ཐེམ་ཆེན་རྫོང་གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་ལྷན་ཁང་དང་དེའི་འགན་འཛིན་པ་ཕུན་ཚོགས་བཀྲ་ཤིས།
2019.06.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 53

ཕུན་ཚོགས་བཀྲ་ཤིས་ཀྱིས་མཉམ་འབྲེལ་ལྷན་ཁང་གི་ལས་བྱེད་པ་དང་གྲོས་བསྡུར་བྱེད་བཞིན་པ།

ཐེམ་ཆེན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་རྟེན་ས་ཡང་ཕྱུགས་ལས་རྐྱང་རྐྱང་ཡིན་ཞེས་བརྗོད་ཆོག ལོ་འགའི་ཡར་སྔོན་ཞིག་ནས་ཐེམ་ཆེན་རྫོང་གི་སྡེ་བ་སོ་སོར་མཉམ་ལས་ཁང་རེ་བཙུགས་ཡོད་མོད། འབྲོག་པ་མང་ཚོགས་ཀྱིས་སློབ་གསོ་མྱངས་ཚད་དམའ་ཞིང་བསམ་བློའི་གོ་རྟོགས་ཅུང་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས། སྡེ་བ་སོ་སོའི་མཉམ་ལས་ཁང་གིས་འབྲོག་པ་མང་ཚོགས་ཀྱི་འདོད་བློ་བསྐང་མ་ཐུབ་ཅིང་། མཉམ་ལས་ཁང་ལེགས་པོ་ཞིག་གཉེར་བའང་རིག་གནས་དང་ནུས་པས་མ་ལྕོགས་པས་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཁག་པའི་གནས་རེད། དཔེར་ན། མཉམ་ལས་ཁང་གིས་གོང་རིམ་སྲིད་གཞུང་ལ་སྙན་ཞུ་ཞིག་འབྲི་འདོད་ཀྱང་དེ་ནི་འབྲོག་པ་མང་ཚོགས་ཀྱིས་ནུས་པ་ཞིག་མ་ཡིན་པས། མཐར་འབྲོག་པ་མང་ཚོགས་ཀྱིས་གྲོས་ཁ་གཅིག་ལ་བཞག་སྟེ་ཐེམ་ཆེན་རྫོང་གི་ཕྱུགས་ལས་མཉམ་ལས་ཁང་དག་ལ་བདག་པོ་རྒྱག་ཐུབ་མཁན་ཞིག་བརྒྱ་ཡི་ནང་ནས་བསལ་ཅིང་བརྒྱད་ཀྱི་ནང་ནས་བདམས་པ་དང་། ཁོའི་མིང་ལ་ཕུན་ཚོགས་བཀྲ་ཤིས་ཟེར། ཁོ་ནི་ཁེ་ལས་གཉེར་མཁན་ཞིག་ཡིན་ལ་ཐེམ་ཆེན་རྫོང་གི་འབྲོག་པ་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་དུ་འཁྲིད་མཁན་ཞིག་ཡིན་པས་ང་ཚོ་ཆེད་དུ་ཁོར་བཅར་འདྲི་བྱེད་དུ་སོང་བ་ཡིན།

ཕུན་ཚོགས་བཀྲ་ཤིས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་ཐབས་དེ་ད་ལྟའི་ཕྱུགས་ལས་འཕེལ་འགྱུར་དང་ཕྱུགས་ལས་ཐོན་སྐྱེད་བྱེད་ཐབས་དང་མི་འཚམ་པ་དང་། ཕྱུགས་ཀྱི་འཕེལ་ཁ་དར་བ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཀྱིན་པ་གསལ་པོར་ཤེས་ཡོད། ཁོས་རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་དགོས་པར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་བྱེད་དགོས་བསམས་ནས་རྫོང་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་མཐར་གོང་རིམ་གྱི་རྒྱབ་སྐྱོར་ཐོབ་སྟེ། 2014ལོའི་ཟླ་བཅུ་གཉིས་པར་ཐེམ་ཆེན་རྫོང་སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་ལྷན་ཁང་ཞེས་པ་བཙུགས་ལ། དེ་ནི་ད་སྔ་ཐེམ་ཆེན་རྫོང་གི་ཕྱུགས་ལས་མཉམ་ལས་ཁང་བཅུ་ལྷག་ལ་མགོ་འཛིན་བྱེད་བཞིན་ཡོད་པའི་མཉམ་འབྲེལ་ལྷན་ཁང་ཞིག་སྟེ། དེའི་ལས་ཀ་གཙོ་བོ་ནི་མཉམ་ལས་ཁང་དག་ལ་ཞབས་ཞུའི་ལྟེ་གནས་ཤིག་བསྐྲུན་ཡོད་པ་དེ་རེད།

