ཧྲུའུ་ཅི་རྒན་པ་ཞིག་གི་མི་ཚེའི་འགྲུལ་བཞུད།
2019.06.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

སྙན་སྒྲོན་པ།  ཉན་མཁན་རྣམ་པ། ཐེངས་འདིའི“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི།”ཞེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་མཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ཧྲུའུ་ཅི་རྒན་པ་ཞིག་གི་མི་ཚེའི་འགྲུལ་བཞུད་ཅེས་པར་གསན་རོགས་གནོངས།

སྙན་སྒྲོན་པ།  རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་མི་བུ་རེ་རེས་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱེད་པར་རག་ལས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་རིང་ལ་ཀྲུང་ཧྭའི་བུ་བུ་མོ་མང་པོས་རང་སོ་སོའི་ལས་རྐང་དུ་འབད་འབུངས་བྱས་ཤིང་། རྒྱལ་ཁབ་ལ་དྲིན་གཟོ་བའི་ན་གཞོན་རྒྱལ་གཅེས་པ་དང་། དངོས་སྒྲུབ་མི་སྣ། བྱས་རྗེས་ཡོད་པའི་དཔེ་ལེགས་ཅན་གྱི་མི་སྣ་སྐོར་དང་སྐོར་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཧྲུའུ་ཅི་རྒན་པ་སྟག་རྩེ་རྒྱལ་ཡང་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན་ཏེ།  སྟག་རྩེ་རྒྱལ་ནི་1968ལོའི་ཟླ་བ་དང་པོར་གཟི་བརྗིད་ལྡན་པའི་ངང་མི་དམངས་བཅིངས་འགྲོལ་དམག་ཏུ་ཞུགས་ལ།1994ལོར་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་མགོ་ལོག་ཡན་ལག་དམག་ཁུལ་དུ་འཐབ་མོ་བ་བྱས། རིམ་བཞིན་དུ་དམག་ཁུལ་གྱི་འཛིན་དཔོན་དང་། རུ་གཙོ། ལྟ་ཞིབ་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་མྱོང་ཞིང་། 1995ལོར་དམག་ཁོངས་ནས་ངལ་གསོ་བྱས་རྗེས་སུ་ཕྱིར་རང་གི་ཕ་ཡུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བར་ཡོང་། སྐབས་དེར་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བར་མཚོན་ན་སྡེ་བའི་སྤྱིའི་རྣམ་པའི་ཆ་ལ་ད་དུང་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་ཞིག་བྱུང་མེད་པ་རེད།  ཏག་ཏག་སྐབས་དེར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པའང་ན་ཚས་དབང་གིས་ཚེ་ལས་འདས་པས་བད་ཁོ་སྡེ་བར་བདག་སྐྱོང་བྱེད་མཁས་ཤིང་ཏང་གི་སྲིད་ཇུས་ལ་རྒྱུས་མངའ་བ་ཞིག་མེད་པའི་གནས་སུ་ལྷུང་ཡོད།    ཚང་མས་སྟག་རྩེ་རྒྱལ་ལས་འཁྱུར་ངལ་གསོ་བྱས་ནས་ཕྱིར་ཕ་ཡུལ་དུ་ཐོན་ཡོད་པའི་གནས་ཚུལ་དེ་ཐོས་རྗེས།  