དབུལ་སྐྱོར་ལས་བྱེད་པ་བཀྲ་ཤིས་རྒྱལ་གྱི་ཉིན་གཅིག
2019.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་དབུལ་ཕོངས་དབུལ་ནག་ས་ཁུལ་ཡང་ཡིན། དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ཕྱོགས་ཡོངས་ནས་མགོ་བརྩམས་པ་ནས་བཟུང་། རྫོང་དེའི་དབུལ་སྐྱོར་ལས་བྱེད་པ་བརྒྱ་དང་གསུམ་གྱིས་དབུལ་སྐྱོར་གྱི་ལས་ཡུལ་དང་པོ་རུ་འབད་འཐབ་བྱས་ཤིང་། སྡེ་བའི་ནང་གི་དབུལ་ཕོངས་འབྲོག་པ་རྣམས་དང་མཉམ་འདུག་མཉམ་ཟ་མཉམ་སྒྲུབ་བཅས་བྱས་ཏེ། དབུལ་ཕོངས་འབྲོག་པ་རྣམས་ཀྱི་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

ཉེ་ལམ། གསར་འགོད་པ་རྩེ་ཁོག་རྫོང་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའུ་ཡི་དབུལ་སྐྱོར་ལས་བྱེད་པ་བཀྲ་ཤིས་རྒྱལ་དང་འགྲོགས་ཏེ། ཡུལ་དངོས་ནས་ཁོ་ཚོའི་ཉིན་གཅིག་གི་བྱ་བར་ཉམས་སུ་མྱངས།

བཀྲ་ཤིས་རྒྱལ་ནངས་སྔ་མོ་ནས་མལ་ལས་ལངས་པ་དང་། ལྭ་བ་མཐུག་པོ་ཞིག་གྱོན་རྗེས་གཞུང་ལས་ཁང་དུ་སླེབས། དེའི་རྗེས་ཡིག་ཆའི་རྒྱུ་ཆ་འགའ་བདམས་ཏེ། ཉིན་དེའི་དབུལ་སྐྱོར་ལས་ཀར་གྲ་སྒྲིག་གང་ལེགས་བྱེད་བཞིན་འདུག

དེ་རིང་། ཁོ་རང་ཧོར་གྲོང་རྡལ་དང་བོན་བརྒྱ་ཞང་། ཉིན་ཕྱུག་ཞང་། གཞན་འབའ་ཐང་འབྲོག་སའི་གནས་སྤོར་བྱ་ཡུལ་དུ་སོང་སྟེ། ལས་གཞིའི་སྐུལ་འདེད་གནས་ཚུལ་སྐོར་ལ་ཡུལ་དངོས་ནས་ཞིབ་བཤེར་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས།

2016ལོ་ནས་བཟུང་། རྩེ་ཁོག་རྫོང་གིས“ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་དབུལ་སྐྱོར་གནས་སྤོར་ལས་གཞི་ཕྱོགས་ཡོངས་ནས་མགོ་བརྩམས་ལ། དེ་ནི་སྲིད་ཇུས་རང་བཞིན་དང་སྤྱི་ཚོགས་རང་བཞིན། མ་ལག་རང་བཞིན། ཆེད་ལས་རང་བཞིན་བཅས་ཆེས་མཐོ་བའི་བྱ་བ་ཞིག་ཡིན་པ་དང་། དབུལ་ཐར་འགག་སྒྲོལ་གྱི“བཟོ་འགོད་ཨང་དང་པོ”དང་མཚོན་བྱེད་རང་བཞིན་གྱི་བཟོ་འགོད་ཀྱང་ཡིན།

ལོ་གཉིས་ལྷག་གི་རིང་ལ། རྩེ་ཁོག་རྫོང་གིས་ཞིང་ཆེན་ཡོངས་ཀྱི་གནས་སྤོར་མི་འབོར་ལས་བཅུ་ཆའི་གཅིག་ཟིན་ཡོད་པའི་དཀའ་ཁག་གི་ལས་འགན་ཡོངས་སུ་གྲུབ་ཅིང་། བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་སྟོང་བཞི་སུམ་བརྒྱ་གོ་བཞི་ཡི་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་བརྒྱད་བརྒྱ་སོ་གཉིས་བཀོད་སྒྲིག་བྱས་ལ། ལས་གཞིར་བསྡོམས་པས་སྒོར་དུང་ཕྱུར་དགུ་དང་བྱེ་བ་དྲུག་བཏང་བས། རྩ་བའི་སྟེང་རྒྱང་རིང་ལུང་ཁུག་གི་འབྲོག་སའི་དབུལ་ཕོངས་མང་ཚོགས་ལ“སྡོད་ཁང་མེད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། སྨན་པར་སྟོན་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། འཐུང་ཆུ་དཀོན་པ”བཅས་ཀྱི་དཀའ་གནད་ལྔ་ཐག་བཅད།

