ཀུན་གསལ་སྒྲོལ་མ་ནི་ཐོག་མའི་བསམ་འདུན་ཡིད་ལ་བཅངས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཞིག་ཡིན།
2019.06.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 65

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ་མེ་རི་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་ཀུན་གསལ་སྒྲོལ་མས་ལོ་གཅིག་རིང་གི་བྱ་བར་ཕྱིར་དྲན་བྱེད་དུས། ཁོ་མོས་མྱོང་བ་ཟབ་མོ་ཡོད་པའི་སྒོ་ནས“སྡེ་སྡོད་ཁོར་ཡུག་དེ་འདྲ་བཟང་པོ་མིན་པས་བྱ་བར་དཀའ་ཚེགས་ཆེ་ཞིང་། སྔོན་ཆད་མཐོང་མ་མྱོང་བའི་བྱ་བ་ཅི་རིགས་ལ་འཕྲད་ཀྱིན་ཡོད། ཡིན་ཡང་། ས་གནས་རོང་འབྲོག་མང་ཚོགས་ཀྱི་བསམ་བློ་ཡང་སྔོན་ཆད་དང་མི་འདྲ་བར། འཕེལ་རྒྱས་བྱུང་ནས་ཁོ་ཚོ་ལའང་ཕྱུག་བསྒྱུར་གྱི་བསམ་བློ་ཡོད་པས། ཁོ་ཚོར་ཆེས་མཁོ་གལ་ཆེ་བ་ནི་རོགས་རམ་དང་སྣེ་ཁྲིད། མཛུབ་སྟོན་བཅས་རེད། ང་ཚོའི་རོགས་རམ་དང་མཛུབ་སྟོན་འོག་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པ་མཐོང་བས་ང་ཚོའི་དབུལ་སྐྱོར་བྱ་བར་སྔར་ལས་སྟོབས་ཤུགས་ཡོད”ཅེས་བཤད་བྱུང་།

2018ལོའི་ཟླ4པར། ཐེམ་ཆེན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀུན་གསལ་སྒྲོལ་མ་མེ་རི་གྲོང་རྡལ་མེ་རི་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོར་མངགས། ཁོ་མོས་བུད་མེད་ཅིག་གཞི་རིམ་དུ་སོང་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་བར་སེམས་ཁུར་ཆེའང་སྙམ་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་མོའི་བློ་སྒོ་ཆེས་ཆེར་ཕྱེས་པ་དང་། མོས་འགན་འཁྲི་དེ་ཡིད་ལ་དམ་པོར་བཅངས་ནས་མེ་རི་སྡེ་བར་སོང་། ཁོ་མོས་ཟླ་ངོ་བཅུའི་རིང་གི་ཉིན200ལྷག་ལ་སྡེ་བ་དེར་བསྡད་དེ་སྡེ་མི་དང་མཉམ་ཟ་མཉམ་འདུག་བྱས་པས་མང་ཚོགས་ཀྱི་ཁ་ན་ཁོ་མོ་ནི“བུད་མེད་ཞིབ་ཚགས་ཅན་དང་བྱམས་སེམས་ཅན་ཞིག་རེད”ཅེས་པའི་གཏམ་དེ་མེ་རི་སྡེ་བ་ནས་རིམ་བཞིན་ཐེམ་ཆེན་རྩྭ་ཐང་དུ་རླུང་ལྟར་ལྡང་།

དབུལ་སྐྱོར་བྱ་བའི་སྟེང་དུ་རང་གིས་རང་ལ་ནན་འཛིན་བྱེད་པ་ལས་ལྷོད་གཡེང་གཏན་ནས་བྱ་མི་རུང་། ཉིན200ཡི་རིང་ལ་སྡེ་བའི་ཁྱིམ་ཚང་སོ་སོར་སོང་ནས་ཐེངས252ལ་བརྟག་དཔྱད་བྱས་པ་དང་། ཐོག་མར་ཁྱིམ་ཚང་རེར་མི་གྲངས་ག་ཚོད་ཡོད་པ་དང་། ཁྱིམ་ཚང་རེའི་ཡོང་སྒོ་ག་འདྲ་ཡིན་པ། དབུལ་བོའི་ཆ་རྐྱེན་ག་འདྲ་ཡིན་པ་བཅས་གནད་དོན་རེ་རེ་བཞིན་ཞིབ་མོར་ཟིན་བྲིས་སུ་བཏབ་ནས་འབྲི་དེབ་གསུམ་ལོངས་པ་ལས་ཀྱང་ཁོ་མོ་ནི་ངེས་པ་དོན་གྱིས་ཧྲུའུ་ཅི་ཞིབ་ཚགས་ཅན་ཞིག་ཡིན་པ་ངང་གིས་རྟོགས་ཡོང་།

