མདོ་དབུས་མཐོ་སྒང་དུ་འཇོན་མིའི་སྨན་བཅོས་རུ་ཁག་ཅིག་སྐྱེད་སྲིང་བྱས་པ།
2019.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

 པེ་ཅིན་གྲོང་ཁྱེར་གྱི་སྐོར་ཐེངས་གསུམ་པའི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་ལིག་ཡུན་ཅོན་གྱི་གནས་ཚུལ་བཀོད་པ།

མུ་མཐའ་བྲལ་བའི་དཔལ་ཐང་རྩྭ་ཐང་དུ། ཚོན་མདངས་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་དུ་བསྐྱོད་ཅིང་། ས་དེའི་བོད་རིགས་མང་ཚོགས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ནས། ཁོ་ཚོར་རྒྱུས་མངའ་ཆེ་བའི་མགྲོན་པོ་སྟེ། ཟླ་གཅིག་ལ་སྐོར་སྐྱོད་སྨན་བཅོས་ཐེངས་གཅིག་རེ་བྱེད་པར་ཡོང་བའི་པེ་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ཆེད་མཁས་པར་བསུ་མ་བྱེད་བཞིན་ཡོད།

ཚོགས་པའི་མདུན་དུ་བསྐྱོད་པ་ནི་པེ་ཅིན་གྲོང་ཁྱེར་ནུབ་མཁར་ཁུལ་ཀོང་བེ་སྨན་ཁང་ནས་ཡོང་ཞིང་། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་འགན་འཁུར་བཞིན་པའི་ལིག་ཡུན་ཅོན་རེད། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་གསུམ་གྱི་རིང་ལ། ཁོས་ཚོགས་པའི་སྣེ་ཁྲིད་དེ་ཐེངས་སུམ་ཅུ་ལྷག་ལ་གཞི་རིམ་དུ་བསྐྱོད་པ་དང་། ཐེངས་འདིའི་སྐོར་སྐྱོད་སྨན་བཅོས་ལ་ལས་འགན་གསར་བ་བསྣན་ཡོད། སྨན་བཅོས་ཀྱི་འཕེལ་རིམ་ཐོ་འགོད་བྱེད་པ་དང་འབྱུང་སླ་བའི་ནད་རིགས་དབྱེ་ཞིབ་བྱས་ཏེ། སྐོར་རྗེས་མའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ལ་གཞི་གྲངས་དང་ཁ་ཕྱོགས་འདོན་སྤྲོད་བྱེད་བཞིན་ཡོད།

མེས་རྒྱལ་གྱི་ཆེས་དགོས་མཁོ་ཆེ་བའི་ས་ཆར་སོང་ནས། རང་ཉིད་ཀྱི་བརྩེ་སེམས་དང་འཇོན་ཐང་ལ་བརྟེན་ནས་མཐོ་སྒང་བོད་ཁུལ་གྱི་མང་ཚོགས་ལ་བདེ་ཐང་བསྐྲུན་རྒྱུ་ཡིན། ལོ་གསུམ་གྱི་རིང་ལ། ལིག་ཡུན་ཅོན་གྱིས་སྨན་ཁང་བཅོས་སྒྱུར་གྱི་བྱེད་ཐབས་གསར་བ་འཚོལ་ཞིབ་དང་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་སྨན་བཅོས་སྲོག་སྐྱོབ། འཇོན་མི་སྐྱེད་སྲིང་བཅས་བྱས་ཏེ། རྒྱང་ཐག་རིང་བའི་ཡུལ་ཤུལ་རྩྭ་ཐང་ལ་གསོན་ཤུགས་ལྡན་པའི་འཇོན་མིའི་དཔུང་སྡེ་ཅིག་འཛུགས་སྐྲུན་བྱས།