སྡེ་བའི་མང་ཚོགས་དང་ས་གནས་ཀྱི་ཏང་ཡོན་རྒན་པ།  གོང་རིམ་ཏང་རྩ་འཛུགས་བཅས་ཀྱིས་སྟག་རྩེ་རྒྱལ་གྱིས་བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་སྡེ་བའི་མང་ཚོགས་ལ་སྣེ་ཁྲིད་བྱེད་དགོས་པའི་ཁ་ཏ་སློབ་གསོ་དང་རེ་འདུན་ཆེན་པོ་ཞུ་བར་བརྟེན། ཁོས་ཀྱང་ཡུལ་མི་ཚོའི་ཡིད་ཆེས་དང་རེ་བ་གཏོང་ཟད་དུ་མ་བཏང་བར། སྡེ་བའི་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཆེད་དུ་བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་རང་གི་ཕྲག་ཏུ་བླངས།
སྟག་རྩེ་རྒྱལ་གྱི་སྐད་ཆ།རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་ཡོད་ལ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་འགོར་ཡོད། ང་རང་ཉིད་ཀྱང་ལོ་ན་བདུན་ཅུ་ཡིན།རང་གིས་ཧྲུའུ་ཅིའི་འགན་ཁུར་བའི་རིང་ལ།ཐོག་དང་པོར་ཏང་གི་རྩ་འཛུགས་འཐུས་ཚང་དུ་བཏང་བ་ཡིན། གཉིས་པར་འཛུགས་བསྐྲུན་ཐད་ལ་ཤུགས་བསྣན་ནས་སྡེ་བའི་ཆུ་གློག་ལམ་གསུམ་བཅས་ཀྱི་ཐད་ལ་གོང་རིམ་དུ་རྣམ་གྲངས་ལ་སོགས་པ་ཡར་ཞུ་མང་པོ་བྱས། གསུམ་པར་ཁེ་ལས་ཀྱི་ཕྱོགས་ལ་ཤུགས་བསྣན་ནས་སོ་ཕག་བཟོ་གྲྭ་ཞིག་འཛུགས་པར་འཆར་གཞི་འཐེན་པ་ཡིན། ང་ཚོས་རང་སྡེ་བའི་སོ་ཕག་གི་རྒྱུ་ཆ་སྟེ་ས་དམར་ཁྱེར་ནས་ཁྲི་ཀ་རྫོང་གི་སོ་ཕག་བཟོ་གྲྭ་ཞིག་ཏུ་ཕྱིན། ཆེད་མཁས་པས་བརྟག་དཔྱད་བྱས་པ་ལྟར་ན་འདི་ནི་སོ་ཕག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་རེད་ཅེས་བཤད། དེའི་རྗེས་ང་ཚོས་ཆེད་ལས་ལག་རྩལ་པ་དང་དཔལ་འབྱོར་འཚོལ་བར་འབད་བརྩོན་བྱས།དཔལ་འབྱོར་གྱི་ཕྱོགས་ནས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་དགོས་པས། ཕྱོགས་ཡར་མར་དུ་རྣམ་གྲངས་སོགས་བསླང་བ་དང་། དེ་ལས་གཞན་མང་ཚོགས་ཀྱི་ལག་ནས་སྒོར་ཁྲི་ལྔ་ལྷག་བསྡུས། ང་རང་སྟེང་ནས་ཀྱང་མ་དངུལ་སྒོར་ཁྲི་བཅོ་ལྔ་ལྷག་སོ་ཕག་བཟོ་གྲྭར་བྱིན། དེ་རྗེས་བཟོ་གྲྭ་ལེགས་འགྲུབ་བྱུང་ནས་ལོ་བཅུ་ལྷག་གི་རིང་ལ་གཉེར་ཞིང་། ས་གནས་མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མཐོར་སོང་། དེར་བསྟུན་སྡེ་བའི་ས་ཁང་ཡང་སོ་ཕག་གི་ཁང་བར་བསྒྱུར་ཐུབ་སོང་ལ་སྡེ་བའི་ཁོར་ཡུག་ཀྱང་ཇེ་གཙང་དང་ཇེ་ལེགས་སུ་བྱིན། སྡེ་བའི་ནང་གི་ངལ་རྩོལ་པའང་ཇེ་མང་དུ་སོང་། ཐོག་མར་མང་ཚོགས་ལ་སྒོར་ཁྲི་གཉིས་དང་། དེ་ནས་ཁྲི་བཅུ་སོགས་བགོ་བྱ་བརྒྱབ། འདི་ནི་རང་ཉིད་ཧྲུའུ་ཅི་ཡིན་པའི་སྐབས་ཀྱི་ལས་ཀ་དང་པོ་དེ་ཡིན།