ཕུན་ཚོགས་བཀྲ་ཤིས་ཀྱིས་འབྲོག་པ་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་ཆེད“མ་རྐང་ལམ་ལུགས་ཀྱི་མཉམ་ལས་བྱེད་ཐབས”བཙུགས་པ་དང་། མཉམ་ལས་ཁང་དུ་གཏན་འཁེལ་གྱི་སྒྲིག་སྲོལ་ལམ་ལུགས་མེད་པ་དང་རྩིས་ཐོ་གསལ་པོ་མིན་པ། དོ་དམ་བྱེད་མཁན་མེད་པ་སོགས་ལ་དམིགས་ཏེ། དོ་དམ་གཅིག་གྱུར་དང་ཐོན་སྐྱེད་གཅིག་གྱུར། རིམས་འགོག་གཅིག་གྱུར། ཕྱིར་འཚོང་གཅིག་གྱུར། ཚོང་རྟགས་གཅིག་གྱུར་དང་ལས་སྣོན་གཅིག་གྱུར་བཅས“གཅིག་གྱུར་དྲུག་གི་དོ་དམ་ལམ་ལུགས”ཞེས་པ་གཏན་འཁེལ་བྱས་ནས་མཉམ་ལས་ཁང་སོ་སོར་སྤེལ་ཞིང་ལག་ལེན་བྱེད་དུ་བཅུག་ཡོད།

གསར་འགོད་པས་ཕུན་ཚོགས་བཀྲ་ཤིས་ལ་མཉམ་འབྲེལ་ལྷན་ཁང་གི་འཕེལ་རིམ་དང་ལོ་རྒྱུས་སོགས་ཞིབ་འདྲི་བྱེད་དུས། ཁོས“མ་རྐང་ལམ་ལུགས་ཀྱི་མཉམ་ལས་བྱེད་ཐབས་ཟེར་བ་ནི་མཉམ་ལས་ཁང་དུ་ཞུགས་ཡོད་པའི་ཁྱིམ་ཚང་སོ་སོས་རང་གི་ཕྱུགས་ཟོག་མ་རྐང་དུ་འཇོག་པའམ་ཕྱུགས་ཟོག་མེད་པ་དག་གིས་རྩྭ་ས་མ་རྐང་དུ་བཞག་ཆོག་ལ། ལོ་མཇུག་ཏུ་ཁྱིམ་ཚང་སོ་སོས་བཞག་པའི་མ་རྐང་ལྟར་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད། དང་ཐོག་མཉམ་འབྲེལ་ལྷན་ཁང་འཛུགས་དུས་མཉམ་ལས་ཁང་སོ་སོའི་བར་མཐུན་སྒྲིལ་མེད་པའི་ཁར་ད་དུང་རྩོད་གཞི་གང་མང་ཞིག་ཡོད་ལ། སྒོར་མོ་སྐར་མ་གང་ཡིན་ཡང་བཤད་ཚགས་གཏམ་ཚགས་ཏག་ཏག་རེད། མང་ཚོགས་ཀྱི་འདུ་ཤེས་ཞན་པའི་ཁར་སྔོན་ཆད་རང་རང་གི་ཕྱུགས་བདག་རང་རང་ཡིན་པས། ལམ་ལུགས་འདི་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་རྒྱུ་ནི་དཀའ་མོ་ཞིག་རེད། དེའི་རྐྱེན་གྱིས་ང་ཚོས་མཉམ་ལས་ཁང་སོ་སོའི་བར་ལྟ་ཞིབ་པ་དང་ལས་འཛིན་མི་སྣ་བཞག་སྟེ་མཉམ་ལས་ཁང་གི་བྱ་བར་འབད་པ་བྱས། ད་ལྟ་མཉམ་ལས་ཁང་སོ་སོའི་བར་ཕན་ཚུན་སློབ་སྦྱོང་དང་རྒྱབ་སྐྱོར་བྱེད་པ་ལས་རྩོད་གཞི་མེད་པར་མ་ཟད། ད་དུང་ཕྱུགས་ཟོག་མཉམ་ལས་ཁང་དུ་བཅོལ་ན་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་བྱེད་ཐུབ་པ་ཁོ་ཚོས་ཀྱང་རིམ་གྱིས་ཤེས་ཡོད”ཟེར། ཁོས་མུ་མཐུད་དུ“2015ལོར་ས་གནས་སོ་སོའི་ནོར་ལུག་གི་རིན་གོང་མར་ཆགས་པས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཤིན་ཏུ་དམའ་ནའང་། ང་ཚོའི་མཉམ་འབྲེལ་ལྷན་ཁང་གིས་གོང་ནས་དོ་དམ་དང་འཆར་གཞི་བཟོས་ཏེ་ཕྱུགས་ཟོག་གི་རིན་གོང་གཏན་འཁེལ་བྱས་ཤིང་། ཕྱུགས་ཟོག་ཉོ་མཁན་གྱིས་མཉམ་འབྲེལ་ལྷན་ཁང་གིས་གཏན་འཁེལ་བྱས་པའི་རིན་གོང་ལྟར་མ་བྱིན་ཚེ་ཕྱུགས་ཟོག་ཕྱིར་བཙོང་མི་ཆོག་ཅེས་མཉམ་ལས་ཁང་སོ་སོར་བསྒྲགས་པ་དང་། གཡུ་འབྲུག་མཉམ་འབྲེལ་ལྷན་ཁང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་མཉམ་ལས་ཁང་སོ་སོས་རང་རང་གིས་སྐམས་ཤ་དང་ལུག་ཤ་ལས་སྣོན་བྱས་ནས་ཕྱིར་བཙོངས་པས་ང་ཚོའི་ཡོང་སྒོ་ས་ཆ་གཞན་ལས་ལྡབ་འགྱུར་གྱིས་བཟང”ཞེས་ཡིད་ཚིམ་པའི་སྒོ་ནས་དེ་ལྟར་བཤད།

