མཁའ་མོ་ཡག་ལ་ཡོང་སྒོ་སྐར་གང་མེད་པ་ནས་ཁྲི་ལྷག་ཡོད་པར་གྱུར་པ།
2019.06.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 57

ཞོགས་པའི་ཆུ་ཚོད་དགུ་པ་བསླེབ་ལ་ཉེ་དུས། ཐེམ་ཆེན་རྗོང་བྲག་དམར་ཞང་རྟ་རྣ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཆེད་ཚོང་སྒོ་ཁ་རུ། གནས་སྐོར་པ་མང་པོ་འཚང་ཁ་ཤིག་ཤིག་གིས་ཐོན་རྫས་ཉོ་བར་བྲེལ་བཞིན་ཡོད་ལ། ལ་ལའི་ལག་ཏུ་མར་ཆུར་ཐོགས་ཤིང་། འགའ་རེའི་ཕྲག་ཏུ་གཙགས་དྲུབ་ཁུག་མ་འཁུར་ནས་འགྲོ་བཞིན་འདུག

ད་ལོ་ལོ་ན་སོ་དྲུག་ལ་བསླེབས་པའི་མཁའ་མོ་ཡག་ནི་མཉམ་ལས་ཁང་གི་ལུག་རྫི་ཞིག་ཡིན། ལོ་ལྔའི་སྔོན་ལ་ཁོ་མོས་ཐབ་ཏུ་ཇ་སྐོལ་ནས་སྒེའུ་ཁུང་ལས་ཕ་གའི་རི་བོར་ཅེར་ཏེ། ཐབས་སྡུག་གི་འཚོ་བར་འཁང་ར་བྱེད་ཞོར་སྟོབས་དང་འབྱོར་བས་ཕྱུག་པའི་འཚོ་བར་སྨོན་པ་སྐྱེས་མྱོང་།

དེང་སྐབས། སྔ་དྲོར་ལུག་རྣམས་རི་འགོར་འདེད་པ་དང་། ཕྱི་དྲོ་ལུག་ཁྱུ་ཕྱིར་བསྐྱིལ་བ་ནི་ཁོ་མོའི་ཉིན་གཅིག་གི་བྱ་བ་རེད། མི་རབས་ནས་མི་རབས་བར་གནས་སྤོར་ཡུལ་མིའི་འཚོ་བ་རོལ་བའི་འབྲོག་པ་ཚོར་མཚོན་ན། ཆེས་ཆེ་བའི་འགྱུར་ལྡོག་ནི་རང་ཁྱིམ་གྱི་ནོར་བཅུ་ལྷག་མཉམ་ལས་ཁང་གི་མ་རྐང་དུ་བཞག་པ་ཙམ་མ་ཡིན་པར། སྲོལ་རྒྱུན་རྙིང་བའི་འགྲོ་ལུགས་ལྟར་མ་སྲུ་མོས་ཁྱིམ་ཐབ་སྲུང་བའི་ལོ་ཟླ་ནས་མཉམ་ལས་ཁང་གི་ལུག་རྫི་སྟེ་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཀར་ཞུགས་ཐུབ་པ་དེ་རེད།

མཁའ་མོ་ཡག་ཚང་གི་དབྱར་སའི་ཁང་བ་དེ་རྫོང་མཁར་དང་སྤྱི་ལེ20ལྷག་གི་མཚམས་སུ་ཡོད་ལ། ནང་དུ་འབོལ་ཁྲི་དང་བརྙན་འཕྲིན་སོགས་དེང་རབས་ཁྱིམ་ཆས་ཆ་ཚང་བ་བསྒྲིགས་ཡོད་པའི་ཁར། འགྲུལ་ཁང་གི་སྒྲོག་ཙེའི་སྟེང་ཀ་ར་དང་སིལ་ཏོག་ཀྱང་བསྒྲིགས་འདུག ཐབ་ཏུ་ལྷོག་ལྷོག་གདུ་བཞིན་པའི་འོ་མར་བལྟ་ཞོར་རུམ་ནས་ཁ་པར་བླངས་ཏེ། རང་གི་ཁྱོ་ག་ལུག་རྫི་ནས་ཕྱིར་ཕེབས་པར་བསྒུགས་ནས་ཡོད།

