མང་ཚོགས་གམ་གྱི་འདུམ་འགྲིག་པ་བཟང་བོ།
2019.06.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 256

སྙན་སྒྲོན་པ།ཉན་མཁན་རྣམ་པ། ཐེངས་འདིའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི།”ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་མཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་མང་ཚོགས་གམ་གྱི་འདུམ་འགྲིག་པ་བཟང་བོ་ཞེས་པར་གསན་རོགས་གནོངས།
                ཐུན་ཏེ་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང༌། རྫོང་འདིའི་མིང་ནི་དང་ཐོག་བོད་མིའུ་གདུང་དྲུག་གི་ནང་ཚན་ལྡོང་གི་རུས་ཁོངས་སུ་གཏོགས་པར་གྲགས་པའི་གནའ་བོའི་བོད་མིས་འབའ་ཟེར་བའི་ཚོ་སྡེ་ཞིག་གིས། དུས་ཡུན་རིང་བོར་མཚེར་འཛིན་ཕྱུགས་སྐྱོང་གི་འཚོ་བ་རོལ་མྱོང་ས་ཞིག་ཡིན་པའི་རྒྱུ་མཚན་གྱིས། ཚོ་སྡེ་དེའི་རུས་མིང་ནི་རིམ་གྱིས་ཡུལ་གྲུ་འདི་ལ་ཐོགས་ཏེ། ཡུལ་ཁམས་འདིའི་སྤྱི་མིང་ལའང་འབའ་རུ་འབོད་པར་གྲགས། ད་སྐབས་གཅིག་གྱུར་གྱིས་ཐུན་ཏེ་རྫོང་ཞེས་འབོད་ཀྱང་། དམངས་ཁྲོད་དུ་འབའ་རྫོང་ཞེས་འབོད་པ་མང་། ཐུན་ཏེ་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་ལྔ་ལྷག་ཡོད་ལ། རྫོང་ཡོངས་སུ་མི་གྲངས་ཁྲི་ལྔ་དང་སྟོང་དགུ་ལྷག་ཡོད།
       ཐུན་ཏེ་རྫོང་གི་མངའ་ཁོངས་སུ་རྐ་འབའ་སུམ་མདོ་གྲོང་རྡལ་དང༌།ཐང་མགོ་གྲོང་རྡལ།འབའ་ལུང་ཞང་། ཞོལ་མ་ཞང་། རྨ་བྱང་ཞང་བཅས་ཞང་གྲོང་ལྔ་ཡོད་པ་དང་། གནས་དེ་རུ་མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་ཆེན་མོ་ཡོད་ལ།ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་། ས་གནས་ཀྱི་ཁྱད་འཕགས་ཐོན་རྫས་ཀྱང་མང་པོ་ཡོད་ལ།དེ་མིན་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དང་གསེར་ལག་དགོན་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང་བཅས་དགོན་སྡེ་གྲགས་ཅན་མང་པོ་ཞིག་གིས་གནས་འདིའི་གྲགས་པ་ཡུལ་ལུང་ཀུན་དུ་ཁྱབ་ཡོད་པ་རེད།

ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་བསྒྲུབས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི་ཞེས་པའི་མཚོ་ལྷོ་བཅར་འདྲི་ཚན་ཆུང་གིས་ཞིན་ཧེ་རྫོང་གི་བཅར་འདྲིའི་བྱ་བ་ཡོངས་གྲུབ་བྱས་རྗེས། ཐད་ཀར་དུ་ཐུན་ཏེ་རྫོང་དུ་སོང་བ་དང་། སྐབས་དེར་ཐུན་ཏེ་རྫོང་དུ་ཏག་ཏག་ནག་འཇོམས་ངན་སེལ་གྱི་བྱ་འགུལ་སྒོ་ཀུན་ནས་སྤེལ་བཞིན་པའི་དུས་སུ་འཁེལ་སོང་བས། གསར་འགོད་པས་དུས་ཐོག་ཆར་བ་ལྟར་ཁྲིམས་ལུགས་ཕྱོགས་ཀྱི་བརྗོད་གཞི་ཞིག་བདམས་ནས་དེའི་ཐད་ལ་བཅར་འདྲི་བྱེད་པར་འཆར་གཞི་བཀོད།ཁྲིམས་ལུགས་ནི་བདེ་སྐྱིད་ཀྱི་འཚོ་བའི་གཞི་རྟེན་ཡིན་ལ། འཆམ་མཐུན་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་དང་། མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་འཁོར་བདུན་ཅུ་འགོར་བའི་རིང་ལ། རང་རེའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་དཔལ་འབྱོར་དང་རིག་གནས། ཁྲིམས་ལུགས་སོགས་ཀྱི་ཐད་ལའང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོར་འདེགས་སུ་བྱུང་ཡོད་པ་དེ་ནི་དགའ་འོས་པའི་འཕེལ་རྒྱས་ཞིག་ཀྱང་རེད། བཅར་འདྲི་ཚན་ཆུང་ཐུན་ཏེ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་བཀོད་སྒྲིག་ལྟར་དུ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་དུ་བཅར་འདྲིར་བྱིན་པ་ཡིན། ང་ཚོ་དེ་གར་འབྱོར་དུས་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སའོ་ཀྲང་ཚེ་རིང་རྒྱལ་གྱིས་རང་གི་བྱ་བའི་ལས་རྐང་དུ་བྲེལ་འཚུབ་ཀྱིས་ལས་ཀ་སྒྲུབ་བཞིན་འདུག སྐབས་དེར་གུང་གསེང་གི་དུས་སྐབས་ཡིན་ནའང་ཁོ་སྔར་བཞིན་བྱ་བའི་ལས་ལ་བྲེལ་བཞིན་འདུག གསར་འགོད་པས་ཚུལ་དེ་མཐོང་བ་ན་སེམས་སུ་ཁོའང་གཞི་རིམ་མང་ཚོགས་ཀྱི་ཆེད་དུ་སེམས་ཤུགས་ཡོད་ཚད་འབུལ་བཞིན་པའི་མི་དེ་ཚོའི་ཁྲོད་ཀྱི་གཅིག་མ་ཡིན་ནམ་སྙམ།

ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གི་སའོ་ཀྲང་ཚེ་རིང་རྒྱལ་ནི་གཅིག་དགུ་གྱ་བདུན་ལོར་རྐ་འབའ་སུམ་མདོ་གྲོང་རྡལ་ནས་དགེ་རྒན་གྱི་བྱ་བ་གཉེར་ཏེ་སློབ་གསོའི་ལས་ཀར་འབད། སྐབས་དེར་ས་གནས་ཀྱི་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱས་པས། སློབ་གསོའི་སྡེ་རུའང་དགའ་བསུ་ཆེན་པོ་ཐོབ། དེ་ནས་ཁོ་རིམ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་དུ་བྱིན་པ་དང་། མཐར་ཕྱིན་པའི་རྗེས་སུ་ཐུན་ཏེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་བྱ་བ་ལས། ཉིས་སྟོང་བཅུ་བཞི་ལོ་ནས་ད་ལྟའི་བར་དུ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སའོ་ཀྲང་གི་འགན་ཁུར་བ་རེད། ལོ་ངོ་དུ་མའི་རིང་ལ་སློབ་གསོའི་ལམ་ཁ་ནས་འབད་བརྩོན་བྱས་ལ། ཁོ་རང་བྱ་བའི་ཐད་ནས་ནན་ཏན་ཡིན་པ་དང་། འབྲོག་པ་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་བསམ་སྦྱོར་ལེགས་པས། གོང་རིམ་རྩ་འཛུགས་ཀྱིས་བཀོད་སྒྲིག་ལྟར་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སའོ་ཀྲང་གི་འགན་འཁུར་ལྕི་མོ་དེ་ཁོ་ལ་སྤྲད་པ་རེད། དུས་དེ་ནས་བཟུང་དེ་ཁོ་ལ་མུ་མཐུད་དུ་རང་ས་གནས་ཀྱི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུའི་མདུན་པ་སྔར་ལས་ཆེ་བ་ཞིག་སེམས་སུ་ཉར་ཡོད་པ་རེད།

གསར་འགོད་པས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སའོ་ཀྲང་ཚེ་རིང་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།          