2016ལོའི་ཟླ་བརྒྱད་པར། ལོ་ཞེ་ལྔ་ཡིན་པའི་ལིག་ཡུན་ཅོན་དུས་ལྟར་ཡུལ་ཤུལ་དུ་འབྱོར་ཐོ་བཀོད། ཡུལ་འདིར་ཐོན་མ་ཐག་ཁོ་ལ་གནོན་ཤུགས་ཆེན་པོ་ཞིག་སྦྱིན་བྱུང་། ལིག་ཡུན་ཅོན་གྱིས་བཤད་རྒྱུར། ཡོན་ཀྲང་གི་གཞུང་སྒྲུབ་ཅོག་ཙེ་སྟེང་ལས་གནས་སྤོ་བ་དང་ནད་ཀྱི་དབང་གིས་ལས་འཁྱུར་ངལ་གསོ་བྱེད་པར་རེ་འདུན་ཞུ་བའི་ཡི་གེ་རེ་དགུ་བཞག་ཡོད། ལས་བཟོ་བ་ཉིས་བརྒྱ་བརྒྱད་ཅུ་ལྷག་ཡོད་པའི་ཁུལ་རིམ་པའི་སྨན་ཁང་འདི་ལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་ལྷག་གི་གྱོང་གུད་ཐེབས་ཡོད་པས། ནད་ལ་ལྟ་རུ་ཡོང་བའི་མང་ཚོགས་རྣམས་སྨན་ཁང་འདིར་ཡིད་ཆེས་མེད།  ཟླ་གཅིག་གི་ནང་སྨན་ཁང་དེ་ནས་ནད་པ་མི་ཐེངས་སྟོང་གཉིས་ཙམ་སྨན་ཁང་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བ་དང་། ཐ་ན་བུ་བཙའ་དང་རྒྱུ་ལྷག་གཤག་བཅོས་སོགས་གཤག་བཅོས་ཆུང་ཆུང་ཡང་ཁུལ་སྨན་ཁང་དུ་མི་སྡོད་པར་རྫོང་རིམ་པའི་སྨན་ཁང་དུ་འགྲོ་བའི་འདི་འདྲའི་ཡ་མཚར་གྱི་སྣང་ཚུལ་ཡང་ཡོད་པ་རེད་ཟེར།

ལིག་ཡུན་ཅོན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་མཐར། སྨན་ཁང་འདིའི་ལམ་ལུགས་འཐུས་ཚང་མིན་པ་དང་། བྱེད་སྒོའི་ཆུ་ཚད་ཞན་པ། འཇོན་མི་ཉུང་བ།   བྱ་བའི་བྱས་འབྲས་ལ་མི་བལྟ་བར་ཡོང་འབབ་བགོ་བའི་རྣམ་པ་བསྒྱུར་ཚེ།  ད་གཟོད་སྨན་ཁང་འཕེལ་རྒྱས་སུ་གཏོང་ཐུབ་པ་ཤེས།

བཅོས་སྒྱུར་བྱེད་པ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་ཏེ། མི་གཞན་པས་ཁོ་ལ་ཡུལ་ཤུལ་གྱི་ས་བབ་མཐོ་བས་དབྱང་རླུང་དཀོན་ཞིང་ཁོར་ཡུག་གི་ཆ་རྐྱེན་ནང་ལོག་དང་མི་འདྲ་བས་དཀའ་ཚེགས་ཆེ། ནང་ལོག་ཏུ་སོང་ནས་སྨན་བཅོས་སྒྲིག་ཆས་ཉོ་བ་སོགས་བྱས་ནས་ལོ་གསུམ་གྱི་དུས་ཡུན་དེ་ལྟར་ཕར་བསྐྱལ་ན་མི་ལེགས་སམ་ཞེས་ཁོ་ལ་སློབ་གསོ་མང་པོ་བཏང་མོད། འོན་ཀྱང་།  ལིག་ཡུན་ཅོན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བ་ནི་ཉི་མ་འཁྱོལ་ཐབས་བྱེད་དུ་ཡོང་བ་མ་ཡིན་པས། ས་འདིའི་མི་རྣམས་ཀྱི་བདེ་ཐང་ཆེད་དུ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་རྒྱུ་ཡིན་ཞེས་ལན་བཏབ།