ལོ་ངོ་ལྔའི་སྔོན་ལ་མཉམ་ལས་ཁང་གཉེར་བའི་སྐབས་སུ། ཁྱིམ་གྱི་ནོར་ལུག་མ་རྐང་དུ་འཇོག་པའི་བསམ་ཚུལ་དེའི་དོན་དུ་བཟའ་མི་དང་གྲོས་མཐུན་མ་བྱུང་བར་སྡེ་བའི་སྡེ་དཔོན་ལ་ཁ་འཛིང་རེ་བྱས་མྱོང་རུང་། ད་ལྟ་ཁོ་མོས་ཞིབ་ཏུ་བསམས་ན་ཐོག་མའི་གདམ་ཀ་དེ་འགྲིག་འདུག་ལ་དེང་གི་འཚོ་བར་ཡིད་ཆེས་ཀྱིས་ཁེངས།

མཁའ་མོ་ཡག་གིས་བཤད་པའི་མཉམ་ལས་ཁང་ནི། དོན་དངོས་སུ་མ་རྐང་ལམ་ལུགས་ཀྱི་གཉེར་སྐྱོང་བསམ་བློ་ནང་འདྲེན་བྱས་ནས། སྲོལ་རྒྱུན་གྱི་ནོར་ལུག་འཚོ་སྟངས་ལས་བརྒལ་ཏེ་ཁྱིམ་གྱི་ནོར་ལུག་དང་རྩྭ་ས་མ་རྐང་དུ་བཞག་ནས་མཉམ་རུབ་ཅན་གྱི་གཉེར་བའི་ཐོན་སྐྱེད་མཉམ་ལས་བྱེད་སྟངས་ཤིག་ཡིན།

མི་དང་ཕྱུགས་རྩྭའི་འགལ་བ་འབུར་ཐོན་དང་། རྩྭ་ས་ཞན་འགྱུར་ཚབས་ཆེན་སོགས་ཀྱི་གནད་དོན་ལ་གཞིགས་ནས། 2015ལོར། བྲག་དམར་ཞང་སྲིད་གཞུང་གི་སྣེ་ཁྲིད་འོག རྟ་རྣ་སྡེ་བའི་སྡེ་དཔོན་ནམ་མཉམ་ལས་ཁང་གི་ལས་འཛིན་པ་གཞོན་པ་བསྟན་འཛིན་རྒྱ་མཚོ་དང་སྡེ་མི་འགས་མཉམ་དུ་མཉམ་ལས་ཁང་གཉེར་བ་རེད། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བཞི་བཅུ་མཉམ་ལས་ཁང་དུ་ཞུགས་པ་དང་། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་བཅུ་ལྷག་ཡོད།

རྩྭ་ས་ནི་དེ་སྔའི་རྩྭ་ས་ཡིན། མི་ཡང་དེ་སྔའི་མི་རྣམས་ཡིན། ལོ་ལྔའི་ཡར་སྔོན་ལ།བ ཟའ་མི་ཡོངས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་དུས་བཞིར་ནོར་ལུག་འཚོས་ཀྱང་ཡོང་སྒོ་དེ་འདྲ་བཟང་པོ་མིན།

མཁའ་མོ་ཡག་གི་གདོང་ལ་འཛུམ་གྱིས་ཁེངས་ནས“ང་ལ་ཟླ་རེར་ཟླ་ཕོགས་སྒོར་སྟོང་གཅིག་རེ་ཡོད་ལ། རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བཞག་པས་ལོ་རེར་སྒོར་འབུམ་གཅིག་ལྷག་གི་ཡོང་སྒོ་ཡོད”ཅེས་ལོ་རེའི་ཡོང་སྒོའི་རེའུ་མིག་ཅིག་གསར་འགོད་པར་བསྟན་པ་དང་ལྷན་དུ། ཁོ་མོའི་ཁ་པར་ནང་གི་འདྲ་པར་ལས་རྟོགས་ཡོང་བ་ནི་ལོ་ལྔའི་སྔོན་གྱི་རྩྭ་ས་དང་། ཁང་པ། ཟས་གོས་གྱོན་ཚུལ། གདོང་གི་འཛུམ་མདངས་ལ་འགྱུར་བ་བྱུང་ཡོད་པ་དེ་ཡིན།

