ཀླུ་འབུམ་ཐར་གྱི་དབུལ་ཐར་གཏམ་རྒྱུད།
2019.07.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 40

ནམ་མཁའ་སྔོ་ཞིང་དྭངས་ལ། ཡངས་པའི་རྩྭ་ཐང་གི་གཞི་རུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་གཟན་ལ་རོལ་བཞིན་འདུག མིག་མདུན་གྱི་ལུག་ཁྱུ་ལ་ལྟ་བཞིན་ཀླུ་འབུམ་ཐར་ཡི་སེམས་ལ་ཡོད་ཚད་རྨི་ལམ་ལྟ་བུ་ཞིག་ཏུ་སྣང་ཡང་། མིག་མདུན་གྱི་རྣམ་པ་དེ་ནི་འདི་འདྲའི་མཛེས་ཤིང་ངོ་མ་ཞིག་ཡིན་ལ། ཤེས་མེད་ཚོར་མེད་ཀྱི་ངང་ནས་ཀླུ་འབུམ་ཐར་གྱིས་སྔོན་ཆད་ཀྱི་དོན་དག་ལ་ཕྱིར་དྲན་ཐེངས་ཤིག་བྱས།

ཨ་མའི་ལུས་ཕུང་རིད་ཅིང་ནད་མང་བ་དང་། བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད། སྔོན་ཆད་ཁྱིམ་ཚང་ལ་རྩྭ་ར་དང་ནོར་ལུག་བཅུ་ལས་མེད་པ་དང་། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ངས་ཞོར་ལས་གཉེར་ནས་བཙལ་བ་ཡིན་ལ། འཚོ་བ་ཅུང་དཀའ་ངལ་ཆེ་ཞེས་ད་ལོ་ལོ་ན་སོ་དྲུག་ལ་སླེབས་པའི་ཀླུ་འབུམ་ཐར་ནི་ཐེམ་ཆེན་རྫོང་བྲག་དམར་ཞང་རྟ་ན་སྡེ་བའི་འབྲེལ་མཐུད་ལས་བྱེད་པ་ཨོ་རྒྱན་ནོར་བུ་ཁོ་ཚང་ལ་ཡོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བཀོལ་སྤྱོད་བྱེད་ཀྱིན་མེད་པའི་རྩྭ་ས་དེ་ཐེམ་ཆེན་རྫོང་རྟ་ན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པར་སྐུལ་སློང་བྱས། ཡིན་ནཡང་། ཡུན་རིང་བོར་འཚོ་བ་དབུལ་ཕོངས་ཡིན་པས་ཁོར་སྒུལ་ཤུགས་མེད་པར་གྱུར་ཞིང་། དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཡིད་ཆེས་ཀྱང་མེད། ཨོ་རྒྱན་ནོར་བུས་ཁོ་རང་ལ་ཐེངས་མང་པོར་གནས་ལུགས་དང་སྲིད་ཇུས་མང་པོ་འགྲེལ་བཤད་བྱས་པ་དང་། ཟུར་མང་པོ་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་དབུལ་བོར་སེམས་ཁུར་བྱེད་པ་སོགས་འགྲེལ་བཤད་བྱས་པ་དང་། རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པ་ལས་གཞན་པ་རྐྱང་རྐྱང་ལ་བརྟེན་པ་ནི་མི་ལེགས་པ་ཡིན་པའི་སྐུལ་སློང་མང་པོ་བྱས། སྐུལ་སློང་མང་པོ་བྱས་པ་བརྒྱུད། ཀླུ་འབུམ་ཐར་གྱི་བསམ་བློར་འགྱུར་ལྡོག་བྱུང་བ་དང་། རྗེས་ཕྱོགས་ཀྱི་འཚོ་བར་རེ་བསྙེགས་བྱེད་མགོ་བརྩམས། ཁོས་སེམས་གཏིང་ནས་ཐེངས་འདིའི་གནད་ཕིགས་དབུལ་སྐྱོར་ནི་རང་ཉིད་དཀའ་ངལ་ལས་སྒྲོལ་བའི་གོ་སྐབས་ཆེས་བཟང་པོ་ཞིག་ཡིན་པར་འདོད་དེ། གོ་སྐབས་དེར་བརྟེན་ནས་དཀའ་ངལ་ལས་ཐར་ཏེ། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བའི་ཕྱོགས་སུ་བསྙེགས་རྒྱུའི་སེམས་ཐག་བཅད།

དམིགས་འབེན་གསར་བ་ཡོད་པར་གྱུར་བས་གནད་འགག་ནི་དོན་དངོས་སྒྲུབ་རྒྱུ་དེ་རེད། ཉིས་སྟོང་བཅུ་བཞི་ལོར་ཀླུ་འབུམ་ཐར་ཐེམ་ཆེན་རྫོང་རྟ་ན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་ཏེ། ཁོའི་མི་ཚེའི་ཤོག་ལྷེ་གསར་བ་ཞིག་གི་ཁ་ཕྱེས་མགོ་བརྩམས།

ཀླུ་འབུམ་ཐར་གྱིས་འཛུམ་དང་བཅས་བཤད་རྒྱུར། ད་ལྟ་རྩྭ་ས་དང་ནོར་ལུག་མཉམ་ལས་ཁང་དུ་བཞག་ཡོད་པར་མ་ཟད། ངེད་བཟའ་ཟླ་གཉིས་ལའང་མཉམ་ལས་ཁང་དུ་བརྟན་འཇགས་ཀྱི་བྱ་བ་ཡོད་ལ། ད་ལྟ་ང་རང་མཉམ་ལས་ཁང་གི་ལས་འཛིན་ཁོངས་མི་རུ་གྱུར་ཡོད། ཉིས་སྟོང་བཅོ་བརྒྱད་ལོར། མཉམ་ལས་ཁང་གིས་བགོས་པའི་སྒོར་མོ་བསྣན་ན་ངའི་ཡོང་སྒོ་སྒོར་མོ་འབུམ་གཅིག་ལ་སླེབས་ཟེར།