ཡུལ་ཤུལ་དུ་འབྱོར་ནས་ཉིན་ཉི་ཤུའི་རྗེས་སུ། ལིག་ཡུན་ཅོན་གྱིས་ཏང་ཨུའི་ཁོངས་མིར་སློབ་གསོ་བཏང་ནས། སྨན་བཅོས་མི་སྣའི་ཟླ་རེའི་བྱས་འབྲས་ཟླ་ཕོགས་སྒོར་འབུམ་གཅིག་གི་སྤྱི་འབོར་དེ་སྒོར་འབུམ་ལྔར་ཇེ་མཐོར་བཏང་བར་མ་ཟད། ད་དུང་མགོ་ཁྲིད་ཚན་ཁག་གི་བྱས་འབྲས་ཟླ་ཕོགས་ཀྱི་བརྒྱ་ཆའི་ལྔ་བཅུ་ཇེ་དམར་བཏང་ཞིང་། ནད་ཐོག་སྨན་བཅོས་དང་གནད་སའི་ཚན་ཁག་གཙོར་བཟུང་ནས་ཤུགས་སྣོན་བྱས།

ཟླ་གཉིས་པར་སྨན་ཁང་གི་ཞག་སྡོད་ནད་པ་སོ་བརྒྱད་དུ་འཕར་པ་དང་། ཟླ་གསུམ་པར་སྨན་ཁང་གི་ཡོང་སྒོ་སྒོར་འབུམ་བཞིར་བསླེབས། མང་སྒྲུབ་མང་ཐོབ་སྲིད་ཇུས་ཀྱི་སྐུལ་ལྕག་འོག སྨན་པས་རང་འགུལ་གྱིས་ནད་བརྟག་སྨན་བཅོས་དང་ནད་གཡོག་མས་རང་འགུལ་གྱིས་ཞབས་ཞུ་སྒྲུབ་པ་སོགས་བྱས་ནས་མང་ཚོགས་ཀྱི་གཟེངས་བསྟོད་ཐོབ།

པེ་ཅིན་གྲོང་ཁྱེར་གྱི་སྐོར་ཐེངས་གསུམ་པའི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པར་ཡོང་བའི་ལས་བྱེད་པའི་སྣེ་ཁྲིད་པ་བང་ཏུའུ་བིས་ཀྱིས་བཤད་རྒྱུར། ལིག་ཡུན་ཅོན་གྱིས་ནམ་ཡིན་ཡང་རང་འགུལ་གྱིས་ལས་འགན་ཕྲག་ཏུ་བླངས་ནས། གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་པ་ཡིན་པས། ཁོ་ཡོད་ཚེ་བྱ་བ་གང་ལའང་དཀའ་ཁག་མེད་ཟེར།

ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་ཉིས་བརྒྱ་ཡོད་པའི་ཡུལ་ཤུལ་ནི། ནང་ལོག་དང་བསྡུར་ན་དབྱང་རླུང་དཀོན་ཞིང་ཞིང་ཆེན་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱད་བརྒྱ་ལྷག་ཡོད་པས། རླངས་འཁོར་ལ་བསྡད་ན་དུས་ཚོད་བཅུ་ལྷག་དགོས་པ་རེད། གནས་འདིའི་ཚེ་སྲོག་རེ་རེ་སྐྱོབ་པ་ནི་དུས་ཚོད་དང་འགྲན་རྩོད་བྱེད་པ་དང་འདྲ་ལ། ཐེངས་རེ་རེའི་སྲོག་སྐྱོབ་ལེགས་འགྲུབ་བྱུང་བ་ནི་མཐོ་སྒང་གི་སྨན་བཅོས་ལོ་རྒྱུས་སྟེང་གི་བྱས་འབྲས་ཐེངས་ཤིག་ཡིན་པ་རེད།