ལོ་ངོ་ཁ་ཤས་རིང་ལ་ནོར་བཅུ་ལྷག་གི་རྫི་བོ་ནས་ལུག་སྟོང་གི་རྫི་བོར་གྱུར་པ་ནི་ཁོ་མོའི་སེམས་སུའང་དྲན་མ་མྱོང་། བྲག་དམར་ཞང་རྟ་རྣ་སྡེ་བའི་མཉམ་ལས་ཁང་དུ་རྫི་བོའི་ལས་ཀ་གཉེར་བའི་སྡེ་མི་ནི་མཁའ་མོ་ཡག་གཅིག་པུ་མ་ཡིན་པར། ཁོ་མོ་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་གི་ལུག་རྫི་བཅུ་བདུན་ལྷག་ཡོད་པ་དེ་རེད།

མཁའ་མོ་ཡག་ཚང་ལ་བཟའ་མི་ལྔ་ཡོད་པའི་ནང་། ལོ་ལྔ་བཅུ་ལོན་པའི་ཨ་མ་མཉམ་ལས་ཁང་གི་སྒོ་སྲུང་ཡིན་ལ། བྱིས་པ་གཉིས་རྫོང་མཁར་དུ་སློབ་གྲྭར་འགྲོ་བཞིན་ཡོད། ལོ་འདི་དག་གི་ཡོང་སྒོ་ལ་བརྟེན་ནས་རླངས་འཁོར་ཆུང་བ་ཞིག་ཉོས་ཡོད་པ་དེ་ཡང་ཡོང་སྒོ་འཚོལ་བའི་ཐབས་ལམ་ཞིག་ཏུ་གྱུར་ནས། ན་ནིང་རྫོང་མཁར་དུ་ཆེ་ཆུང་ལ་མུས་གྲུ་བཞི་མ་བདུན་ཅུ་ལྷག་ཡོད་པའི་ཐོག་ཁང་ཞིག་ཀྱང་ཉོས་ཡོད།

རྒྱུས་ལོན་པ་ལྟར་ན། མཉམ་ལས་ཁང་དུ་ཐོག་མར་ནོར་ལུག་སྟོང་གསུམ་ལྷག་ཡོད་པ་ནས་ད་སྔ་སྟོང་བརྒྱ་དང་ལྔ་བརྒྱ་བར་འཕར་བ་དང་། ཐོག་མའི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་ནས་ད་སྔ་ཡོང་སྒོ་སྒོརམོ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་དགུ་ལ་སླེབས། འདི་ལྟར་མཉམ་ལས་ཁང་གི་ཡོང་སྒོ་ཇེ་བཟང་དུ་སོང་བའི་གཏམ་དེ་ཁྱིམ་མཚེས་སྡེ་བར་ཁྱབ་པ་ན། ན་ནིང་གི་ལོ་མཇུག་ཏུ་སྡེ་བ་གཞན་པའི་ཁྱིམ་ཚང་བཅུ་དགུ་སྔ་གཞུག་ཏུ་རྟ་རྣ་སྡེ་བའི་མཉམ་ལས་ཁང་དུ་ཞུགས།

ད་ལོ་ལོ་བཞི་བཅུ་ཡིན་པའི་ཕོ་གསར་འཇིགས་མེད་ནི་རྩྭ་ས་མ་རྐང་དུ་འཇོག་མཁན་ནང་གི་འབྲོག་པ་ཞིག་ཡིན་ལ་རྟ་རྣ་སྡེ་བ་རུ་ཁག་བཞི་པའི་སྡེ་མི་རེད། ང་ཚོ་བཅར་འདྲིར་བྱེད་དུ་ཡོང་བ་ཤེས་ནས་ད་ནངས་ཞོགས་པར་བཞོས་མ་ཐག་པའི་འབྲི་མའི་འོ་མ་འཁྱེར་ནས་འཚམས་འདྲི་བྱེད་དུ་ཡོང་བ་རེད།