བཀྲ་ཤིས་རྒྱལ་གྱི་རྐང་རྗེས་རྫོང་ཡོངས་ཀྱི་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱེད་གནས་སོ་བརྒྱད་ཀྱི་བཟོ་འགོད་ལས་ཡུལ་དང་པོ་རུ་བཞག་ཡོད་ལ། ནངས་སྔ་མོའི་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་སྟེང་། བཀྲ་ཤིས་རྒྱལ་གྱི་གཞུང་ལས་ཁང་དུ་སླེབས་པ་ན། གློག་ཀླད་ཀྱི་ཁ་ཕྱེས་ཡོད་ལ། གློག་ཀླད་ཀྱི་བརྙན་ཤེལ་སྟེང་འཆར་ཡོད་པ་ནི་ཁ་སང་གྲོང་གསེབ་ཏུ་སོང་སྟེ་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཞིབ་ཐོ་རེད། ཁ་སང་། ཁོས་ནམ་ལངས་ཁའི་དུས་ཚོད་གཅིག་བར་དུ་ལས་སྣོན་བྱས་པ་རེད།

སྐབས་དེར། ཁོས་ལག་ཏུ་ཀེའུ་ཚོད་ཤོག་ཐུམ་གང་བཟུང་སྟེ་གོ་རེ་ཅོང་རྡོག་ལ་སོ་འདེབས་བཞིན་འདུག ང་ཚོ་ནང་དུ་སླེབས་པ་མཐོང་བ་ན། ཁོས་མངོན་ཆུང་གི་ཚུལ་གྱིས་བཤད་རྒྱུར། “དབུལ་སྐྱོར་ལས་བྱེད་པ་ཞིག་བྱས་པ་ནས་བཟུང་། གཅིག་ནས་ཟ་མ་མགྱོགས་པོར་ཟ་དགོས། རྒྱུ་མཚན་དུས་ཚོད་ཀྱི་བྲེལ་བ་ཧ་ཅང་ཆེ། གཉིས་ནས་ཟ་མ་རྒྱགས་ཚད་ཅིག་ཟ་དགོས། རྒྱུ་མཚན་ནམ་རྒྱུན་དུས་ནམ་ཞིག་ལ་ཟ་མ་ཟ་ཐུབ་པ་མི་ཤེས།”

དུས་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་བཀྲ་ཤིས་རྒྱལ་གྱི་ཁ་པར་གྲགས་བྱུང་། ཁོས་ཁ་པར་བཏང་ཚར་རྗེས། ང་ཚོས་ཁོའི་ཁ་པར་གཏོང་ལེན་གྱི་ཟིན་ཐོར་བལྟས་པ་ན། ཉིན་དེའི་ཁ་པར་འབྱོར་ཐེངས་ཐོག་མ་ནི་ཁོ་ལ་ནངས་མོའི་དུས་ཚོད་དྲུག་དང་སྐར་མ་སོ་ལྔའི་སྟེང་འབྱོར་བ་རེད་ལ། ད་རག་བར་དུ་ཁ་པར་ཐེངས་སུམ་ཅུ་གཏོང་ལེན་བྱས་འདུག

“ནངས་མོ་ནས་ད་རག་བར་གྱི་བྱ་བའི་རྣམ་པ་འདི་འདྲ་ཞིག་རེད། ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོར་མཐུན་སྦྱོར་བྱེད་དགོས་པ་དང་། ཚང་མ་ངོ་ཐུག་མི་ཐུབ་པས། ཁ་པར་བེད་སྤྱོད་བྱས་ན་སྟབས་བདེ་རེད”ཅེས་བཀྲ་ཤིས་རྒྱལ་གྱིས་དེ་ལྟར་བཤད། “བྲེལ་བ་ཆེ་དུས་ཉིན་གཅིག་ལ་ཁ་པར་ལེན་ཐེངས་སུམ་བརྒྱ་ལྷག་ཡོད་ལ། ཆེས་མང་དུས་ཟླ་གཅིག་གི་ཁ་པར་གྱི་བཤད་རིན་ལ་སྒོར་ལྔ་བརྒྱ་ལྷག་བཀོལ་དགོས།”

དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ང་ཚོ་ཧོར་གྲོང་རྡལ་སྐྱིད་ལུང་སྡེ་བ་བཀོད་སྒྲིག་བྱེད་གནས་སུ་སླེབས།