ལིག་ཡུན་ཅོན་གྱིས་བཤད་རྒྱུར། ནམ་རྒྱུན་འཇུ་ལམ་ནས་ཁྲག་བརྡོལ་པ་དང་གློ་བུར་དུ་གནོད་སྐྱོན་ཐེབས་པ་སོགས་ཀྱི་ནད་པ་མང་ཆེ་བ་ནི་ཟི་ལིང་སོགས་སྨན་ཁང་གཞན་པར་སྤོ་བའི་ལམ་བར་ནས་འགོར་འགྱངས་སུ་བཏང་བ་རེད་ཟེར། ལིག་ཡུན་ཅོན་གྱིས་མུ་མཐུད་དུ་བཤད་རྒྱུར། གནད་དོན་དེ་དག་ལས་གཞན། ནང་ལོག་ནས་རོགས་སྐྱོར་བྱས་པའི་སྨན་བཅོས་སྒྲིག་ཆས་དང་ཡོ་བྱད་སྐོར་ཞིག་བཀོལ་སྤྱོད་མ་བྱས་པ་དང་། ཚན་ཁག་མང་པོ་ཞིག་བཙུགས་མེད་པ། བྱིས་པའི་ཚན་ཁག་གི་གསར་སྐྱེས་བྱིས་པ་ཤི་ཚད་བརྒྱ་ཆའི་བཅུ་གསུམ་ལས་མཐོ་བ་རེད། གནད་དོན་དེ་དག་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་གང་མགྱོགས་སྒོས་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་ལ། གཅིག་འཕྲོར་གཅིག་མཐུད་ནས་སྒྲུབ་པའི་སྨན་བཅོས་རུ་ཁག་ཅིག་འཛུགས་སྐྲུན་བྱེད་དགོས་པ་རེད་ཟེར།

ལིག་ཡུན་ཅོན་གྱིས་ཐོག་མར་ལོ་རེར་པེ་ཅིན་གྱི་ཆེད་མཁས་པ་ལྔ་གདམ་གསེས་བྱས་ནས་རེས་མོས་ཀྱིས་ཁྲིད་སྟོན་དང་འོས་འགན་གྱིས་བརྟག་བཅོས་བྱས་ཤིང་། དེའི་རྗེས་སུ་ཡང་ས་གཞན་གྱི་སྨན་ཁང་ལ་འབྲེལ་གཏུག་ཅི་ཐུབ་བྱས་ཏེ་སྨན་བཅོས་མི་སྣ་གསོ་སྦྱོང་བྱེད་པར་མངགས། ཡོན་ཀྲང་གི་རེ་བ་ཆེས་མཐོ་བས། ང་ཚོས་ནད་པ་ག་ཙམ་གསོ་བཅོས་བྱེད་པར་མི་བལྟ་བར་སློབ་མ་ཅི་ཙམ་སྐྱེད་སྲིང་བྱས་པར་བལྟ་བཞིན་ཡོད་ཅེས་པེ་ཅིན་གྲོང་ཁྱེར་ནུབ་མཁར་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་མཚོ་སྔོན་རོགས་སྐྱོར་ཆེད་མཁས་པ་ཕེས་ཀྲི་ཧྥེས་ཀྱིས་དེ་ལྟར་བཤད་བྱུང་།

སྒྲིག་ཆས་གསར་བ་དང་ལག་རྩལ་གསར་བ། གྲུབ་འབྲས་གསར་བ་སྟེ། 2017ལོར་ཟི་ཁྲོན་ལ་སོང་ནས་གསོ་སྦྱོང་བྱས་རྗེས་ལས་རྐང་དུ་ཞུགས་པའི་མིག་ནད་ཚན་ཁག་གི་སྨན་བཅོས་མི་སྣ་ལྔ་ཡིས་གོང་གི་གནད་འགག་གི་ཚིག་གསུམ་ལ་ཕྱོགས་སྡོམ་བྱས་པ་ཡིན་ལ། ཚན་ཁག་གི་སྨན་བཅོས་བྱ་བའི་གྲུབ་འབྲས་སྐོར་གླེང་སྐབས། ཁོ་ཚོར་ང་རྒྱལ་དང་སྤོབས་པས་ཁེངས་ཡོད།

