚོད་དྲུག་ལྷག་གི་སྟེང་དུ་ད་གཟོད་ཁངས་ཕྱགས་ཚར།
ཁངས་ཕྱགས་མཁན་རྣམས་ངལ་གསོ་ས་རུ་ཡོང་ནས་ངོ་གདོང་འཁྲུད་ཁོམ་ཡང་མ་བྱུང་བར་ཡང་བསྐྱར་བརྡ་སྦྱོར་ཞིག་འབྱོར་བ་ནི་པུ་ཏུང་ཆོན་ཆུ་མིག་གི་འབབ་ཚིགས་གཉིས་པ་དང་། བཞི་བའི་མཚམས་སུ་ཁངས་བརྩིགས་ཡོད་པའི་རྐྱེན་གྱིས་མེ་འཁོར་འཁོར་ཐབས་བྲལ་བ་དེ་རེད། ཉེན་ཁའི་གནས་ཚུལ་ནི་བཀའ་རྒྱ་དང་འདྲ་ལ། ཡུས་པིན་པོ་ཡིས་ཡང་བསྐྱར་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་ཐོན་ནས་ལྕགས་ལམ་སྟེང་གི་ཁངས་གཙང་སེལ་བྱས་པ་དང་། དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་ད་གཟོད་ཁངས་ཕྱགས་ཚར་ནས་སྒྲིག་ཆས་རྒྱུན་ལྡན་ངང་འཁོར་བསྐྱོད་བྱེད་ཐུབ་པ་བྱུང་། ཡུས་པིན་པོ་དང་ལས་བཟོ་པ་ཚོ་ཁུ་ནུ་རི་རྩེར་ཤར་བའི་ཞོགས་པའི་ཉི་གཞོན་དང་བདེ་འཇགས་ངང་བགྲོད་བཞིན་པའི་འགྲུལ་སྐྱེལ་མེ་འཁོར་གྱི་ཕྱོགས་སུ་འཁོར་ཏེ། དམར་ནག་ཏུ་གྱུར་བའི་ངོ་གདོང་ལ་ལངས་དཀའ་བའི་འཛུམ་ཞིག་དང་ང་རྒྱལ་ཞིག་མངོན་འདུག
ལོ་ཙཱ། ཚེ་རིང་སྒྲོལ་མ།