   སྙན་སྒྲོན་པ།        ཁོ་རང་ལོ་ན་ཆུང་དུས་ནས་བཟུང་ཁྲིམས་འཛིན་དང་སྲིད་འཛིན་གྱི་བྱ་བར་ཧ་ཅང་དགའ་ལ། ལྷག་པར་དུ་ཁོ་རང་ལ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། མི་དམངས་མང་ཚོགས་བར་གྱི་འདུམ་འགྲིག་གི་ངོས་ཐད་ལ་ཁྱད་དུ་འཕགས་པའི་བསམ་བློ་དང་ཐག་གཅོད་བྱེད་སྟངས་ཤིག་ཡོད་པ་རེད། གསར་འགོད་པས་སའོ་ཀྲང་ཚེ་རིང་རྒྱལ་ལགས་ལ་བྱ་བའི་ལས་རྐང་དུ་ཞུགས་ནས་སྤྱི་ཚོགས་འཆམ་མཐུན་དང་། མི་དམངས་འདུམ་འགྲིག མང་ཚོགས་བར་གྱི་འགལ་བ་དང་རྩོད་པ་སོགས་མེད་པར་གཏོང་བའི་ཐབས་ལམ་མམ་ཚད་གཞི་དེ་གང་ཡིན་ཞེས་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར།

ཚེ་རིང་རྒྱལ་གྱི་སྐད་ཆ།     ང་རང་ཉིད་1987ལོར་བྱ་བའི་སྟེང་དུ་ཞུགས་པ་ཡིན། ལོ་མང་པོའི་རིང་ལ་དགེ་རྒན་གྱི་བྱ་བ་གཉེར་ནས་སློབ་གསོའི་ཐད་ལ་འབད་པ་བྱས་པ་ཡིན། སྤྱི་ལོ་ཉིས་སྟོང་ཡས་མས་སུ་བྱ་བའི་དགོས་མཁོ་ལྟར་དུ་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་འགོ་གཙོར་བསྐོས་པ་རེད།   སྐབས་དེར་རྐ་འབའ་སུམ་མདོ་གྲོང་རྡལ་ལ་མཚོན་ན་གཙོ་བོ་ཕྱུགས་ལས་རྐྱང་རྐྱང་གཉེར་གྱིན་པའི་གྲོང་རྡལ་ཞིག་རེད། ཕྱུགས་ལས་རྐྱང་རྐྱང་གཉེར་གྱིན་པའི་གྲོང་རྡལ་ཞིག་ལ་མཚོན་ན། མང་ཚོགས་ཡོངས་ཀྱི་ཁ་གསོ་བྱེད་གཙོ་བོ་དང་རྩྭ་ས་ལ་བརྟེན་དགོས། དེའི་རྐྱེན་གྱིས་རྩྭ་སའི་ངོས་ཐད་ནས་རྫོང་དང་རྫོང་གི་བར་ཞང་དང་ཞང་གི་བར། སྡེ་བ་དང་སྡེ་བའི་བར་འགལ་བ་མང་པོ་ཞིག་ཡོད་པ་རེད།འགལ་བ་འདི་དག་གིས་ས་གནས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། ཞི་འཇགས་ཀྱི་སྲིད་ཇུས་ལའང་མི་མཐུན་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་སུའང་འགྲོ་མི་ཐུབ་པའི་བཀག་རྒྱ་ཆེན་པོ་ཞིག་བཟོས་ཡོད་པ་རེད། དེའི་རྐྱེན་གྱིས་ང་རང་ཉིད་འགོ་གཙོ་ཞིག་ཡིན་པའི་ཆ་ནས་ཐོག་མར་འགལ་བ་འདི་དག་ཐམས་ཅད་མེད་པར་གཏོང་དགོས་པའི་ཀུན་སློང་ཞིག་གཙོ་བོ་སྐབས་དེར་སྐྱེས་བྱུང་།

