མང་ཚོགས་ཀྱི་སེམས་ཁོང་དུ་གནས་པའི་ཧྲུའུ་ཅི་དང་པོ་རྟ་མགྲིན་རྒྱལ།
2019.07.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

2016ལོའི་ཟླ་དང་པོར། རྟ་མགྲིན་རྒྱལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོད་ཁ་གྲོང་རྡལ་ཉིན་ཆུ་སྡེ་བའི་ཧྲུའུ་ཅི་དང་པོར་གྱུར།

“སྡེ་སྡོད་དབུལ་སྐྱོར་དེ་དོན་གྱིས་ཅི་འདྲ་ཞིག་ཡིན་དགོས་པ་མི་ཤེས་པས། སྐབས་དེར་སེམས་སུ་དངོས་གནས་གདེང་ཚོད་མི་འདུག”ཐོག་མར་ཉིན་ཆུ་སྡེ་བར་ཡོང་སྐབས་ཀྱི་སེམས་ཁམས་ཅི་འདྲ་ཞིག་ཡིན་པ་རྟ་མགྲིན་རྒྱལ་གྱིས་ད་ལྟའང་གསལ་པོར་དྲན་བཞིན་འདུག ལས་འགན་འཁུར་མ་ཐག རྟ་མགྲིན་རྒྱལ་སྡེ་བ་ཧྲིལ་པོའི་ཁྱིམ་ཚང་བཞི་བརྒྱ་ང་དགུ་དང་སྡེ་མི་སྟོང་གཅིག་དང་བཞི་བརྒྱ་བཅུ་བདུན་པོར་ཆ་རྒྱུས་ཅི་ཡང་མེད། “རང་དང་སྡེ་མིའི་བར་གྱི་བར་ཐག་ཇི་ལྟར་སེལ་དགོས་སམ།”རྟ་མགྲིན་རྒྱལ་གྱིས་དེ་མ་ཐག་ཤོག་བུ་དང་སྨྱུ་གུ་བླངས་ནས། སྡེ་བའི་ཁྱིམ་ཚང་རེ་རེར་སོང་སྟེ“བསམ་ཚུལ་རྒྱུས་ལོན་བྱེད”མགོ་བརྩམས།

མི་གྲངས་དང་རྩྭ་ས། ས་ཞིང་། ཡོང་སྒོ། དཀའ་ཁག་སོགས་རེ་རེ་བཞིན་དྲིས་ཤིང་། རྟ་མགྲིན་རྒྱལ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་རྐང་རྗེས་སྡེ་བ་ཧྲིལ་པོའི་ཕྱི་ནང་གང་སར་ཁྱབ་ཡོད། སྡེ་དམངས་རྣམས་ཀྱི་སྡོད་གནས་ཁ་ཐོར་གྱི་ཚུལ་དུ་ཆགས་ཡོད་ཅིང་། སྐབས་རེར་ཁྱིམ་ཚང་གཉིས་བར་གྱི་བར་ཐག་ལའང་སྤྱི་ལེ་སུམ་ཅུ་ཙམ་ཡོད། ཡིན་ཡང་ནན་ནན་ཏིག་ཏིག་གིས་རྒྱུས་ལོན་བྱས་ན། ད་གཟོད་གསལ་གསལ་དག་དག་གིས་རོགས་སྐྱོར་བྱེད་ཐུབ་པས། གོམ་པ་རེ་རེ “བསམ་ཚུལ་རྒྱུས་ལོན་བྱེད་པའི་བརྟག་དཔྱད”ཁྲོད་སྤོས་པ་ན། རྟ་མགྲིན་རྒྱལ་གྱིས་སྡེ་དམངས་རྣམས་ཀྱི་དཀའ་ཁག་དངོས་གསལ་པོར་རྟོགས་པར་མ་ཟད། སྡེ་དམངས་རྣམས་ལ་འབྲེལ་འདྲིས་བྱེད་པའི“སེམས་ཀྱི་སྒོ་མོ”ཕྱེས།