སྡེ་བར་སྡོད་པའི་སྐབས་སུ། ཁོ་མོས་དབུལ་ཐར་འགག་སྒྲོལ་བྱ་བའི་བླང་བྱ་གཟབ་ནན་གྱིས་བརྩི་སྲུང་བྱས་ཏེ། ནན་ཏན་སྒོས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕེན་གྱིས་དབུལ་ཐར་འགག་སྒྲོལ་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན།ཞིང་ཆེན་དང་ཁུལ་རྫོང་རིམ་པའི་བྱ་བ་སོ་སོའི་བཀོད་སྒྲིག་བཅས་ལ་སློབ་སྦྱོང་བཟང་པོ་བྱས་ཏེ་གཞི་རིམ་དུ་ལག་ལེན་མཐའ་འཁྱོལ་བྱས་པས་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས།

མེ་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་དཔོན་གྱིས་བཤད་པ་ནང་བཞིན། དབུལ་ཐར་འགག་སྒྲོལ་བྱ་བར་གྲུབ་འབྲས་བཟང་པོ་ཞིག་ཐོབ་དགོས་ན། ཀྲི་པུའུ་བཟང་པོ་ཞིག་ལ་འཕྲད་མིན་ནི་གནད་འགག་ཡིན་ཞེས་པའི་གཏམ་དེ་ཅི་འདྲའི་ཁ་གསལ་ཞིང་གོ་བདེ་བ་ཞིག་རེད། སྡེ་སྡོད་ཧྲུའུ་ཅིར་བསྡད་པའི་ཚུན་དུ། ཀུན་གསལ་སྒྲོལ་མས་སྡེ་བའི་ཏང་ཀྲི་པུའུ་ཡི་དཔུང་སྡེ་སྟོབས་ཤུགས་ཅན་དུ་བསྒྱུར་བ་དང་། སྡེ་བ་རིམ་པའི་སྒྲིག་ཁྲིམས་དང་དམངས་སྲོལ་ལེགས་བཅོས་གཏོང་བ་ལས་འགན་ལྗིད་མོ་དང་དམིགས་ཚད་མཐོན་པོར་བཟུང་ནས། དམ་པོར་འཛིན་པ་དང་། ཞིབ་མོར་འཛིན་པ། བཟང་པོར་འཛིན་པ་བཅས་ཀྱིས་སྡེ་བའི་ཏང་རྩ་འཛུགས་སྲ་བརྟན་དུ་བཏང་ནས་དབུལ་ཐར་བྱ་བར་ནུས་པ་བླ་ལྷག་བཏོན།

ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག མེ་རི་སྡེ་བས་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས་བྱ་ཐབས་སྣ་མང་བཀོད་སྒྲིག་བྱས་ཏེ།སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི17.5བསྐྲུན་པ་དང་།མ་དངུལ་སྒོར་ཁྲི5.2བཏོན་ནས་སྡེ་མི174ཡི་རྒན་གསོ་ཉེན་སྲུང་ཐད་བཀོལ་བ། མ་དངུལ་སྒོར་ཁྲི6.5ཙམ་བཏང་ནས་སྡེ་མི244ཡིསྨན་བཅོས་ཉེན་སྲུང་ཐད་བཀོལ་བས་རྒན་གསོ་ཉེན་སྲུང་དང་སྨན་བཅོས་ཉེན་སྲུང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

“སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་སོང་བས་སྡེ་བའི་ཐུན་མོང་ལ་ཡོང་སྒོ་ཡོད་པར་མ་ཟད། ད་དུང་ངེད་ཚང་ལ་རྒན་གསོ་ཉེན་སྲུང་དང་། སྨན་བཅོས་ཉེན་སྲུང་སྤྲད་པས་ང་ཚོར་སེམས་ཁྲལ་མེད”ཅེས་ནད་ཀྱིས་དབུལ་བོར་གྱུར་པའི་དབུལ་ཐར་ཁྱིམ་ཚང་སྟེ་ཁྱིམ་བདག་ལོ་བྷས་དེ་ལྟར་བཤད།