ལས་འཁུར་དགོངས་ཞུ་བྱེད་རྩིས་ཡོད་པའི་རུས་ནད་ཚན་ཁག་གི་ཀྲུའུ་རིན་ཀྲིན་ཚུང་དཔའ་ཡིས་བཤད་རྒྱུར། ཡོན་ཀྲང་གི་སྐད་ཆར་ཉན་ནས་ལས་འཁུར་དགོངས་ཞུ་མ་བྱས་པ་ དངོས་གནས་འགྲིག་འདུག  ད་ལྟ་ཟླ་ཕོགས་སྔོན་ཆད་ལས་ཇེ་མཐོར་སོང་ཡོད་ལ།   གཞན་ད་རུང་པེ་ཅིན་གྱི་ཆེད་མཁས་པའི་མདུན་ནས་ལག་རྩལ་ལ་སློབ་སྦྱོང་བྱས་ནས་གཤག་བཅོས་ཆེན་པོ་བརྒྱ་དང་བཞི་བཅུ་ལྷག་ལེགས་འགྲུབ་བྱས་ཤིང་། ཁྱད་པར་དུ2017ལོར་རང་ཉིད་གཙོ་འགན་ཁུར་ནས་ཡུལ་ཤུལ་ནས་དཔྱི་ཚིགས་ལ་གཤག་བཅོས་བྱེད་པ་ཐོག་མར་ལེགས་འགྲུབ་བྱུང་བས། ཁོ་ལ་ཉིན་དགར་སྤྲོ་སྣང་ཆེན་པོ་སྐྱེས་བྱུང་ཟེར།

ཚོད་རྩིས་བྱས་པ་ལྟར་ན། ལོ་གསུམ་གྱི་རིང་ལ། སྨན་ཁང་གི་མི་རེའི་ཆ་སྙོམས་བྱས་འབྲས་ཡོང་སྒོ་ལྡབ་དགུར་འཕར་བ་དང་། སྨན་བཅོས་མི་སྣ་བརྒྱ་ལྷག་ཏུ་བསླེབས། སྔ་གཞུག་ཏུ་གསར་སྐྱེས་བྱིས་པའི་ནད་བབ་ལྕི་མོའི་གཉོར་སྐྱོང་ཁང་དང་འགོས་ནད་ཚན་ཁག འཇུ་བྱེད་ཚན་ཁག་སོགས་ཚན་ཁག་གསར་བ་བཅུ་བཞི་སྒྲིག་བཙུགས་བྱས་པ་དང་། ལག་རྩལ་གསར་བ་བརྒྱ་དང་རེ་བརྒྱད་སྤེལ་ཏེ། ཡུལ་ཤུལ་གྱི་སྨན་བཅོས་ལག་རྩལ་མང་པོ་ཞིག་གི་སྟོང་ཆ་བསྐངས། གསར་སྐྱེས་བྱིས་པའི་འཆི་ཚད་བརྒྱ་ཆའི་གྲངས་ཐིག་བཅུ་ཇེ་དམར་སོང་བ་དང་། ལིང་ཏོག་བཤགས་བཅོས་སོགས་ཀྱི་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ཏེ། མང་ཚོགས་ཁྲི་སྟོང་མང་པོར་ཕན་ཁེ་ཐོབ།

ཡུལ་ཤུལ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་བུའུ་ཏི་ཅོན་གྱིས་གདེང་འཇོག་བྱས་ནས་བཤད་རྒྱུར། འདི་འདྲའི་ཁ་གཏད་རོགས་སྐྱོར་ནི་དངོས་ནས་བཟང་ཞིང་ཡུན་རིང་ལ་ཕན་པ་ཆེན་པོ་ཡོད་ངེས་རེད་ཟེར།