སྡེ་བ་ཧྲིལ་པོའི་དབུལ་ཕོངས་ཁྱིམ་ཚང56གི་མི་གྲངས165དབུལ་ཕོངས་སུ་གྱུར་པའི་རྒྱུ་མཚན་ལ་བསམ་བློ་གཏོང་སྐབས། རྟ་མགྲིན་རྒྱལ་གྱིས་དུས་ཚོད་ཀྱིས་མིར་མི་སྒུག་པ་ཤེས། རི་མགོའི་ས་ཞིང་གི་ཡོང་འབབ་དམའ་ཞིང་། བརྟན་འཇགས་ཀྱི་ཡོང་སྒོ་མེད་པ་ནི་སྔོན་ཞིག་ནས་ཉིན་ཆུ་སྡེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། སྡེ་མི་ཚང་མར་དབུལ་ཐར་གྱི་སྙིང་སྟོབས་ལྡན་དུ་འཇུག་འདོད་ན། ཁོ་ཚོར་རེ་བ་སྩོལ་དགོས་པས། གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་འདེགས་སྐྱོར་འོག རྟ་མགྲིན་རྒྱལ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་ཧུར་ཐག་བྱས་ནས། སྡེ་བ་ནང་གི་ངལ་རྩོལ་གྱི་ནུས་པ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང50ལ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྩོན་ལེན་བྱས་པས། མི་རེར་ཆ་སྙོམས་ཀྱིས་ཟླ་རེར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱའི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་མ་ཟད། སྡེ་བའི་ནང་གི་རྩྭ་སའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་ལའང་འགན་སྲུང་ཡོད་པར་གྱུར། དེ་ལས་གཞན་སྡེ་མི་རྣམས་འཐད་པ་བྱུང་རྗེས། རྟ་མགྲིན་རྒྱལ་གྱིས་དབུལ་སྐྱོར་གྱི་མིག་རྒྱང་རང་ས་གནས་ཀྱི་ཁེ་ལས་ཀྱི་ཕྱོགས་སུ་བསྐོར་བ་དང་། ཁོའི་སྣེ་ཁྲིད་འོག 2016ལོའི་ཟླ11པར། དབུལ་ཕོངས་ཁྱིམ་ཚང56གི་ཐོན་ལས་དབུལ་སྐྱོར་མ་དངུལ་ཞིན་ཧེ་རྫོང་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིའི་མ་རྐང་དུ་བཞག་ཅིང་། ལོ་ངོ་གསུམ་གྱི་མཉམ་ལས་གན་རྒྱ་བཞག་རྗེས། དབུལ་ཕོངས་ཁྱིམ་ཚང་རེར་ལོ་རེར་བརྒྱ་ཆའི་བཅུ་ཡི་ཁེ་སྤོགས་ཐོབ་ཐུབ།

དབུལ་སྐྱོར་སྲིད་ཇུས་ཁྱིམ་ཚང་དུ་དངོས་འབེབས་བྱས་ཤིང་། སྡེ་དམངས་རྣམས་ཀྱི་ཡོང་སྒོ་བརྟན་འཇགས་སུ་གྱུར་ནའང་། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་འགའི་ངར་ཤུགས་རིམ་བཞིན་ཉམས་བཞིན་ཡོད་པས། རྟ་མགྲིན་རྒྱལ་གྱིས་སྡེ་མི་རྣམས་ལ་ཆད་པ་ནི་སྒོར་མོ་རྐྱང་རྐྱང་མིན་པར། ཁོ་ཚོར་རྒྱུ་ནོར་མེད་པ་མ་ཟད་སྤོབས་པ་ཡང་མེད་པ་དང་། དངོས་ཡོད་ལ་ཡིད་ཚིམས་ནས་འདུག་པ་ལས་ལས་བརྩོན་ཕྱུག་བསྒྱུར་བྱེད་པའི་སྙིང་སྟོབས་མེད་པ་རྟོགས། “བློ་སྤོབས་མེད་ཚེ། རོགས་སྐྱོར་ཇི་ལྟར་བྱས་ནའང་དོན་མེད་རེད།”དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་བརྩོན་སེམས་སྐུལ་སློང་བྱ་རྒྱུ་ནི། རྟ་མགྲིན་རྒྱལ་གྱི་མིག་མདུན་དུ་ལྷགས་པའི་དཀའ་གནད་དུ་གྱུར་ལ། “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་གཏན་འགོག་བྱེད་དགོས་ན། སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་དེ་དབུལ་ཕོངས་ལས་ཐར་བར་འབད་བརྩོན་དགོས་པར་འདོད།

དེར་བརྟེན། རྟ་མགྲིན་རྒྱལ་ལ་ཡང་བསྐྱར་མང་ཚོགས་ཀྱི“བསམ་ཚུལ་ལ་རྒྱུས་ལོན་བྱེད་པའི” ངར་ཤུགས་དེ་བསྐྱེད་དེ། ཁྱིམ་ཚང་རེ་རེར་སོང་སྟེ་སྡེ་མི་རྣམས་དང་ཁ་བརྡ་བྱས་ཤིང་། མང་ཚོགས་རྣམས་ལ་ཡང་དང་བསྐྱར་དུ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་སུན་སྣང་མེད་པར་ལམ་སྟོན་བྱས་པས། རིམ་གྱིས་བསམ་བློའི་ཁ་ཕྱོགས་བསྒྱུར།