2018ལོའི་ཟླ9པ་ནི་ཐེམ་ཆེན་རྫོང་གི་དབུལ་ཕོངས་ཞྭ་མོ་ཕུད་པའི་ཟླ་བ་ཡིན་པས། ཇི་ལྟར་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་ཕྱིར་དབུལ་བོར་འགྱུར་དུ་མི་འཇུག་པར་བྱ་རྒྱུ་ནི་སྡེ་སྡོད་ཧྲུའུ་ཅི་ཀུན་གསལ་སྒྲོལ་མར་མཚོན་ན་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། ཀུན་གསལ་སྒྲོལ་མའི་སེམས་སུ་དབུལ་སྐྱོར་བྱེད་ན་ཐོག་མར་བསམ་བློར་རོགས་སྐྱོར་བྱེད་དགོས་པ་སེམས་ལ་བཅངས་ནས། “གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ”ཞེས་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རབ་དང་རིམ་པར་སྤེལ་ནས། ད་ལྟའི་གནས་བབ་ལ་ཡིད་ཚིམས་ནས་སྡོད་པ་དང“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་བ་བཏང་ནས་དབུལ་ཐར་འགག་སྒྲོལ་འཐབ་འཛིང་ལས་རྒྱལ་ཁ་ཐོབ་པར་ཡིད་ཆེས་ཡོད་པར་བཏང་།

“ཁ་བ་བུ་ཡུག་ཁྲོད་དུ་འདུག་བཟོད་མེད་པར་ང་ཚོར་བལྟ་རུ་ཡོང་བ་བཀའ་དྲིན་ཆེ། ཁྱེད་ཀྱི་རྒྱབ་སྐྱོར་དང་མཛུབ་སྟོན་འོག་ངེད་ཚང་གིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཐུབ་པ་བྱུང་བར་དགའ་སྤྲོ་སྐྱེས་ཡོད”ཀུན་གསལ་སྒྲོལ་མའི་སྣེ་ཁྲིད་འོག ཡར་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་སྟེ་ད་ལྟའི་དབུལ་ཐར་ཁྱིམ་ཚང་ཚེ་རིང་སྐྱིད་ཀྱིས་ཚོང་ཁང་ཞིག་གཉེར་ནས་དེང་སྐབས་ཟླ་རེར་སྒོར600ཡི་ཡོང་སྒོ་ལེན་གྱིན་ཡོད།

ཐེམ་ཆེན་རྫོང་ནི་དབུལ་ཕོངས་ཞྭ་མོ་ཕུད་པའི་རྫོང་ཞིག་ཡིན་པའི་ཆ་ནས། གསར་འགོད་པས་མེ་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་དཔོན་ལ་འབྲེལ་ཡོད་གནས་ཚུལ་སྐོར་ནས་ཁ་བརྡ་བྱེད་དུས།“ད་ལྟ་ང་ཚོ་རོང་འབྲོག་མང་ཚོགས་དབུལ་བོའི་རྣམ་པ་ལས་ཐར་ནས། འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོས་ནམ་ཡང་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་གིན་ཡོད། ཧྲུའུ་ཅི་དང་པོའི་བཀའ་དྲིན་ཡང་བརྗེད་མི་སྲིད། ང་ཚོས་ཏང་དང་སྲིད་གཞུང་གི་རོགས་སྐྱོར་སྒུག་རྟེན་སློང་གསུམ་བྱེད་པའི་བསམ་བློ་རྙིང་བར་འགྱུར་བ་གཏོང་དགོས། དེང་སྐབས་སྲིད་ཇུས་བཟང་པོར་འཕྲད་ཡོད་པས་ཏང་གི་ཡང་དག་པའི་སྣེ་ཁྲིད་འོག རང་གིས་རང་ཉིད་སྟོབས་ལྡན་དུ་བསྒྱུར་ནས་ཕ་ཡུལ་དང་མང་ཚོགས་ལ་བྱས་རྗེས་འཇོག་པ་ལས། ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང”ཞེས་འཚོ་བར་སྤྲོ་སྣང་དང་མ་འོངས་པར་ཡིད་ཆེས་ཡོད་པའི་སྒོ་ནས་དེ་ལྟར་གླེང་སོང་།

2019ལོར། མེ་རི་སྡེ་བར་གློག་འཕྲིན་གྱི་ཞབས་ཞུའི་ཁེབས་ཚད་རྒྱ་བསྐྱེད་དེ། མི་འགྱངས་པར“འཕྲིན་སྦྲེལ་དྲ་བ+”བྱེད་སྟངས་སྤྱད་ནས། ལུག་ཤ་དང་སྐམས་ཤ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་བཅས་དྲ་བ་བརྒྱུད་ནས་དྲིལ་སྒྲོག་དང་། ཁྱབ་གདལ། ཕྱིར་འཚོང་བཅས་བྱ་རྒྱུ་ཡིན་པས། ཧྲུའུ་ཅི་ཀུན་གསལ་སྒྲོལ་མར་ཡང་རོང་འབྲོག་མང་ཚོགས་ཀྱིས་དུས་རབས་གསར་པའི་ནང་སྔར་ལས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་འདུག །

རྩོམ་སྒྲིག་པ། གཡང་འབུམ་རྒྱལ།