གསར་འགོད་པས་ཐུན་ཏེ་རྫོང་བད་ཁོ་སྡེ་བའི་ཧྲུའུ་ཅི་རྒན་པ་སྟག་རྩེ་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 

སྙན་སྒྲོན་པ།  སྟག་རྩེ་རྒྱལ་གྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་སྐབས་དེ་ནི་ལོ་རབས་དགུ་བཅུ་བའི་སྐབས་ཤིག་ཡིན་པ་དང་། རྩྭ་ས་ནི་ཕྱུགས་ལས་གཉེར་བའི་འབྲོག་པ་མང་ཚོགས་ལ་མཚོན་ན་འཚོ་བའི་རྟེན་གཞི་གཙོ་བོར་གྱུར་ཡོད་པས་འབྲོག་ཁུལ་གྱི་ས་གནས་སྐོར་ཞིག་ཏུ་རྩ་ས་རྩོད་གླེང་གི་འགལ་བ་སྣ་ཚོགས་ཤིག་ཀྱང་རྒྱུན་དུ་འབྱུང་བཞིན་ཡོད་ཅིང་།   འགལ་བའི་རྩོད་གླེང་དེ་དག་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་སུ་འགྲོ་མི་ཐུབ་པའི་བཀག་རྐྱེན་ཆེན་པོ་ཞིག་དང་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་གེགས་རྐྱེན་གཙོ་བོར་གྱུར། སྟག་རྩེ་རྒྱལ་གྱིས་ཐབས་བརྒྱ་ཇུས་སྟོང་གིས་འགལ་བ་འདུམ་འགྲིག་བྱས་ནས་རྩོད་གླེང་དེ་དག་རིམ་བཞིན་ཞི་འཇགས་སུ་གཏོང་བའི་ཐད་ལ་འབད་པ་ལྷུར་ལེན་བྱས། ཧྲུའུ་ཅི་རྒན་པ་སྟག་རྩེ་རྒྱལ་ལྟ་བུའི་གཞི་རིམ་གྱི་ལས་བྱེད་པ་འདི་དག་གིས་དུས་དང་རྣམ་པ་ཀུན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་མཐའ་དག་སྡེ་མི་རྣམས་ལ་དྲིལ་བསྒྲགས་བྱས་པའི་རྐྱེན་གྱིས་ད་ནི་སྡེ་བའི་མང་ཚོགས་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡང་དག་པར་ངེས་ཡོད་པ་རེད། 
སྟག་རྩེ་རྒྱལ་གྱི་སྐད་ཆ།  སྐབས་དེར་རྩྭ་ས་རྩོད་གླེང་ཡང་ཧ་ཅང་མང་བའི་སྐབས་ཤིག་ཡིན་པས་བདེ་འཇགས་ཀྱང་མ་རེད། སྐབས་དེར་སྡེ་བ་སོ་སོར་ཁ་ཏ་སློབ་གསོ་བཏང་ཞིང་གོང་རིམ་དུའང་ཡར་ཞུ་བྱས་ནས་རྩྭ་ས་རྩོད་གླེང་དེའང་མེད་པར་བཏང་། ང་རང་ཉིད་ཡིན་ན་ཏང་དང་རྒྱལ་ཁབ་ཀྱི་ལོ་ཉེར་དགུ་ལྷག་གི་རིང་ལ་སྐྱེད་སྲིང་བྱས་པའི་གུང་ཁྲན་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས་ས་གནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་མང་ཚོགས་ལ་སྣེ་ཁྲིད་ནས་བདེ་སྐྱིད་ཀྱི་འཚོ་བར་བསྐྱོད་པའི་འོས་འགན་ཡོད།སྡེ་བའི་དཀའ་ཁག་ཡོད་ཚད་གོང་རིམ་ལ་ཡར་ཞུ་བྱས་མཐར། ད་སྐབས་ཡིན་ན་སྡེ་བའི་རྣམ་པ་ཡོངས་སུ་བདེ་འཇགས་སུ་སོང་འདུག་ལ། སྡེ་བའི་མང་ཚོགས་རྣམས་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་ཡོད།


                    བད་ཁོ་སྡེ་བའི་ཧྲུའུ་ཅི་རྒན་པ་སྟག་རྩེ་རྒྱལ་གྱི་གཟི་བརྗིད་གཟེངས་སྟེགས། 

སྙན་སྒྲོན་པ།
 སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟག་རྩེ་རྒྱལ་གྱི་སྣེ་ཁྲིད་འོག་བད་ཁོ་སྡེ་བའི་སྡེ་མི་རྣམས་ཀྱིས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་སྔོགས་འདོན་བྱེད་མགོ་བརྩམས་པ་དང་།   སྟག་རྩེ་རྒྱལ་དང་སྡེ་བའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཞིང་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས་སྡེ་བས་རང་སྟོབས་རང་སྤེལ་བྱེད་པའི་ཐད་ལ་བརྩོན་པ་བླ་ལྷག་བསྐྱེད།

སྟག་རྩེ་རྒྱལ་གྱི་སྐད་ཆ།  དེ་ལས་གཞན་འཛུགས་བསྐྲུན་གྱི་ཐད་ནས་སྡེ་བའི་ནང་དུ་སློབ་གྲྭ་བཙུགས་ནས་མཐོ་རིམ་སློབ་མ་དང་ཞིབ་འཇུག་སློབ་མ་སོགས་ཉེར་གསུམ་ལྷག་སྐྱེད་སྲིང་བྱས། ཉིས་སྟོང་བཞིའི་ལོར་སྡེ་བའི་ནང་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞིག་བཙུགས། དེའི་སྐབས་སུ་མང་ཚོགས་ཀྱི་གོ་རྟོགས་དམའ་བས་ནང་དུ་ཞུགས་མཁན་མེད་པ་རེད།ཡིན་ནའང་ཁྱིམ་ཚང་ཉི་ཤུ་ལྷག་མཉམ་ལས་ཁང་ནང་དུ་ཞུགས་ནས་རྩྭ་ས་དང་ཕྱུགས་ཟོག་མཉམ་ལས་ཁང་དུ་བཞག  རིམ་བཞིན་ང་ཚོས་འོ་མ་བཟོ་གྲྭ་ཞིག་བཙུགས་ནས་འོ་མ་དང་ཞོ་སོགས་ཐོན་སྐྱེད་བྱས་ལ། གོང་རིམ་གྱིས་ཀྱང་མ་དངུལ་སྒོར་ཁྲི་སུམ་བརྒྱ་ལྷག་བྱིན་ནས་ལོ་བཞིའི་རིང་ལ་གཉེར། བྱིས་སྐྱོང་ཁང་དང་སློབ་ཆུང་། སློབ་འབྲིང་སོགས་ལ་རྒྱལ་ཁབ་ཀྱི་བཅུད་ལྡན་ཟས་རིགས་སྟེར་བའི་རྣམ་གྲངས་ཤིག་ཡོད་པས་ང་ཚོའི་བཟོ་གྲྭའི་ཐོན་རྫས་དེའི་གྲས་སུ་ཚུལ་པ་རེད།འདིས་མཉམ་ལས་ཁང་གི་ཡོང་འབབ་ཇེ་མཐོར་བཏང་།

སྙན་སྒྲོན་པ། སྟག་རྩེ་རྒྱལ་གྱིས་རང་ཉིད་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་མི་ལོ་དུ་མའི་རིང་དུ། ཏང་གི་ཡང་དག་པའི་སྲིད་ཇུས་བཟང་བོའི་གོ་སྐབས་དམ་འཛིན་བྱས་ནས་རང་གི་ཕ་ཡུལ་མི་དམངས་ཀྱི་འཚོ་བ་འཕེལ་རྒྱས་གཏོང་བའི་ཐད་ལ་ངལ་བ་ལྷུར་ལེན་བྱས་པས། ཁོ་ལ་ཕ་ཡུལ་མི་དམངས་ཀྱི་བརྩི་མཐོང་དང་གོང་བཀུར་ཐོབ་པར་མ་ཟད། གོང་རིམ་སྲིད་གཞུང་གིས་ཀྱང་ཁོའི་བྱས་རྗེས་ལ་གདེང་འཇོག་མཐོན་པོ་གནང་། སྟག་རྩེ་རྒྱལ་གྱི་སྐད་ཆ། གོང་རིམ་འགོ་ཁྲིད་དང་ཏང་དང་སྲིད་གཞུང་། ས་གནས་མི་དམངས་མང་ཚོགས་བཅས་ཀྱིས་ང་རང་ཉིད་ཀྱི་འབད་བརྩོན་ལས་ཐོབ་པའི་གྲུབ་འབྲས་འདི་དག་མ་བརྗེད་པར་རང་ཉིད་དཔེ་བཟང་ཅན་དུ་བདམས།ལྷག་པར་དུཉིས་སྟོང་བདུན་ལོར་ཐེངས་བཅུ་བདུན་པའི་རྒྱལ་ཡོངས་ཀྱི་འཐུས་མིར་བདམས།ང་རང་ཉིད་ཀྱི་བསམ་ན་འདི་ནི་ཆབ་སྲིད་ཀྱི་སྟེང་གི་ཆེས་གཟི་བརྗིད་ལྡན་པ་ཞིག་རེད།ཉིས་སྟོང་དགུའི་ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཀྱི་མི་སྒེར་གྱི་གཟེངས་སྟེགས་ཐོབ།ཉིས་སྟོང་བདུན་ལོར་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཀྱི་མི་སྣས་མཚན་སྙན་གནང་། དམག་མིའི་དཔེ་ལེགས་ཅན། རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོའི་དཔེ་ལེགས་ཅན་བཅས་སུ་བདམས་ནས་ཀྲུང་དབྱང་འགོ་ཁྲིད་དང་མཉམ་དུ་པར་བརྒྱབ་ནས་དྲན་རྟེན་དུ་བཞག འདི་དག་ནི་ཏང་དང་རྒྱལ་ཁབ། མི་དམངས་མང་ཚོགས་ཀྱི་བཀའ་དྲིན་ཡིན། རང་ཉིད་ཀྱི་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་གོང་རིམ་འགོ་ཁྲིད་དང་མང་ཚོགས་ཀྱི་ཁས་ལེན་བྱས་པ་འདི་ནི་ང་རང་ཉིད་ཀྱི་མི་ཚེ་གང་བོའི་གཟི་བརྗིད་དང་གྲུབ་འབྲས་ཤིག་རེད་སྙམ།