སྙན་སྒྲོན་པ།      རྩྭ་ས་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གཞི་རྟེན་གཙོ་བོ་ཡིན་པས། རྩྭ་ཐང་ལ་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཏང་དང་སྲིད་གཞུང་གི་འགན་འཁུར་ཡིན་པར་ཟད། ལྷག་པར་དུ་གཞི་རིམ་ལས་བྱེད་པ་དང་འགོ་ཁྲིད་ཀྱི་ཕྲག་སྟེང་དུ་བབ་པའི་འོས་འགན་རེད། རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སོའོ་ཀྲང་ཚེ་རིང་རྒྱལ་གྱིས་རང་གི་ཕྲག་སྟེང་དུ་བབས་པའི་འོས་འགན་དེ་སེམས་སུ་གསལ་བོར་ངེས་ཡོད་པ་དང་། འགན་འཁྲི་ལྕི་མོ་འདི་ཕྲག་སྟེང་དུ་བླངས་ནས་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་རྩྭ་ས་རྩོད་གླེང་དང་མི་དམངས་འདུམ་འགྲིག་སོགས་ཀྱི་ཐད་དུ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་དང་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་འདུགགཞི་རིམ་མང་ཚོགས་ཀྱི་འགལ་བ་ནི་ཧ་ཅང་རྙོག་འཛིང་ཆེ་བས། དེར་འདུམ་འགྲིག་དང་ཞི་འཇགས་སུ་གཏོང་བར་གཞི་རིམ་འདུམ་འགྲིག་ཚོར་ཁོ་ཚོ་རང་ངོས་ཀྱི་ཐབས་ལམ་རེ་ཡོད། ཚེ་རིང་རྒྱལ་གྱིས་བཤད་རྒྱུར།    
ཚེ་རིང་རྒྱལ་གྱི་སྐད་ཆ།      འགལ་བ་འདི་དག་ཅི་ལྟར་མེད་པར་གཏོང་དགོས་ཞེས་ན་གཙོ་བོ་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། ཡང་ན་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རང་ཉིད་ཏང་གིས་སྐྱེད་སྲིང་བྱས་པའི་མི་སྣ་ཞིག་ཡིན་པའི་ཆ་ནས། འདིའི་ཕྱོགས་ནས་སྒྲུབ་པའི་བྱ་བའི་ངོས་ཐད་ནས་བརྗོད་ན། རྫོང་དང་རྫོང་གི་བརགྱིགྱོད་གཞི་འདི་དག་གི་ངོས་ཐད་ནས་ང་ཚོ་ཁྱིམ་ཚང་དང་སྡེ་བའི་ཡུལ་དངོས་སུ་སོང་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པ་དང་། གྱོད་གཞི་འདི་དག་ཁྲིམས་ལུགས་དང་འགལ་ཡོད་པ་སོགས་མང་ཚོགས་ལ་སློབ་གསོ་བཏང་བས། མང་ཚོགས་ལའང་ངོས་ཟིན་ཟབ་མོ་ཐོབ་པ་རེད། སྡེ་བའི་ནང་ཁུལ་དུ་སྡེ་བ་གཉིས་ཀྱི་ས་མཚམས་ཆུ་མཚམས་ཀྱི་ཐད་ནས་ཀྱང་རྩོད་པ་མང་པོ་བྱུང་གིན་འདུགའགལ་བ་འདི་དག་མེད་པར་གཏོང་ཕྱིར་ཡུལ་དངོས་སུ་སོང་ནས་ཁྲིམས་ལུགས་དྲིལ་བསྒྲགས་མང་པོ་བྱས་ནས་སློབ་གསོ་བཏང་བས། མང་ཚོགས་ལའང་སློབ་གསོ་ཐོབ་ནས་ད་སྐབས་ཞི་འཇགས་སུ་སོང་ཡོད།འབའ་རྫོང་དང་མང་རྫོང་ལྟ་བུར་མཚོན་ནའང་ད་སྐབས་རྫོང་བར་དུ་ཕན་ཚུན་འགྲིག་མཐུན་བྱུང་ནས་ཁ་བཏགས་འཕེན་པ་དང་ཕན་ཚུན་མགྲོན་དུ་བསུ་བཞིན་ཡོདཔས། ཡོད་ཚད་འཆམ་མཐུན་དང་ཞི་འཇགས་སུ་སོང་ཡོད་པ་རེད།


