བུ་ཆུང་རྒྱང་དུ་བསྐྱོད་པས་ཨ་མའི་སེམས་ལ་ཐོགས།
2019.06.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 65

ཁྱོད་རང་ས་ཆ་གང་དུ་སོང་སྟེ་དོན་དག་ཅི་ཞིག་སྒྲུབ་ཀྱང་མི་ཞིག་གིས་དུས་རྒྱུན་ཁྱོད་རང་དྲན་བཞིན་ཡོད། ཁྱོད་རང་ལ་རྒྱུ་ནོར་ག་འདྲ་ཡོད་ཀྱང་ཆོག་ལ་ཁྱོད་ལ་ཐོབ་དང་གོ་ས་ཅི་ཡོད་ཀྱང་མི་ཞིག་གིས་དུས་དང་རྣམ་པ་ཀུན་དུ་ཁྱོད་རང་སེམས་སུ་ཉར་བཞིན་ཡོད། མི་དེ་ནི་འཇིག་རྟེན་སྟེང་གི་ཆེས་བྱམས་བརྩེ་ལྡན་པའི་དྲིན་ཆེན་ཨ་མ་རེད། མ་ཡུམ་ཞེས་པ་ནི་ཇི་འདྲའི་རླབས་ཆེ་ཞིང་དྲོད་ཁོལ་ལྡན་པའི་འབོད་ཚུལ་ཞིག་རེད་ཨང་།

“བུ་ཕྲུག་ལེ་བར་ཁྲི་ཡི་ས་ལ་བསྐྱོད་སོང་བས་ཡུམ་གྱིས་སེམས་ཁྲལ་རྒྱུན་མ་ཆད།”རྒྱ་ཡིག་གིས་ཆིན་ཕུའུ་དང་མཚོ་སྔོན་ཟེར་བའི་བར་ན་ཡིག་འབྲུ་གཅིག་གི་ཁྱད་པར་མ་གཏོགས་མེད་ནའང་ལེ་བར་ཁྲི་ཡི་བར་ཐག་ཡོད་པ་རེད། ན་ཆུང་བྱིས་པ་དུས་ནས་བཟུང་ཕ་མའི་གམ་དུ་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་པ། བྱ་བ་ལས་པ་བཅས་བྱེད་པ་ལས་ཡུལ་ཐག་རིང་བོར་གཏན་ནས་འགྲོ་མྱོང་མེད།  འོན་ཀྱང་ཐེངས་འདིར་ཕྱི་ལ་བསྐྱོད་པ་ནི་ལེ་བར་ཁྲི་ལས་བརྒལ་བའི་ལམ་ཐག་རིང་བོ་རིང་བོ་ཞིག་རེད། ལྷག་པར་དུ་ཧ་ཅང་ས་མཐའ་ཡིན་པའི་མཚོ་བོད་མཐོ་སྒང་རེད། དེ་ལས་ད་གཟོད་ཕ་མའི་གམ་དུ་ཡོད་དུས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་ཕ་མ་ལ་བསྟེན་པ། དེ་མིན་ད་དུང་ཕ་མའི་བརྩེ་བ་ཟབ་མོ་དེ་དྲན་པའི་ཚོར་བ་ཞིག་རང་རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།

