མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་ཧྲན་ཏུང་སྨན་པ་ཞིག་གི་རླབས་ཆེན་བརྩེ་སེམས།
2019.07.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

ཟླ་ལྔ་བའི་ཟླ་མཇུག་ལ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་ནུབ་ཐང་ཡུལ་ཚོ་རྟ་ར་ཞོལ་མ་སྡེ་བའི་སློབ་མ་ཞའོ་ཞོས་ཉིན་འགའ་ཤས་རིང་ལ་སློབ་གྲྭར་མ་སོང་བ་རེད། ལོ་ན་བཅོ་བརྒྱད་ཡིན་པའི་མོ་ནི་བལྟས་ཚོད་ཀྱིས་ལོ་ན་བཅུ་གཉིས་དང་བཅུ་གསུམ་ཞིག་དང་མཚུངས་ལ། ངོ་མདོག་སྐྱ་བོར་སོང་ཡོད་པ་དང་ལུས་ཟུངས་ཡང་ཧ་ཅང་ཞན།

“བྱིས་པ་འདི་ལ་གཅིན་པ་མངར་འགྱུར་གྱི་ནད་བྱུང་ནས་ལོ་ལྔ་འགོར་ཡོད། ཉིན་རྒྱུན་དུ་གཤེར་མའི་ཕུང་རྩི་ཀྱི་སྨན་ཁབ་མང་པོ་ཞིག་རྒྱག་དགོས་ཀྱི་ཡོད་པ་རེད།ནད་འདི་ནི་ཅུང་དཀའ་ཁག་ཆེ་བ་ཞིག་རེད།ངེས་པར་དུ་གཤེར་མའི་ཕུང་རྩི་ཡིས་སྨན་བཅོས་བྱས་ན་ད་གཟོད་ཡིད་ཚིམ་པའི་སྨན་ནུས་ཤིག་ཐོན་ཐུབ་ལ། དེ་མིན་བྱིས་པའི་ཚེ་སྲོག་ལ་ཉེན་ཁ་འབྱུང་ངེས་ཡིན།”ཞེས་སྐད་ཆ་འདི་བཤད་མཁན་ནི་ཧྲན་ཏུང་ཞིང་ཆེན་བའེ་ཧེ་གྲོང་ཁྱེར་ཀྲུང་ལུག་སྨན་ཁང་གི་སྨན་པ་ཞིག་རེད། ཡང་གཅིག་བཤད་ན་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་ཆེད་མཁས་སྨན་པ་མིན་ཡོན་རྫོང་ཀྲུང་ལུག་སྨན་ཁང་གི་མགོ་གཙོ་གཞོན་པ་ཀའོ་ཀང་ཧུན་རེད།