“དང་ཐོག་དབུལ་ཕོངས་ཁྱིམ་ཚང་འགའི་རྣམ་འགྱུར་དངོས་གནས་ཡག་པོ་མི་འདུག ཁོ་ཚོས་དབུལ་ཕོངས་ཁྱིམ་ཚང་གི་ཕོར་བ་ལག་ཏུ་ཐོབ་པ་ན་འབད་བརྩོན་བྱེད་མི་དགོས་སྙམ་བཞིན་འདུག སྡེ་བའི་ནང་གི་པདྨ་འཚོ་ཚང་ལ་མཚོན་ན། བཟའ་མི་གཉིས་ཀྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ཟླ་རེའི་གླ་ཕོགས་སྒོར1800ཡི་ལས་རྐང་ཁ་གསབ་ཁོ་ནར་རེ་ལྟོས་བྱེད་པ་ལས། རང་ངོས་ནས་དབུལ་ཐར་བྱེད་རྒྱུའི་སྒུལ་ཤུགས་ཧ་ལམ་མི་འདུག སྣང་ཚུལ་དེར་དམིགས་ཏེ། ང་རང་ཐེངས་གང་མང་ཞིག་ལ་ཁོ་ཚང་དུ་སོང་ནས་གོ་བསྐོན་སློབ་གསོ་བཏང་ཞིང་། ཁོ་ཚོར་དེ་ལྟར་འཚོ་བ་བསྐྱངས་ན་བཟང་པོ་མེད་ཚུལ་བཤད་པས། རིམ་གྱིས་ཁོ་ཚོའི་བསམ་བློར་འགྱུར་ལྡོག་བྱུང་ཞིང་། རང་བདག་སྒོས་སྒོར་མོ་བཙལ་ནས་དབུལ་ཐར་བྱེད་དགོས་པའི་ངོས་ཟིན་རྙེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་མཐུན་སྦྱོར་མཚམས་སྦྱོར་འོག མོའི་བྱིས་པས་རྡོ་བརྐོས་ཀྱི་ལག་རྩལ་སྦྱངས་པ་དང་། ན་ནིང་སྒོར་ཁྲི་གསུམ་ལྷག་བཙལ།”

གསར་སྤེལ་རྣམ་པའི་དབུལ་སྐྱོར་ལ་བརྟེན་ན། ད་གཟོད་དབུལ་ཐར་བྱ་བའི་ཐད་ངལ་བ་ཆུང་ཡང་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་དང་། དབུལ་ཐར་ཕྱུག་བསྒྱུར་བྱེད་དགོས་ན། ཐོན་ལས་འཕེལ་རྒྱས་ནི་མེད་དུ་མི་རུང་། དབུལ་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་བརྒྱུད། རྟ་མགྲིན་རྒྱལ་གྱིས་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད། 2016ལོའི་ལོ་མཇུག་ཏུ། སྡེ་བའི་ནང་སྔོན་ཆད་ཡོད་པའི་མཉམ་ལས་ཁང་གཉིས་ཀྱི་རྨང་གཞིའི་སྟེང་། ཐོན་ཁུངས་ཧྲག་སྡེབ་བྱེད་པ་དང་ཕྱུག་སྒྱུར་སྣེ་ཁྲིད་མི་སྣར་སྐུལ་སློང་བྱེད་པ་ལ་བརྟེན་ནས། སྡེ་བའི་ནང་གི་མཉམ་ལས་ཁང་གཉིས་ནས་བཞི་རུ་རྒྱ་བསྐྱེད་དེ། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་།