དྲན་གདུང་མེད་པར་བཟོ་དགོས་ན་ཐབས་ལམ་གཅིག་ཡོད་པ་ནི་ཁ་པར་གཏོང་རྒྱུ་དེ་རེད། དུས་རྒྱུན་ཨ་མ་དང་ཁ་པར་གཏོང་དུས་མོས་རྒྱུན་དུ་ཡང་དང་བསྐྱར་དུ་ང་ལ་མཐོ་སྒང་གི་ནམ་ཟླ་དང་མཁའ་དབུགས་སོགས་ལུས་ལ་འཕྲོད་དམ།   ཟ་མ་དང་སྡོད་སར་གོམས་སམ་ཞེས་ཡང་ཡང་འདྲི་ཞིང་།  དེ་མིན་ཕྱི་རོལ་ཏུ་རང་ཉིད་གཅིག་པུ་ཡིན་པས་རང་གིས་རང་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་ཞེས་ཡང་དང་བསྐྱར་དུ་ཁ་བརྡ་དང་སློབ་གསོ་གང་མང་གཏོང་གི་འདུག ཡིན་ནའང་ངས་ཨ་མ་ལ་ཁྱེད་ཀྱི་ལུས་ཕུང་ག་འདྲ་འདུག་ཅེས་དྲིས་པ་ན། མོས་རྒྱུན་དུ་ལུས་ཕུང་བཟང་གི   ང་ལ་སེམས་ཁུར་བྱ་མི་དགོས”ཟེར། “རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་རང་ཁྱིམ་དུ་ལོག་མ་ཐུབ་རུང་། ཡིན་ནའང་མོས་མནའ་མ་དང་ཚ་མོ་གཉིས་མཚོ་སྔོན་དུ་ང་ལ་བལྟ་རུ་ཡོང་བ་ཤེས་དུས། ནམ་མ་ལངས་གོང་དུ་མལ་ལས་ལངས་ཏེ་ང་རང་ཆེས་བཟའ་རྒྱུར་དགའ་བའི་ཙུང་ཙི་ལས་པ་རེད། ཉིན་དེར་ངའི་ཨ་མས་ལས་པའི་ཙུང་ཙི་གསར་བ་ཟ་ཐུབ་སོང་ལ་དེ་ཧ་ཅང་ཞིམ། བསམ་ཚུལ་ཞིག་ལ་ཨ་མས་ལས་པའི་ཟ་མ་དེ་ནི་མི་ཡུལ་གྱི་ཆེས་ཞིམ་པའི་ཟ་མ་དེ་ཡིན་པར་སྙམ།  རྒྱུ་མཚན་ནི་ཨ་མའི་བརྩེ་བ་ལས་ལྷད་ཅི་ཡང་འདྲེས་མེད་པས་ཡིན།

དེ་རིང་ཨ་ཕས་ང་ལ་བློ་བུར་དུ་ཁ་པར་ཞིག་བཏང་བྱུང་། སྐབས་དེར་ཨ་ཕའི་ཁ་པར་ཡིན་པ་ཤེས་དུས་ང་ལ་བློ་བུར་དུ་སེམས་ཁམས་མི་བདེ་བའི་སྣང་བ་ཞིག་སྐྱེས། རྒྱུ་མཚན་ནི་སྤྱིར་བཏང་གི་གནས་ཚུལ་འོག་ཨ་ཕས་རང་འགུལ་སྒོས་ང་ལ་ཁ་པར་མི་གཏོང་། ཁོས་ཉིན་རྒྱུན་དུ་གཏན་འཁེལ་གྱི་དུས་ཚོད་ནང་ངའི་ཁ་པར་ལ་སྒུག་བཞིན་ཡོད་ལ། ངས་ཉིན་རྒྱུན་ཁ་པར་གཏོང་དུས་ཨ་མས་ཁ་པར་བླངས་ནས་ཉན་ཞིང་ཨ་ཕས་ཁ་པར་གྱི་ཉེ་འགྲམ་ན་ཉན་ནས་བསྡད་ཡོད། ཨ་ཕའི་ཁ་པར་ལ་ཉན་རྗེས། བློ་བུར་དུ་ངའི་མིག་ལམ་དུ་མུན་ནག་གིས་ཁེངས་ཏེ་སེམས་བདེ་ལ་འབབ་མ་ཐུབ། ཨ་ཕས་ང་ལ་བཤད་པའི་གཏམ་ངན་དེས་ང་ཡི་སེམས་པ་ཧ་ཅང་སྡུག  ཨ་ཕས་བཤད་རྒྱུར། ཨ་མའི་བརྟག་དཔྱད་མཇུག་འབྲས་མི་བཟང་། ཁ་སང་ཧྲང་ཧེ་སྐྲན་ནད་སྨན་ཁང་དུ་ཞག་སྡོད་བྱས་པ་དང་གནང་ཉིན་གཤག་བཅོས་བྱེད་དགོས་ཟེར།  ངས་སེམས་ཁུར་མི་བྱེད་པའི་ཆེད་དང་བྱ་བར་ཤུགས་རྐྱེན་མི་བཟོ་བའི་ཆེད་དུ་སྔོན་ལ་ང་རང་ལ་བརྡ་མ་བཏང་བ་རེད། ཨ་ཕའི་ཁ་པར་དེས་ང་ལ་སྡུག་བསྔལ་གཟོད་ལྷག་མེད་པ་ཞིག་བཟོས་སོང་།  ཕྱོགས་གཅིག་ནས་ལོ་མཇུག་ལ་ཐོན་ལ་ཉེ་བས་བྱ་བ་ཐ་དག་ཧབ་བེ་ཧོབ་བེར་མཇུག་བསྡུ་ག་ལ་རུང་། ངས་བྱ་བ་བསྐྱུར་ནས་ཨ་མ་ལ་བལྟ་རུ་འགྲོ་མི་ཉན། ཡིན་ནའང་ཨ་མ་ལ་འདི་འདྲའི་ནད་ལྕི་མོ་ཞིག་ཕོག་ཡོད་ཀྱང་ང་རང་བུ་ཞིག་ཡིན་པའི་ཆ་ནས་གནད་འགག་གི་སྐབས་སུ་ཡང་ཨ་མའི་འགྲམ་དུ་གཉོར་སྐྱོང་བྱེད་མ་ཐུབ། གནའ་ནས་བཟུང་བློ་དཀར་དང་སྲི་ཞུ་གཉིས་མཉམ་དུ་ཡོད་དཀའ་ཞེས་ཟེར་བ་ཅི་ལ་མ་བདེན། “སྙིང་ཉེ་བའི་མ་ཡུམ་ལགས།ཁྱེད་ལ་བཤད་འདོད་པ་ནི་ངས་ལོ་གསུམ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་ཆེད། ངས་རང་གི་ཕ་ཡུལ་གཉིས་པ་ལྟ་བུའི་པད་མའི་འཕེལ་རྒྱས་ཀྱི་ཆེད་དུ་འབད་བརྩོན་བྱེད་ཁོ་ཐག་ཡིན། བུ་ང་ས་མཐའ་གང་དུ་ཡོད་རུང་ང་ཡི་སེམས་པ་ཁྱེད་ཀྱི་གམ་ན་ཡོད། དུས་ཚོད་ག་འདྲ་དང་ས་གནས་ག་འདྲ་ཞིག་ཏུ་ཡོད་ཀྱང་ངས་ཁྱེད་ཀྱི་གཤག་བཅོས་ལེགས་འགྲུབ་ཡོང་བ་དང་སྔ་མོ་ནས་བདེ་ཐང་ཡོང་བ། ཚེ་རིང་ལོ་བརྒྱ་ཡོང་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་བཞིན་ཡོད།” དེ་ལྟར་ངས་ཐེངས་རེ་རེར་སེམས་ཁོང་ནས་ཨ་མ་མྱུར་དུ་དྲག་སྐྱེད་འབྱུང་བར་གསོལ་བ་འདེབས་བཞིན་ཁ་ངོ་མཆི་མས་ཡོངས་སུ་བརླན།

ཅིན་བའེ་ནི་ཧྲང་ཧེ་གྲོང་ཁྱེར་གྱི་སྐབས་གསུམ་པའི་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་མགོ་ཁྲིད་པ་ཞིག་ཡིན་ལ། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར་ཡོད།
                                                                                                                                       ལོ་ཙཱ་བ། སྐར་མ་མཚོ།