“ལས་བཟོ་བ་ཁྱིམ་མི་ལྟར་བརྩི་བ་དང་། ནད་པ་ཉེ་མི་ལྟར་བདག་སྐྱོང་བྱེད་པ།”

ལིག་ཡུན་ཅོན་ནི་ཧི་པེ་ཞིང་ཆེན་ཀྲང་པེ་རྫོང་གི་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་ཕ་མེས་ཀྱི་བག་ཆགས་ཁྲོད་སྨན་པའི་ལས་ཀ་གཉེར་རྒྱུའི་བློ་ཐག་བཅད། ལོ་མང་པོའི་རིང་། ཁོས་གཞི་རིམ་གྱི་ནད་ཐོག་སྨན་བཅོས་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་པ་དང་། ཉེན་ཁ་ཡོད་པའི་ནད་པ་སྐྱོབ་པ་དང་དཀའ་ཁག་ཡོད་པར་རོགས་རམ་བྱས་པས་ནད་པར་བརྩེ་སེམས་ཟབ་མོ་ཆགས།

“ཡོན་ཀྲང་གིས་དུས་རྒྱུན་བཤད་པ་ནི་ནད་པ་ཉེ་མི་རུ་བརྩི་དགོས་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་སེམས་སུ་འཛིན་དགོས”ཞེས་པ་དེ་རེད། གསར་སྐྱེས་བྱིས་པའི་ནད་ལྕི་ལྟ་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་བསོད་ནམས་དཔལ་འབྱོར་གྱིས་བཤད་རྒྱུར། ལས་བཟོ་བའི་ཁྱིམ་མིར་ཀླད་སྐྲན་བྱུང་ཡོད་པ་དང་། ཁོས་ཆེད་མཁས་པར་འབྲེལ་གཏུག་བྱས་པ་མ་ཟད་སྨན་རིན་ཉུང་འཕྲི་གཏོང་དགོས་པའི་སྙན་ཞུ་ཕུལ། རྐང་ལག་གཅོད་པའི་གཤག་བཅོས་བྱེད་དགོས་པའི་འབྲོག་པའི་བུ་མོ་ཆུང་བ་དེས་ལག་ཏུ་སྒོར་མོ་འཁྱེར་ཡོང་ནས་ཁོ་ལ་སྤྲད། ཁོས་སྒོར་ཉུང་ཙམ་མ་གཏོགས་མ་བླངས་པར་ཕྱིར་ནད་པར་བྱིན།

ཡུལ་ཤུལ་ཁུལ་ཡོངས་སུ་ཁྱབ་སྒྲོག་བྱེད་པ་ནི་ལྗིད་ཚད་ཆེས་ཡང་བའི་མཚེ་མ་གསུམ་ཅན་གྱི་བྱིས་པ་མྱུར་སྐྱོར་ལེགས་འགྲུབ་བྱུང་བས་ཡུལ་ཤུལ་གྱི་བྱས་རྗེས་ངོ་མཚར་བསྐྲུན་པ་དེ་རེད། 2017ལོའི་ཟླ་གསུམ་པར། སྨན་ཁང་གིས་གསར་དུ་ལས་པའི་ཉེན་ཁ་ཆེ་བའི་གསར་སྐྱེས་བྱིས་པ་མྱུར་སྐྱོབ་ལྟེ་གནས་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་། ལིག་ཡུན་ཅོན་གྱིས་བསྟུད་མར་ཉིན་ཞག་གསུམ་ལ་ངལ་གསོ་མ་བྱས། དབུགས་ཆད་ཡོད་པའི་བྱིས་པ་འཆི་བདག་གི་ཁ་ནས་མྱུར་སྐྱོབ་བྱས།