སྙན་སྒྲོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་དང་སྲིད་ཇུས་ལྟར་དུ་འབྲོག་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་དང་འབྱུང་བཞིན་པའི་རྩྭ་ས་རྩོད་གླེང་དང་མི་དམངས་མང་ཚོགས་བར་གྱི་འགལ་བ་ཐག་གཅོད་བྱས་ནས་སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་འཇོག་བཞིན་ཡོད།

གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཁྱེད་ཀྱི་བྱ་བར་གདེང་འཇོག་ག་འདྲ་བྱས་འདུག་གམ་ཞེས་དྲིས་པར། ཚེ་རིང་རྒྱལ་གྱིས།
 ཚེ་རིང་རྒྱལ་གྱི་སྐད་ཆ།     རྫོང་ཏང་ཨུ་དང་སྲིད་གཞུང་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་རང་ཉིད་ལ་ཡང་དང་བསྐྱར་དུ་བྱ་བའི་ཐད་ལ་བསྟོད་བསྔགས་མང་པོ་བྱས་སོང་། ཉིས་སྟོང་བཅོ་བརྒྱད་ལོར་ཁུལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པ་ཞེས་པའི་མཚན་སྙན་ཡང་གནང་བྱུང་། དེ་ལས་གཞན་ད་དུང་རྒྱལ་ཡོངས་ཀྱི་དཔེ་ལེགས་ཅན་གྱི་ཁྲིམས་འཛིན་འགོ་གཙོའི་མཚན་སྙན་ཡང་ཐོབ་མྱོང་། འདི་དག་ཐམས་ཅད་ལ་ཕྱིར་འདང་ཞིག་བརྒྱབ་ན་བྱ་བའི་གདེང་འཇོག་ཅིག་རེད།

སྙན་སྒྲོན་པ། བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར་གསར་འགོད་པས་ཁོ་ལ་མ་འོངས་པར་འཆར་འགོད་ག་འདྲ་ཡོད་ཅེས་དྲིས་པར་ཁོས་ཆོད་སེམས་བརྟན་པོའི་སྒོ་ནས་བཤར་རྒྱུར།

ཚེ་རིང་རྒྱལ་གྱི་སྐད་ཆ།   མ་འོངས་པ་ན་མུ་མཐུད་དུ་སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ལ་ཤུགས་སྣོན་དང་འབད་པ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
སྙན་སྒྲོན་པ།   རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སོའོ་ཀྲང་ཚེ་རིང་རྒྱལ་གཙོ་བྱས་ཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་འདི་ལྟར་རང་རང་སོ་སོའི་ལས་རྐང་དུ་ནན་ཏན་སྒོས་བྱ་བའི་ལས་ལ་འབད་ནས། ཐུན་ཏེ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ས་གནས་མང་ཚོགས་ཀྱི་བདེ་འཇགས་འཚོ་བའི་ཐད་ལ་བྱས་རྗེས་འཇོག་བཞིན་ཡོད།

    ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འགོར་བའི་རིང་ལ་ཁོ་ཚོ་ལྟ་བུའི་གཞི་རིམ་གྱི་སྲིད་ཁྲིམས་ལས་དོན་པ་མང་པོས་རོང་འབྲོག་མང་ཚོགས་ཀྱི་གམ་དུ་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་དང་། ཁྲིམས་ཀྱི་འདུ་ཤེས་སྐྱེད་བསྲིང་སྒྲོག་འགྲེལ་ཁྲིད་སྟོན་བྱེད་བཞིན་ཡོད་པས་བོད་ཁུལ་སྤྱི་ཚོགས་སུ་འཆམ་མཐུན་དང་བདེ་འཇགས། ཁྱིམ་ཚང་འགྲིག་མཐུན་དང་། སྡེ་བ་འགྲིག་མཐུན། མི་རིགས་མཐུན་སྒྲིལ་སོགས་ཀྱི་མེ་ཏོག་རྣམ་པར་བཞད་པ་རེད། ཉན་མཁན་རྣམ་པ།  གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་མང་ཚོགས་གམ་གྱི་འདུམ་འགྲིག་པ་བཟང་བོ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།