“སྡེ་མི་རྣམས་ཀྱིས་ས་ཞིང་མཉམ་ལས་ཁང་ལ་སྤྲད་དེ་འདེབས་འཛུགས་བྱས་ན། ས་ཞིང་མུའུ་གཅིག་གི་ལོ་གཅིག་གི་ཡོང་སྒོ་སྒོར་སུམ་བརྒྱ་ཙམ་ཡོད་ལ། རང་སྡེ་བས་འགན་གཙང་ལེན་བྱས་པ་ཡིན་པས་སེམས་ཡང་བདེ”ཞེས་ཞིང་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་མི་སྣ་རྡོ་རྗེ་ཐར་གྱིས་མུ་མཐུད་དུ་བཤད་རྒྱུར། སྔོན་ཆད་སྡེ་བ་གཞན་པས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་བཟང་ཞིང་ཡོང་སྒོའང་མི་དམན་པ་ཞིག་བླངས་པ་མཐོང་བ་ན། དངོས་གནས་ཡིད་སྨོན་སྐྱེས་མྱོང་། ད་ལྟ་ཧྲུའུ་ཅི་དང་པོ་རྟ་མགྲིན་རྒྱལ་གྱི་རོགས་རམ་འོག རང་སྡེ་བས་ཀྱང་ག་ལེར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཕྱིར་ཞོར་ལས་ལ་འགྲོ་མི་ཐུབ་པའི་སྡེ་དམངས་རྣམས་ཀྱིས་སྒོར་མོ་བཙལ་བར་སྟབས་བདེ་བསྐྲུན་པས། ཚང་མའི་སེམས་པ་དགའ་སྤྲོས་ཁེངས་ཡོད་ཟེར།

ད་ལྟའི་འཚོ་བ་གླེང་བ་ན། དབུལ་ཕོངས་ཁྱིམ་ཚང་ཤེལ་དཀར་སྒྲོལ་མས་ཀྱང་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད། མོ་གཅིག་པུས་བྱིས་པ་སྙོར་སྐྱོང་བྱེད་བཞིན་ཡོད་པས། མོ་རང་ཕྱི་རུ་ཞོར་ལས་ལ་འགྲོ་ཐབས་བྲལ་མོད། རྟ་མགྲིན་རྒྱལ་གྱི་རོགས་རམ་འོག མོར་སྤྱི་ཕན་རང་བཞིན་གྱི་ལས་གནས་ཡོད་པར་མ་ཟད། ད་དུང་རང་ཁྱིམ་ནས་འཚེམ་བཟོའི་ལག་ཤེས་ལས་ཀ་ལས་བཞིན་ཡོད། ན་ནིང་མོས་བོད་ལྭ་འཚེམ་བཟོ་བྱས་པ་ལ་བརྟེན་ནས་སྒོར་ཁྲི་གཉིས་ཙམ་བླངས། “ང་ཚོའི་ཧྲུའུ་ཅི་དང་པོས་ངའི་འཚེམ་འཁོར་གྱི་གནད་དོན་ཐག་བཅད་པར་མ་ཟད། ནམ་རྒྱུན་ང་ཚོར་རོགས་རམ་བྱེད་ལ། ཁོས་བཤད་པའི་ཤ་ཚའི་ཁ་བརྡ་རེ་འགའ་ནི་རང་གི་ཕ་མས་ཀྱང་སྔོན་ཆད་བཤད་མ་མྱོང་།”རྟ་མགྲིན་རྒྱལ་གྱི་རོགས་རམ་དང་ཤ་ཚའི་ཁ་བརྡ་རེ་རེ་སེམས་སུ་དྲན་ཚེ། ཤེལ་དཀར་སྒྲོལ་མར་སེམས་འགུལ་ཐེབས་བཞིན་ཡོད།

2017ལོར། ཉིན་ཆུ་སྡེ་བས་དབུལ་ཐར་མངོན་འགྱུར་བྱས། འགྱུར་ལྡོག་འདི་དག་ནི་རྟ་མགྲིན་རྒྱལ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་འབད་བརྩོན་དང་དཀའ་སྤྱད་ལ་བརྟེན་ནས་བྱུང་བ་རེད། རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར། སྡེ་བར་བསྡད་རྗེས་སྡེ་དམངས་རྣམས་དང་སེམས་པ་གཅིག་ཏུ་འདྲེས་ཐུབ་པ་ནི་ཁོ་རང་ཆེས་སེམས་འགུལ་ཐེབས་པའི་དོན་དག་ཅིག་རེད། རང་ཉིད་ཀྱིས་བརྟན་སྲུང་བྱས་པའི་ས་ཆ་འདི་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་ཁོར་ཡིད་ཆེས་ཀྱིས་ཁེངས་ཡོད། རིམ་པ་རྗེས་མར། ཁོ་བོས་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ངུ་ལ་བརྟེན་ནས་མུ་མཐུད་དུ་སྡེ་དམངས་རྣམས་ལ་དོན་དངོས་དང་དོན་བཟང་བསྒྲུབས་ཏེ། སྡེ་མིའི་སེམས་ཁོང་གི་ཚད་ལྡན་གྱི་ཧྲུའུ་ཅི་དང་པོ་ཞིག་བྱ་རྒྱུ་ཡིན་ཟེར།

                                                                                                               རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།