བད་ཁོ་སྡེ་བའི་ཧྲུའུ་ཅི་རྒན་པ་སྟག་རྩེ་རྒྱལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་ལེགས་མི་སྣར་གདམས་པའི་
གཟི་བརྗིད་གཟེངས་སྟེགས། 
སྙན་སྒྲོན་པ།  བཅར་འདྲི་མཇུག་རྫོགས་སྐབས་སྟག་རྩེ་རྒྱལ་གྱིས་གསར་འགོད་པར། 

སྟག་རྩེ་རྒྱལ་གྱི་སྐད་ཆ། མ་འོངས་པ་ནའང་རང་ཉིད་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས་མུ་མཐུད་དུ་ཏང་གི་སྲིད་ཇུས་བཟང་བོ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ། མང་ཚོགས་དབུལ་བོ་ལས་ཐར་བར་བྱེད་པ་སོགས་ཀྱི་ཐད་དུ། མང་ཚོགས་ལ་དྲིལ་བསྒྲགས་དང་ཁ་ཕྱོགས་གསལ་བོ་ཞིག་སྟོན་པ། སློབ་གསོ་གཏོང་བ་སོགས་ཀྱི་ངོས་ཐད་ནས་འབད་པ་བྱ་རྒྱུ་ཡིན།


སྙན་སྒྲོན་པ།  ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བདུན་བཅུ་འགོར་བའི་རིང་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་བཅུ་འགོར་བའི་རིང་ལ་ཏང་གི་སྲིད་ཇུས་བཟང་བོའི་གོ་སྐབས་འོག  བད་ཁོ་སྡེ་བ་ཕྱོགས་ཡོངས་ནས་དབུལ་ཐར་བྱུང་ཞིང་།  སྡེ་བའི་རྨང་གཞི་འཛུགས་སྐྲུན་དང་སྡེ་མིའི་འཚོ་བ་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་སྟེ། བད་ཁོ་སྡེ་བའི་སྡེ་མི་རྣམས་བདེ་སྡོད་ལས་བརྩོན་གྱི་སྒོ་ནས། མཉམ་དུ་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་འདུག  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟག་རྩེ་རྒྱལ་གྱི་དམངས་ཕན་གྱི་བསམ་བློ་དང་ཀུན་སྤྱོད་འདི་ལས་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་མཚོན་ཡོད་ལ། སྤྱི་ཚོགས་ཡོངས་སུ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་གཅེས་ཀྱི་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད།

སྙན་སྒྲོན་པ། ཉན་མཁན་རྣམ་པ།  གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་མཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་ཏེ། ཁ་ཡིག་ལ་ཧྲུའུ་ཅི་རྒན་པ་ཞིག་གི་མི་ཚེའི་འགྲུལ་བཞུད་ཅེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

                                               
                                               གསར་འགོད་པ། སྐར་མ་མཚོ། གཡང་འབུམ་རྒྱལ། 

                                                     རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 
                                                                ལྟ་སྐུལ་བ། ལྷ་བརྟན་།
                                                                 སྤྱིའི་ལྟ་སྐུལ་བ། རྣ་བྷ།