འབྲོག་པ་ཚེ་རིང་དོན་འགྲུབ་ཚང་དུ་སླེབས་པ་ན་ཁོས་བཀྲ་ཤིས་རྒྱལ་ལ་ཉིན་འདི་འགར་གློག་ཆད་པའི་གནས་ཚུལ་བཤད་བྱུང་། བཀྲ་ཤིས་རྒྱལ་གྱིས་དེ་མ་ཐག་ཁ་པར་བླངས་ནས་ཆུ་བེད་སྡེ་ཁག་གི་འགན་འཁུར་མི་སྣར་ཁ་པར་བཏང་སྟེ། གནས་སྤོར་བྱས་པའི་ཁྱིམ་ཚང་རེ་འགར་རང་འབབ་ཆུ་མེད་པའི་གནད་དོན་སྙན་ཞུ་བྱས།

དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་སྟེང་དུ། གུང་ཟས་སྟབས་བདེ་ཞིག་ཟོས་རྗེས། ང་ཚོ་བཀྲ་ཤིས་རྒྱལ་དང་མཉམ་དུ་བོན་བརྒྱ་ཞང་གི་གནས་སྤོར་བྱ་ཡུལ་དུ་ཕྱིན།

མཉམ་དུ་འགྲོ་རོགས་ཏེ་བོན་བརྒྱ་ཞང་གི་དབུལ་སྐྱོར་ལས་མི་ཤ་བོ་ཀུན་ཐར་གྱིས་བཤད་རྒྱུར། “ང་ཚོའི་ཞང་གི་དབུལ་སྐྱོར་བྱ་བའི་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཞང་ཡོངས་ཀྱི་ཁྱིམ་ཚང་ཡོད་ཚད་དུ་སོང་ལ། དབུལ་ཕོངས་ཁྱིམ་ཚང་དུ་དེ་ལས་ཀྱང་ཐེངས་གང་མང་ལ་སོང་། འགྲོ་ཐེངས་རེར་ཁྱིམ་ཚང་རེ་རེར་འགྲོ་བཞིན་ཡོད་པ་དང་། ཕན་ཚུན་ཁ་གཏད་དུ་བསྡད་ནས་འབྲེལ་ཡོད་གནས་ཚུལ་ཐོ་འགོད་དང་ཞིབ་དཔྱད་བྱེད་བཞིན་ཡོད། ཚང་མས་ལས་སྣོན་བྱེད་བཞིན་ཡོད་ལ། ལྷག་པར་དུ་བྱ་བའི་ས་ཚིགས་ཀྱི་ལས་གྲོགས་འགས་སྐབས་རེར་སྡེ་བའི་ནང་ཟ་མ་ཟ་བ་དང་། ཐད་ཀར་སྡེ་བའི་ནང་དུ་བསྡད་ཡོད།”

འདི་ནི་བོན་བརྒྱ་ཞང་གི་གནད་ཁེལ་དབུལ་སྐྱོར་བྱ་བའི་ས་ཚིགས་ཀྱི་ལས་བྱེད་པའི་མཚོན་བྱེད་ཙམ་ཡིན་ཏེ། བྲེལ་བས་ཁེངས་པ་ནི་ཁོ་ཚོའི་བྱ་བའི་རྒྱུན་རྣམ་དུ་གྱུར་འདུག

དུས་ཚོད་བཞི་དང་སྐར་མ་བཞི་བཅུའི་སྟེང་། གནམ་གཤིས་ག་ལེར་ཇེ་འཁྱགས་སུ་གྱུར་ཏེ་ཆར་འབབ་ལ་ཉེ། ང་ཚོ་ཉིན་ཕྱུག་ཞང་དུ་ཆས།

རླངས་འཁོར་ནང་ནས་ཁ་བརྡ་བྱེད་སྐབས། ཉིན་ཕྱུག་ཞང་གི་དབུལ་སྐྱོར་ལས་མི་སྙིང་ལྕགས་རྒྱལ་གྱིས་ཁོ་ཚང་གི་དོན་དག་གླེང་བྱུང་། “བྱིས་པ་སྐྱེས་སྐབས། བྱ་བར་བྲེལ་བ་ཆེ་བའི་དབང་གིས་ཆུང་མར་འདུག་རོགས་བྱེད་མ་ཐུབ་ལ། བྱིས་པའང་མཐོང་མ་ཐུབ། ཆུང་མ་ནི་དགེ་རྒན་ཞིག་ཡིན་ཞིང་། ཁ་ནས་ངའི་བྱ་བར་ལས་བྲེལ་ཆེ་བ་རྟོགས་པས་བསམ་ཤེས་བྱེད་ཀྱང་། སེམས་སུ་ལེ་བདའ་བྱེད་བཞིན་ཡོད་ངེས། ད་ལྟའང་བྱིས་པར་ཆུང་མ་གཅིག་པུས་བདག་སྐྱོང་བྱེད་བཞིན་ཡོད་པ་ལས། ངས་གོ་ཅི་ཡང་ཆོད་ཀྱིན་མེད།” སྙིང་ལྕགས་རྒྱལ་དོན་དག་དེའི་ཐད་ལ་ངོ་གནོང་བཞིན་པ་གསལ་པོར་ཤེས་ཐུབ།