བྱིས་པ་མཚེ་མ་གསུམ་གྱི་ཨ་མྱེས་དགེ་རྒྱལ་གྱིས་ལིག་ཡུན་ཅོན་གླེང་སྐབས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད་ལ། མིག་ཆུ་བཞུར་བཞིན་བཤད་རྒྱུར། “ཡོན་ཀྲང་ལིག་གིས་ཁ་ཡང་སྐྱ་བོར་གྱུར་ཡོད་པ་དང་། མིག་ནང་གི་ཁྲག་རྩ་དམར་པོར་གྱུར་ཡོད་པ་བརྗེད་མི་སྲིད། ཁོས་ངེད་བཟའ་མི་གང་བོའི་རེ་བ་སྟོང་ཟད་དུ་མ་བཏང”ཟེར།

ཨ་མྱེས་དགེ་རྒྱལ་གཅིག་པུ་མ་ཡིན་པར། བོད་རིགས་མང་ཚོགས་མང་པོའི་སེམས་སུ་ཁུལ་སྨན་ཁང་ནི་ཁོ་ཚོ་ནད་གཞི་ལས་ཐར་བའི་སེམས་ཀྱི་བརྟེན་ས་རུ་གྱུར་ཡོད་ལ། མི་རྣམས་ཀྱིས་དུས་རྒྱུན་སྒོ་བསྟེན་ཐོག་ཁང་གི་སྒོའི་སྟེང་དུ་ཁ་བཏགས་འཐེན་ཡོད།

ཁོ་རང་ཕྱིར་འགྲོ་རན་ཡོད་པས་ཚང་མས་ཁོ་དང་ཁ་འབྲལ་འདོད་མེད། ནད་པའི་ཁྱིམ་མི་ཕུར་བུ་བསམ་འགྲུབ་ཀྱིས་སྨན་ལྷའི་ཐང་ཀ་ཞིག་འཁྱེར་ཡོང་ནས་ཁོ་ལ་བྱིན་པ་དང་། ཁོས་བཤད་རྒྱུར། ཡོན་ཀྲང་ལིག་ནི་འབྲོག་པ་མང་ཚོགས་སེམས་ཀྱི་སྐྱབས་མགོན་ལྟ་བུ་ཡིན་ཟེར།

ལིག་ཡུན་ཅོན་གནས་འདིར་ཡོང་སྐབས་དང་བསྡུར་ན་རྒྱ་མ་ཉི་ཤུའི་ཇེ་ཡང་དུ་སོང་ཡོད་པ་དང་། གཉིད་མི་ཁུག་པ་དང་སྙིང་ནད་ཀྱིས་མནར་བཞིན་ཡོད། སྨན་བཅོས་མི་སྣས་བཤད་རྒྱུར། ཁོས་ངལ་གསོ་ཧྲིལ་བོ་ཐེངས་གཅིག་ཀྱང་བྱས་མ་མྱོང་། ཁྱིམ་དུ་ལོག་ན་ཡང་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་ཡོད་ལ། ལོ་གསུམ་གྱི་དུས་ཚོད་ནང་རང་ཡུལ་དུ་སྡོད་པའི་གྲངས་ཀ་བརྩིས་ཆོག་ཟེར།

ལིག་ཡུན་ཅོན་གྱིས་བཤད་རྒྱུར། དུས་རྒྱུན་ཁྱིམ་མིར་བདག་སྐྱོང་བཟང་བོ་བྱེད་ཐུབ་མེད་མོད། འོན་ཀྱང་། ནད་པ་རྣམས་ལ་བཀོལ་བའི་དུས་ཚོད་མང་བས་འགྱོད་པ་མེད། མཚོ་སྔོན་ལ་རོགས་སྐྱོར་ཐེངས་གཅིག་བྱས་པས། མི་ཚེ་གང་བོར་གནས་འདིར་བརྩེ་བའི་ཁེངས་ཡོད། བོད་ཁུལ་མང་ཚོགས་ཀྱི་སྐད་ཆ་ལྟར་བཤད་ན། “རྒྱལ་ས་ཐག་མི་རིང་ལ། གུང་ཁྲན་ཏང་ནམ་ཡང་མི་དམངས་ལ་བརྩེ་བ་ཡོད”ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ།