རྩྭ་ཐང་གི་སྨན་པ་བཟང་བོ།
2019.06.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 234


             གསར་འགོད་པས་སྨན་པ་བ་བྷེ་ལ་བཅར་འདྲི་བྱེད་བཞིན་པ། 

སྙན་སྒྲོན་པ། ཉན་མཁན་རྣམ་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བསྟུད་འགོད་ལེ་ཚནརྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མིཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། “ཁ་ཡིག་ལ་རྩྭ་ཐང་གི་སྨན་པ་བཟང་པོ”ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ།  སྨན་པ་བ་བྷེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཤ་བྲང་ཚོ་དྲུག་གི་སྨན་པའི་ཁྱིམ་རྒྱུད་ཅིག་ནས་སྐྱེས་ཤིང་། ཆུང་དུས་སུ་ཁྱིམ་གྱི་ཆ་རྐྱེན་ཞན་པ་སོགས་རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་སློབ་གྲྭ་ཆེ་འབྲིང་སོགས་འགྲིམས་པའི་སྐལ་བ་མ་ལྡན་ཡང་། ཕ་རྒན་གྱི་དྲུང་ནས་བོད་ཡིག་འབྲི་ཀློག་སོགས་ཚེགས་མེད་དུ་བསླབས་པར་མ་ཟད། འགྲོ་འདུག་སྤྱོད་ལམ་ནས་བཟུང་མི་གཞིའི་བསླབ་བྱ་རྣམས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་རང་རྒྱུད་ལ་འཇགས་པར་བྱས་ཏེ་ཡ་རབས་ཚུལ་མཐུན་གྱི་མི་ཞིག་བྱེད་པའི་ཐད་ལ་འབད་བརྩོན་ལྷོད་མེད་བྱས།  ཁོ་རང་ཆུང་དུས་ནས་བཟུང་རང་གི་ནུས་པར་བརྟེན་ནས་ས་གནས་མི་དམངས་ལ་ཕན་ཅུང་ཟད་ཅིག་ཨེ་ཐོགས་བསམ་པའི་འདུ་ཤེས་དང་། ལྷག་པར་དུ་ཕ་མེས་ཡང་མེས་ཀྱི་སྨན་རྒྱུད་འཛིན་པའི་ཀུན་སློང་དྲགས་པོས་ཡོངས་སུ་སྐུལ་ཏེ་རང་ལོ་བཅོ་ལྔའི་སྟེང་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་ཕྱོགས་ལ་སྦྱང་བ་བྱེད་མགོ་བརྩམས།

སྨན་པ་བ་བྷེའི་སྐད་ཆ།  རང་ཉིད་ལ་མཚོན་ན་ཆུང་དུས་སུ་སློབ་གྲྭ་འགྲིམས་པའི་སྐལ་བ་མ་བྱུང་། རྒྱུ་མཚན་ནི་ཁྱིམ་གྱི་ཆ་རྐྱེན་ཞན་པ་དང་ཁྱིམ་གྱི་བྱིས་པ་ཆེ་བ་ཡིན་པས་ཕྱུགས་ཟོག་སོགས་འཚོ་སྐྱོང་བྱེད་དགོས་པས་རེད། ཡིན་ནའང་རང་ཉིད་ལ་སྐབས་དེ་ནས་བཟུང་གསོ་རིག་སྦྱང་འདོད་ཀྱི་འདུན་པ་ཆེན་པོ་ཡོད། རྒྱུ་མཚན་ནི་གཅིག་ནས་ས་གནས་ཀྱི་མང་ཚོགས་ལ་ཕན་ཅུང་ཙམ་ཨེ་ཐོགས་བསམས་པ་དང་། གཉིས་ནས་ངེད་ཚང་ལ་མཚོན་ན་སྨན་པའི་ཁྱིམ་རྒྱུད་ཅིག་ཡིན། རང་གི་ཁྱིམ་རྒྱུད་འདིར་སྨན་པ་མང་པོ་བྱུང་མྱོང་བ་དང་སྨན་པ་ཅུང་དགའ་ཏག་ཏག་བྱུང་མྱོང་། དེ་བས་སྨན་པའི་རྒྱུད་དེ་འཛིན་པ་དང་གསོ་བ་རིག་པའི་རྒྱུན་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཕྱིར་དུ་སྨན་པའི་ལམ་འདི་ལ་ཞུགས་པ་ཡིན། དེ་བས་དགེ་རྒན་ཡང་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་མང་པོ་ཞིག་བསྟེན་ནི་རེད། ལྷ་སའི་དགེ་རྒན་བསྟན་འཛིན་བཀྲ་ཤིས་དང་དགའ་བའི་རྡོ་རྗེ་སོགས་དང་། མགོ་ལོག་གི་སྨན་པ་ཏིང་འཛིན་དང་རང་གི་ས་གནས་ཀྱི་དགེ་རྒན་བཟོད་པ་སོགས་བསྟེན་ནས་བོད་ཀྱི་གསོ་བ་རིག་པའི་དབང་ལུང་ཁྲིད་གསུམ་དང་མན་ངག་དང་བཅས་པ་སྦྱངས་ནས་ད་ལྟའི་བར་མི་ལོ་ཉི་ཤུ་ལྷག་ཅིག་འགོར་སོང་།

སྙན་སྒྲོན་པ། ཁོ་རང་སྨན་པའི་ལས་ཀར་ཞུགས་པའི་མི་ལོ་ཉེར་དགུའི་རིང་།  སྨན་པ་ཕ་དང་ནད་པ་བུ་ཡིན་ཞེས་པ་ལྟར་སྨན་པའི་ཀུན་སྤྱོད་བཟང་བོ་སེམས་ལ་བཟུང་ནས་ཉིན་མཚན་ཀུན་ཏུ་དཀའ་སྡུག་སྣ་ཚོགས་གདོང་གིས་བསུས་ཏེ།  རི་མཐོ་ལུང་གཟར་གྱི་ས་ཆ་ཀུན་ཏུ་ཕྱིན་ནས་ཉམས་ཐག་ནད་པའི་ཆེད་དུ་མཚན་མོའི་གཉིད་དང་ཉིན་མོའི་ཟས་ཡང་བག་ཕེབས་ངང་རོལ་ཐུབ་ཀྱི་མེད་ནའང་། སྨན་པ་ཞིག་གི་འོས་འགན་ཡིད་ལ་དམ་པོར་བཟུང་ནས་ཉམས་ཐག་ནད་པ་རྣམས་ནད་ལས་སྒྲོལ་བར་རང་གི་ཡོད་ཚད་བློས་གཏོང་བཞིན་ཡོད་པ་དང་། ཞོར་དུ་གསོ་བ་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་ཏེ།  ནད་པ་མི་ཉུང་བ་ཞིག་དྲག་སྐྱེད་བྱུང་དུ་བཅུག་པ་དེས་ས་གནས་མང་ཚོགས་ཀྱིས་མགྲིན་དབྱངས་གཅིག་གིས་ཁོ་ལ་རྩྭ་ཐང་གི་སྨན་པ་བཟང་བོའི་མཚན་སྙན་གནང་ཡོད།

སྨན་པ་བ་བྷེའི་སྐད་ཆ།  སྤྱིར་བོད་ཀྱི་གསོ་བ་རིག་པར་མཚོན་ན་དེའི་གཞུང་དང་ལག་ལེན་གཞི་རྩར་འཛིན་རྒྱུ་ཤིན་ཏུ་གལ་ཆེ། དེའི་རྨང་གཞིའི་སྟེང་དགེ་རྒན་རྣམ་པའི་ཁྲིད་དང་ལུང་། མན་ངག་བཅས་གཞི་རྩར་བཟུང་སྟེ་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ལོ་ངོ་ཉི་ཤུའི་རིང་གི་ནད་ཐོག་ལག་ལེན་བྱ་བར་ཕྱིར་དྲན་ཞིག་བྱས་ན་ནད་པ་མང་པོ་ཞིག་དྲག་སྐྱེད་བྱུང་དུ་བཅུག་ཡོད་པས། རང་ཉིད་ལ་བྱས་རྗེས་མེད་ཀྱང་སྡུག་རྗེས་ཡོད་བསམས། ང་ཚོའི་ས་གནས་ཀྱི་མང་ཚོགས་ལས་གཞན་ཞིན་ཧེ་དང་ཀོས་ནན། ཁྲི་ཀ  མགོ་ལོག་དང་ཐ་ན་རྫ་ཆུའི་ཁ་སོགས་ཀྱི་ནད་པའང་མི་ཉུང་བ་ཞིག་འདིར་ཡོང་བཞིན་ཡོད། དེ་དག་ཡོང་བའི་རྒྱུ་མཚན་ནི་ནད་པ་མི་ཉུང་བ་ཞིག་རང་གིས་དྲག་སྐྱེད་བྱུང་དུ་བཅུག་མྱོང་བས་རེད།

དེ་དག་ལ་ཕྱིར་དྲན་ཞིག་བྱས་ན་ངས་ཀྱང་གསོ་བ་རིག་པའི་ཕྱོགས་ནས་རང་གི་ས་གནས་ལ་བྱས་རྗེས་ཅུང་ཙམ་ཞིག་བཞག་འདུག་སྙམ་པའི་ལྟ་ཚུལ་ཡོད