ཕུན་ཚོགས་བཀྲ་ཤིས་ཀྱིས་ཐེམ་ཆེན་རྫོང་ཐོག་ཏུ་ཤམ་བྷ་ལ་ཞེས་པའི་ཟ་ཁང་དང་མགྲོན་ཁང་། ད་དུང་འཆམ་མཐུན་ཚོང་ར་ཞེས་པའི་ཚོང་ར་ཐོག་བརྩེགས་ཅན་བཅས་གཉེར་བཞིན་ཡོད་པས། སྤྱིར་བཤད་ན་ཁོར་མཉམ་ལས་ཁང་དག་ལ་ཁ་ཡ་བྱེད་ཁོམ་ཆེར་མེད་མོད། ཕ་ཡུལ་གྱི་མང་ཚོགས་རྣམས་ཕྱུག་བསྒྱུར་གྱི་ལམ་དུ་འཁྲིད་པའི་ཆེད་དུ། ཁོས་དཀའ་ཚེགས་ལ་མ་འཛེམ་པར་ད་བར་དུ་མཉམ་འབྲེལ་ལྷན་ཁང་གི་འགན་འཛིན་པ་བྱས་ཡོད་ཅིང་། ཉེ་བའི་ལོ་འདི་གཉིས་ཀྱི་རིང་ལ་མཉམ་འབྲེལ་ལྷན་ཁང་གིས2017ལོ་དང2018ལོ་གཉིས་ལ་སོ་སོར་དམངས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་དང་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་ལྔ་ཁྲི་བརྒྱད་ཀྱི་ཡོང་འབབ་དེ་མཉམ་ལས་ཁང་སོ་སོས་བཞག་པའི་མ་རྐང་ལྟར་བགོ་བཤའ་བརྒྱབ་ལ། ཁོ་རང་གིས་མཉམ་འབྲེལ་ལྷན་ཁང་བཙུགས་ནས་ད་ལྟའི་བར་དུ་གླ་ཕོགས་ཐེངས་གཅིག་ཀྱང་བླངས་མ་མྱོང་ཟེར།