“ངེད་ཚང་ལ་བཟའ་མི་གསུམ་ཡོད། མཉམ་ལས་ཁང་དུ་རེས་སྐོར་ནས་ཕྱུགས་འཚོ་བཞིན་པ་དང་། ཟླ་གཉིས་ཀྱི་ནང་ནས་ཟླ་གཅིག་ལ་ངལ་གསོ་ཡིན་པས་རྫོང་མཁར་ནས་ཞོར་ལས་བཙལ་ཆོག ཆུང་མས་མཉམ་ལས་ཁང་དུ་འོ་མ་བཞོ་བའི་འགན་ཁུར་ཡོད་པས་ངེད་གཉིས་ལ་ལོ་རེར་ཡོང་སྒོ་ཁྲི་གསུམ་ལྷག་ཡོད”ཟེར། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། རྩྭ་ས་རེས་སྐོར་དང་། ནོར་ལུག་ཁྱུ་བགོས་ནས་འཚོ་བ་སོགས་ཀྱིས་འབྲོག་པ་མང་ཚོགས་ཕྱིར་སོང་ནས་ཡོང་སྒོ་འཚོལ་བའི་གོ་སྐབས་ཇེ་མང་དུ་བཏང་ཞིང་། ལོ་སྔོན་མར་ཁོ་ཚང་གིས་ལུག་རྫི་བྱེད་པ་དང་འོ་མ་བཞོ་བ། དེ་མིན་སྒོ་ཕྱི་ནས་ཞོར་ལས་བརྒྱབ་པ། ལོ་མཇུག་གི་རྩྭ་སའི་ཡོང་འབབ་བགོ་བཤའ་སོགས་བརྩིས་ན་ལོ་རེར་ཡོང་སྒོ་སྒོར་ཁྲི་བདུན་ལྷག་ལ་བསླེབས་ཡོད།

རྩྭ་ས་དེ་ནོར་ལུག་འཚོ་གསོ་བྱེད་ས་ཁོ་ནར་བརྩི་མི་རུང་བས། རྩྭ་ས་ཇི་ལྟར་འཁོར་རྒྱུག་བྱ་རྒྱུ་ནི་འབྲོག་པ་མང་ཚོགས་ལ་མཚོན་ན་དོན་ཆེན་ནང་གི་འགངས་ཆེན་རེད། “དེང་སྐབས་ཕྱུགས་ཟོག་ལ་དྲོད་ཁང་ཡོད་པར་མ་ཟད། ད་དུང་གཟན་ཆས་གསོག་འཇོག་ཀྱང་མང་པོ་ཡོད་པས། ནོར་ལུག་འཚོ་གསོ་དང་། དེ་མིན་གསོན་ཚད་དང་ཕྱིར་བཙོངས་ཚད་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད”ཅེས་བཤད་བཞིན་འཇིགས་མེད་ཀྱིས་འབྲི་མོའི་འོ་ཇ་དཀར་ཡོལ་ནང་བླུགས་ནས་ང་ཚོའི་ལག་ཏུ་གཏད་བྱུང་།

གོ་སླ་བའི་སྒོ་ནས་བཤད་ན། འབྲོག་མིས་མ་དངུལ་དང་། རྩྭ་ས། ནོར་ལུག་སོགས་མ་རྐང་དུ་བཞག་ནས་རྩ་འཛུགས་སྒོས་གཅིག་གྱུར་གྱིས་བཀོད་འདོམས་དང་། གཅིག་གྱུར་གྱིས་གཉེར་སྐྱོང་བྱས་རྗེས་གཉེར་སྐྱོང་གི་གནས་ཚུལ་ལ་གཞིགས་ནས་ལོ་མཇུག་ཏུ་ཡོང་སྒོ་བགོ་བཤའ་རྒྱག་གི་ཡོད། འདི་ལྟར་བསྒྲུབས་པའི་ལོ་ལྔའི་རིང་ལ་མང་ཚོགས་ཀྱི་བསམ་བློར་འགྱུར་བ་བྱུང་ཡོད་པར་མ་ཟད། མཉམ་ལས་ཁང་དུ་ཞུགས་མཁན་ཡང་ལོ་རེ་ནས་ལོ་རེར་ཇེ་མང་ཡིན་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་སོང་ནས་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་འདུག

དེང་སྐབས། ཐེམ་ཆེན་རྩྭ་ཐང་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་འབྲོག་པ་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་བུར་གྱུར་ཡོད།

                                                                                                           རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།