                     སྨན་པ་བ་བྷེས་བློ་རྩེ་གཅིག་གིས་ནད་པར་ལྟ་བཞིན་པ། 

སྙན་སྒྲོན་པ། མི་ཅི་འདྲ་ཞིག་ཡིན་རུང་མི་གཞི་ལེགས་པོ་ཞིག་ཡོད་རྒྱུ་ནི་མི་ཆོས་ཀུན་གྱི་རྩ་བར་ཐུག་ཡོད་པ་ནང་བཞིན།  སྨན་པ་ཞིག་ལ་མཚོན་ནའང་སྨན་པའི་ཀུན་སློང་ཡག་པོ་ཞིག་ཡོད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་རེད། སྨན་པ་བ་བྷེ་ཡི་ལྷག་བསམ་དང་ཡིད་གཞུང། རྟུལ་ཕོད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཕན་འབྲས་ཀྱི་སྐྱ་རེངས་གསར་བ་མཐོ་སྒང་གི་ཡུལ་གྲུ་འདི་ལ་གསར་དུ་བསུས།  གནས་ཚུལ་དེ་ལ་སྲིད་གཞུང་རིམ་པ་ཁག་ནས་ཀྱང་མཐོང་ཆེན་དང་གདེང་འཇོག་ཚད་མཐོ་བྱས་ཤིང་། སྡེ་བའི་སྨན་ཁང་ཞིག་ནས་ས་གནས་དང་ཡང་ན་ཡུལ་ཕྱོགས་གཞན་པའི་ནད་པ་མང་པོ་ཞིག་ནད་ལས་ཐར་བཞིན་པའི་གནས་ཚུལ་དངོས་ལ་གཞིགས་ནས། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་མེ་རུ་ཁའི་སྡེ་བའི་སྨན་ཁང་དེ་མཚོ་ལྷོ་ཁུལ་གྱིས་སྡེ་བ་རིམ་པའི་སྨན་ཁང་དུ་ཐོག་དང་པོར་མཉམ་ལས་སྨན་བཅོས་ཀྱི་འགན་སྲུང་རྩིས་སྤྲོད་བྱེད་ཆོག་པའི་སྡེ་བའི་སྨན་ཁང་དུ་ཆོག་མཆན་བཀོད་པ་དེས་ས་གནས་དང་ཡུལ་ཕྱོགས་གཞན་གྱི་དབུལ་ཕོངས་ནད་པ་མང་པོ་ཞིག་གི་ཚེ་སྲོག་དང་རྒྱུ་ནོར་གྱི་ཐད་ལ་འགན་སྲུང་ཆེན་པོ་བྱེད་ཐུབ་པ་བྱུང་།

སྨན་པ་བ་བྷེའི་སྐད་ཆ། ང་ཚོ་རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁའི་སྡེ་བའི་སྨན་ཁང་འདིར་ཉིས་སྟོང་བཅུ་གཅིག་ལོར་རྒྱལ་ཁབ་ཀྱི་གཟིགས་སྐྱོང་འོག་ནས་མཉམ་ལས་སྨན་བཅོས་ཀྱི་འགན་སྲུང་ལག་བསྟར་བྱས་ཏེ་ཞག་སྡོད་བྱས་ཆོག་པའི་སྨན་ཁང་དུ་ཆོག་མཆན་གནང་བ་དང་། སྐབས་དེར་དེ་ནི་མཚོ་སྔོན་ཞིང་ཆེན་ནས་སྡེ་བ་རིམ་པར་ལག་བསྟར་བྱས་པ་ཐོག་དང་པོ་རེད། སྲིད་ཇུས་འདི་འདྲ་དངོས་འབེབས་བྱས་པའི་གྲུབ་འབྲས་ཀྱིས་གཅིག་ནས་རང་གི་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པ་དང་གཉིས་ནས་ནད་ཆུང་ཆུང་སྟོན་མ་ཐུབ་པར་དལ་འགོར་བྱས་ནས་ནད་ཆེན་པོར་འགྱུར་བཞིན་པའི་གནས་ཚུལ་ཡང་ཐག་གཅོད་བྱེད་ཐུབ། ཉིས་སྟོང་བཅུ་གཅིག་ལོ་ནས་ད་ལྟའི་བར་ལོ་བརྒྱད་ཀྱི་རིང་ལ། དཔེར་ན་སྨན་ཁང་འདི་ནས་སྨན་བཅོས་བྱས་ཏེ་ཉིན་བདུན་དང་ཡང་ན་ཉིན་བཅུ་བཞིའི་བར་དུ་ཞག་སྡོད་བྱས་ནས་བསྡད་ན་སྨན་རིན་གྱི་བརྒྱ་ཆའི་དགུ་བཅུ་ནས་དགུ་བཅུ་གོ་ལྔ་ཕྱིར་རྩིས་སྤྲོད་བྱེད་བཞིན་ཡོད་པས་ད་ལྟ་དངོས་ནས་སྨན་རིན་རིན་གྱི་འགྲོ་སོང་མེད།