ཀླུ་འབུམ་ཐར་གྱིས་བཤད་པའི་རྟ་ན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་ཐེམ་ཆེན་རྫོང་བྲག་དམར་ཞང་རྟ་ན་སྡེ་བའི་དཔེ་མཚོན་རང་བཞིན་ཅན་གྱི་མཉམ་ལས་ཁང་ཞིག་ཡིན་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ་རེ་གཉིས་ཡོད་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་བར་དུ་མ་རྐང་དུ་ཞུགས་པའི་ཁྱིམ་ཚང་ང་དགུ་དང་མི་བརྒྱ་དང་རེ་གསུམ་ཡོད་ལ། མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་ཡིན་པ་དང་། འབྲོག་ཁྱིམ་མ་རྐང་དུ་ཞུགས་པར་རྩྭ་ས་མ་རྐང་དུ་འཇོག་པ་དང་ཕྱུགས་ཟོག་མ་རྐང་ནང་འཇོག་པའི་རྣམ་པ་གཉིས་ཡོད་ཅིང་། མ་རྐང་རེ་རེའི་བཅག་དངུལ་སྒོར་མོ་སྟོང་གསུམ་དང་ལྔ་བརྒྱ་རེད། མཉམ་ལས་ཁང་གིས་མ་རྐང་དུ་བཞག་པའི་ཕྱུགས་ཟོག་ལ“གཅིག་གྱུར་གྱིས་རྩྭ་ས་རེས་བསྐོར་ནས་ཟ་རུ་འཇུག་པ་དང་། གཅིག་གྱུར་གྱིས་རྒྱུད་སྡེབ་པ། གཅིག་གྱུར་གྱིས་འཚོ་གསོ་བྱེད་པ། གཅིག་གྱུར་གྱིས་ལས་སྣོན་བྱེད་པ། གཅིག་གྱུར་གྱིས་ཉོ་འཚོང་བྱེད་པ། གཅིག་གྱུར་གྱིས་རིམས་འགོག་བྱེད་པ། ཁྱུ་བགོས་ནས་གསོ་སྤེལ་བྱེད་པའི་དོ་དམ་རྣམ་པ་སྤྱད་དེ། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་། གཅིག་བསྡུས་ཅན་གྱིས་ལས་གཉེར་བྱེད་པར་སྐུལ་འདེད་བཏང་སྟེ། འབྲོག་པ་མང་ཚོགས་ལ་ཁེ་ཕན་སྔར་ལས་མང་པོ་ཐོབ་ཏུ་བཅུག”

མཉམ་ལས་ཁང་གི་ལས་འཛིན་དཔོན་པོ་གཞོན་པ་བསྟན་འཛིན་རྒྱ་མཚོས་བཤད་རྒྱུར། ང་ཚོས་དབུལ་སྐྱོར་དང་མཉམ་ལས་ཁང་གི་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་ཏེ། ཕྱོགས་གཅིག་ནས་སྔར་ལས་མང་པོའི་འབྲོག་པ་མང་ཚོགས་བསྡུ་ལེན་བྱས་ནས་མཉམ་ལས་ཁང་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་དེ་མཉམ་ལས་ཁང་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་འགྱུར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེམ་ཆེན་རྫོང་དབུལ་ཐར་བྱས་པའི་སྔོན་ལ། ཐེམ་ཆེན་རྫོང་རྟ་ན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་དབུལ་བོར་གྱུར་བའི་རྒྱུ་རྐྱེན་ལ་བརྟེན་ནས་དབུལ་སྐྱོར་དང་དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་བཟོས་པར་མ་ཟད་མོ་ཕྱུགས་ཉོས་པ་དང་། ལོ་རེའི་ལོ་མཇུག་ལ་མ་རྐང་འཇོག་མཁན་གྱི་ཚོགས་ཆེན་བསྡུས་ནས་དབུལ་ཁྱིམ་གཅིག་ནས་གསུམ་བདམས་ཏེ་མོ་ཕྱུགས་བརྒྱ་དབུལ་ཁྱིམ་ལ་བགོས་པ་དང་། དེ་ལྟར་བྱས་ན་དབུལ་བོའི་ཁྱིམ་ཚང་གི་མ་རྐང་དང་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བར་ཕན་པ་མ་ཟད། ད་དུང་དབུལ་བོའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དང་། ཡོང་སྒོ་འཕར་སྣོན་བྱེད་པར་ཡང་ཕན་ཐོགས་ཆེ། དུས་མཚུངས་སུ། ད་དུང་མཉམ་ལས་ཁང་གི་སྤྱིའི་ཡོང་སྒོ་འཕར་སྣོན་ཡོང་བར་ཡར་སྐུལ་བྱེད་ཐུབ། མཉམ་ལས་ཁང་གིས་ཤུགས་ཆེན་པོའི་སྒོ་ནས་དབུལ་སྐྱོར་དང་དཀའ་ངལ་ཅན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལ་ཡར་སྐུལ་བཏང་སྟེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་བརྒྱད་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱས་ཏེ། སྡེ་བ་ཧྲིལ་བོ་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་།

                                                                                                              ལོ་ཙཱ། ཚེ་རིང་སྒྲོལ་མ།