དུས་ཚོད་བརྒྱད་དང་སྐར་མ་ལྔ་ཡི་སྟེང་། ཉིན་གང་བོར་ཁོམ་པ་མ་བྱུང་བས་ཚང་མ་བཀྲེས་ལྟོགས་ཀྱིས་མནར་འདུག ཐུག་པ་ཚ་མོ་དཀར་ཡོལ་གང་ལག་ཏུ་བླངས་མ་ཐག བཀྲ་ཤིས་རྒྱལ་ལ་སྐད་འཕྲིན་ཞིག་འབྱོར་བྱུང་། དེ་ནི་རྫོང་དབུལ་སྐྱོར་འགག་སྒྲོལ་བཀོད་འདོམས་པུའུ་ཡི་བརྡ་སྦྱོར་ཞིག་ཡིན་ཏེ། དགོང་མོར་དབུལ་སྐྱོར་གནས་སྤོར་གྱི་གནད་དོན་དག་ཐེར་ཐད་ཀྱི་གྲོས་བསྡུར་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དེ་རེད།

དུས་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་། རྫོང་སྲིད་གཞུང་གི་གཞུང་ལས་ཐོག་ཁང་དུ་སྔར་བཞིན་གློག་འོད་གསལ་ཞིང་མི་ཚོགས་འདུས། ཚང་མ་རྫོང་སྲིད་གཞུང་གི་སུམ་ཐོག་ཚོགས་ཁང་དུ་འདུས་ཏེ། དབུལ་སྐྱོར་གནས་སྤོར་གྱི་གནད་དོན་དག་ཐེར་གྱི་གྲོས་བསྡུར་ཚོགས་འདུ་འཚོགས། ཚོགས་འདུ་གྲོལ་སྐབས། དགོང་མོའི་དུས་ཚོད་བཅུ་ལ་སླེབས་འདུག

སྐབས་དེར་ང་ཚོ་ཧ་ཅང་ཐང་ཆད་པས། བྲེལ་འཚུབ་ངང་བཀྲ་ཤིས་རྒྱལ་དང་བདེ་མོ་བཞག

ཉིན་གཉིས་པའི་ནངས་མོར། ངས་སྐད་འཕྲིན་གྱི་ཁ་ཕྱེས་བ་ན། བཀྲ་ཤིས་རྒྱལ་གྱིས་ནམ་གུང་དུས་ཚོད་གཅིག་གི་སྟེང་གྲོགས་ཚོམས་སུ་བསྐུར་བའི་པར་དང་ཡི་གེ་མཐོང་བྱུང་། པར་དེ་ནི་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཐོག་བརྩེགས་ཡིན་ཞིང་། དེ་དང་མཉམ་དུ་བསྐུར་བའི་ཡི་གེ་ནི “དོ་དགོང་གི་ཚོགས་འདུ་གྲོལ་སོང་། ཡིན་ཡང་ང་ཚོའི་ལས་སྣོན་བྱ་བ་ད་ལྟ་མགོ་བརྩམས་མ་ཐག་ཡིན”ཞེས་པ་དེ་རེད།

དུས་ད་ལྟའི་བར་དུ། རྩེ་ཁོག་རྫོང་གནད་ཁེལ་དབུལ་སྐྱོར་བྱ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་པ་ནི། བཀྲ་ཤིས་རྒྱལ་དང་སྙིང་ལྕགས་རྒྱལ་སོགས་དབུལ་སྐྱོར་ལས་བྱེད་པ་གང་མང་ཞིག་དང་ཁ་འབྲལ་ཐབས་མེད། ཁོ་ཚོ་ནི་འབྲོག་པ་མང་ཚོགས་ཀྱི་སྤྱི་ཞབས་པ་ཡིན་ཞིང་། དུས་ནམ་ཡང་འབྲོག་པ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་འདུག་མཉམ་སྒྲུབ་བྱེད་བཞིན་ཡོད། འདི་ལྟ་བུའི་མི་སྒུག་མི་རྟེན་པ་དང་ལས་སྒྲུབ་གསར་གཏོད་ཀྱི་སྙིང་སྟོབས་ཡོད་ཚེ། དབུལ་ཐར་གྱི་འཐབ་འཛིང་ལས་རྒྱལ་ཁ་ལེན་ཐུབ་པ་ཁོ་ཐག་རེད། 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།