             སྨན་པ་བ་བྷེ་ཡིས་སྐྱེད་སྲིང་བྱས་པའི་མཐར་ཕྱིན་སློབ་མ།

སྙན་སྒྲོན་པ། ད་ལྟ་སྨན་པ་བ་བྷེ་ནི་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་བོད་སྨན་ཁང་གི་སྨན་པའི་ལས་རྐང་དངོས་སུ་གདན་ཞུ་བྱས་ཡོད་པར་མ་ཟད། ཐུན་ཏེ་རྫོང་བོད་སྨན་ཁང་གི་ཆེད་མཁས་པ་བཟོད་པའི་མན་ངག་རྒྱུད་འཛིན་ཐོག  ཐུན་ཏེ་རྫོང་བོད་སྨན་ཁང་གི་ཆེད་མཁས་སྨན་པའི་མིང་ཐོག་ནས་བོད་ཀྱི་གསོ་རིག་གི་བྱ་བཞག་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་འབད་བརྩོན་ལྷོད་མེད་ཀྱིས་འབྲས་བུ་མི་དམན་པ་བཞག་དང་འཇོག་བཞིན་པར་མ་ཟད། དབུལ་ཕོངས་ནད་པ་མང་པོ་ཞིག་ལ་རང་ནུས་ཅི་ལྕོགས་ཀྱིས་སྨན་སྦྱིན་གཏོང་བ་སོགས་ཚེ་རིག་འཛིན་པ་ཞིག་གི་དགེ་བའི་ལེགས་བྱས་ཐ་དག་མུ་ནས་མུ་རུ་སྐྱོང་མུས་སུ་མཆིས།

སྨན་པ་བ་བྷེའི་སྐད་ཆ། ཉིས་སྟོང་བཅུ་དྲུག་ལོར་གོང་རིམ་སྲིད་གཞུང་གིས་རང་ཉིད་ལ་ཐུན་ཏེ་རྫོང་བོད་སྨན་ཁང་དུ་སྨན་པའི་ལས་རྐང་དངོས་ལ་ཞུགས་རྒྱུའི་གོ་སྐབས་འདི་བྱིན་པས་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ལས་གནས་འདིར་ཡོང་བ་ཡིན། ལས་ཞུགས་བྱས་པའི་གོ་རིམ་ཁྲོད་དུ་རང་ཉིད་ཀྱིས་ཀྱང་ཏང་གི་སྲིད་ཇུས་ཀྱིས་རང་ཉིད་ལ་གནང་བའི་གོ་སྐབས་འདི་དམ་འཛིན་བྱས་ནས། གཟའ་སྤེན་པ་དང་ཉི་མ་སོགས་ལའང་ངལ་གསོ་མ་བྱས་པར་ཉུང་དུས་སྒོ་བསྟེན་ནད་པ་ལྔ་བཅུ་དང་མང་དུས་སྒོ་བསྟེན་ནད་པ་བརྒྱ་ལྷག་ལ་ལྟ་བཞིན་ཡོད། སྨན་སྦྱིན་གྱི་ཕྱོགས་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་ཞིག་ལ་སྒོར་མོ་ཁྲི་ཉི་ཤུ་ལྷག་ཅིག་བཏང་བ་ཡིན། འདི་ཡང་རང་ཉིད་ཀྱི་མཚན་སྙན་གྲགས་ཀྱི་ཆེད་དང་ཡང་ན་རང་ཉིད་ལ་རྒྱུ་འབྱོར་བ་ཡོད་དེ་བཏང་བ་ཞིག་གཏན་ནས་མིན། རང་ཉིད་ལ་སྒོར་མོ་བརྒྱ་ཡོད་ན་ཡང་དེ་གསོག་དོན་མེད་པར་ནད་པ་ཞིག་ལ་བྱིན་དང་ན་བཟང་སྙམ་པའི་སྙིང་རྗེའི་འདུ་ཤེས་སྐྱེས་ནས་མང་པོ་ཞིག་མེད་ཀྱང་ཉུང་ཙམ་འདིས་ཀྱང་ས་གནས་མང་ཚོགས་ལ་ཕན་ཞིག་ཨེ་ཐོགས་སྙམ་སྟེ་སྨན་སྦྱིན་བཏང་བ་ཡིན།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། “ཁ་ཡིག་ལ་རྩྭ་ཐང་གི་སྨན་པ་བཟང་པོ”ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།

གསར་འགོད་པ། གཡང་འབུམ་རྒྱལ།

རྩོམ་འགན་པ།ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

 སྤྱིའི་ལྟ་སྐུལ་བ། རྣ་བྷ།