དེ་ལས་གཞན། མཉམ་འབྲེལ་ལྷན་ཁང་དུ་སློབ་ཆེན་མཐར་ཕྱིན་པའི་སློབ་མ་འགས་ཀྱང་ལས་ཀ་གཉེར་བཞིན་ཡོད་ལ། མི་རེས་མཉམ་ལས་ཁང་གཉིས་ནས་གསུམ་ལ་དོ་དམ་བྱེད་པའི་འགན་འཁུར་གྱིན་ཡོད་ཅིང་། ཁོ་ཚོས་རང་གིས་འགན་ཁུར་པའི་མཉམ་ལས་ཁང་སོ་སོའི་ཡིག་ཆ་དོ་དམ་དང་རྒྱུ་ཆ་ལེགས་སྒྲིག རེ་ཞུའི་ཡི་གེ་འབྲི་བ། རྟོག་ཞིབ་སློབ་སྦྱོང་དུ་འགྲོ་བ་སོགས་ཀྱི་བྱ་བ་སྒྲུབ་ཀྱིན་ཡོད། གསར་འགོད་པས་དེ་རུ་ལས་ཀ་གཉེར་བཞིན་པའི་སློབ་ཆེན་སློབ་མ་གཡང་སྐྱབས་རྒྱལ་ལ་བཅར་འདྲི་བྱེད་དུས། ཁོས་བཤད་རྒྱུར།“ངའི་ཕ་ཡུལ་ནི་མཚོ་བྱང་མདའ་བཞི་ཡིན་ཞིང་། སློབ་ཆེན་ནས་སྦྱངས་པའི་ཆེད་ལས་དེ་ནང་ལོགས་ས་ཁུལ་དུ་མ་གཏོགས་མཚོ་སྔོན་དུ་ལས་ཀར་སྡུད་བཞིན་མི་འདུག ཡིན་ཡང་། ཐེམ་ཆེན་གྱི་སློབ་གྲོགས་ཚོའི་ཁ་ནས་ས་ཆ་འདི་རུ་མཉམ་འབྲེལ་ལྷན་ཁང་ཞིག་གཉེར་གྱིན་ཡོད་པ་ཐོས་ལ། རང་ཉིད་ཀྱིས་ཀྱང་ཚོང་ལས་དང་འདིའི་ཕྱོགས་ནས་སློབ་སྦྱོང་ཞིག་བྱེད་འདོད་པས་འདིར་འོངས་ཏེ་ལས་ཀ་གཉེར་པ་ཡིན། ད་ལྟ་ངའི་གླ་ཕོགས་ལ་ཟླ་རེར་སྒོར་སྟོང་གསུམ་རེ་ཡོད་པར་མ་ཟད་རང་ཉིད་ལའང་ཉམས་མྱོང་མི་ཉུང་བ་ཞིག་ཐོབ་སོང”ཟེར། དེ་མིན་ཁོ་ལྟ་བུའི་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ལྔ་སྔ་གཞུག་ཏུ་མཉམ་འབྲེལ་ལྷན་ཁང་དུ་ཡོང་ནས་ལས་ཀ་གཉེར་བས། མཐར་ཕྱིན་སློབ་མ་སྐོར་ཞིག་གི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་བཅད་པ་རེད།

གཡུ་འབྲུག་སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་ལྷན་ཁང་གིས་འདི་ལྟར་མཉམ་ལས་ཁང་བཅུ་ལྷག་ལ་ཨ་མས་བུ་ཕྲུག་སྙོར་བ་བཞིན་མདུན་ནས་འཐེན་ཞིང་རྒྱབ་ནས་བསྐྱོར་ཏེ། འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་གོམ་ཁ་མ་ལྷོད་མ་འཁྱོལ་བར་མདུན་ནས་མདུན་དུ་ཕྱོགས་ཤིང་། མཉམ་ལས་ཁང་དེ་དག་ཀྱང་འབྲོག་པ་མང་ཚོགས་ཀྱི་སེམས་ཀྱི་རྟེན་ས་དང་འཚོ་བའི་འཁེན་ས་རུ་གྱུར་ཡོད་པར་མ་ཟད། ཐེམ་ཆེན་རྫོང་གི་འབྲོག་པ་མང་ཚོགས་དང་མཐར་ཕྱིན་སློབ་མ་སོགས་ཀྱི་འཚོ་བའི་ཡོང་སྒོ་གཙོ་བོར་ཡང་གྱུར་འདུག 


རྩོམ་སྒྲིག་པ། ཤ་བོ་རིན་མཚོ།