ཞའོ་ཞོས་ཀྱི་ཁྱིམ་དུ་སྤོ་བོ་དང་ཨ་ཕྱི་གཉིས་ཡོད་ལ་གཉིས་ཀའི་དགུང་ལོ་མཐོ་ལ་ལོ་བཅུ་དྲུག་ཅན་གྱི་ནུ་བོའི་ད་དུང་སློབ་གྲྭ་ན་དཔེ་ཆ་འདོན་བཞིན་ཡོད། ཨ་ཕ་ལ་གྲུམ་བུའི་ནད་དང་མཆིན་པའི་ནད་ལྕི་མོ་ཞིག་བྱུང་ནས་ཚེ་ལས་འདས།  ཨ་ཕ་སྨན་ཁང་དུ་སྡོད་པའི་སྐབས་སུ་སྨན་རིན་ལ་སྒོར་མོ་མང་པོ་ཞིག་སོང་བས་ཁྱིམ་དུ་གཞན་ལ་སྒོར་མོ་བསྐྱིས་པའི་སྐྱེད་ཀ་མང་པོ་ཡོད། ཁྱིམ་ཀྱི་འགྲོ་གྲོན་ཡོད་ཚད་ཨ་མའི་ནགས་ཚལ་སྲུང་སྐྱོང་བའི་ལས་ཀ་གཉེར་ནས་ཐོན་པའི་ཟླ་རེའི་ཟླ་ཕོག་སྒོར་སྟོང་གཅིག་དང་ཉིས་བརྒྱ་དེ་ཁོ་ནར་བརྟེན་ཡོད་པ་རེད། ཨ་མའི་འགན་ཁུར་ཧ་ཅང་ལྕི་བའི་རྐྱེན་གྱིས་ཞའོ་ཞོས་ཀྱིས་དུས་རྒྱུན་དུ་རང་ནུས་ཅི་ལྕོགས་ཀྱིས་ཨ་མར་རོགས་རམ་བྱས་ཏེ་ཁྱིམ་ཀྱི་ལས་ཀ་ལས་བཞིན་ཡོད་པ་རེད། སྨན་པ་ཞིག་ཡིན་པའི་ཆ་ནས། ཀའོ་ཀང་ཧིན་གྱིས་རིམ་པ་གཅིག་ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཀྱི་ཚབས་ཆེན་རང་བཞིན་ཤེས་ཡོད་པས། ཁོས་ཞའོ་ཞོས་ཀྱི་སྡུག་བསྔལ་མྱངས་བཞིན་པ་ཚོར་ཡོད་ལ་སེམས་གཏིང་ནས་མོ་རང་སྙིང་རྗེ་བཞིན་ཡོད།  ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པར། ཀའོ་ཀང་ཧིན་གྱིས་རང་ཉིད་ཀྱི་སྒོར་མོ་ཁྲི་གསུམ་བླངས་ནས་ཞའོ་ཞོས་ལ་གཤེར་མའི་ཕུང་རྩི་ཡི་སྨན་གྲ་སྒྲིག་བྱས་ཏེ། མོས་ཉིན་རྒྱུན་ཐེངས་གང་མང་ལ་སྨན་ཁབ་རྒྱག་བཞིན་པའི་སྡུག་བསྔལ་ཇེ་ཡང་དུ་བཏང་།

ཉིན་འགའི་སྔོན་དུ་ཀའོ་ཀང་ཧིན་གྱིས་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གི་མགོ་བ་ཁྲིད་དེ་ཞའོ་ཞོས་ལ་གཤེར་མའི་ཕུང་རྩི་དང་སྨན་བཅོས་རྒྱུ་ཆ་སྐྱེལ་སྐབས་ཞོའོ་ཞོས་ཀྱི་ཨ་ཕྱི་ཡིད་འགུལ་ཐེབས་ཏེ་མིག་མཐའ་མཆི་མས་བརླན་ཞིང་འདར་སིག་སིག་བྱེད་བཞིན་ཁོ་ཚོའི་ལག་པར་འཇུས་ཏེ་“བཀའ་དྲིན་ཆེ་”ཞེས་ཡང་དང་བསྐྱར་དུ་དེ་ལྟར་བཤད།

མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་སྨན་པ་ཞིག་ཡིན་པའི་ཆ་ནས་ཀའོ་ཀང་ཧིན་གྱིས་ཉིན་རྒྱུན་ནད་པ་བདུན་བཅུ་ལྷག་སྣེ་ལེན་བྱེད་བཞིན་ཡོད་མོད། འོན་ཀྱང་ཉིས་སྟོང་བཅུ་བདུན་ལོར་ཞའོ་ཞོས་ཐེངས་དང་པོར་ནད་ལ་བལྟ་རུ་ཡོང་བའི་རྣམ་པ་དེས་ཁོ་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད། “ནད་རྟགས་བརྡ་འཕྲིན་ལས་ཤེས་གསལ་བྱུང་བ་ལྟར་ན་མོ་ལོ་ན་བཅུ་དྲུག་རེད། ཡིན་ནའང་བལྟས་ཚོད་ལ་ལོ་ན་བཅུ་གཅིག་གམ་བཅུ་གཉིས་ལས་སོན་མེད་པ་འདྲ། མོའི་ངོ་གདོང་སྐྱ་བོར་གྱུར་ཞིང་མིག་ལ་མདངས་མེད་པ་ཞིག་རེད། མོའི་གནས་ཚུལ་བརྒྱུད་ནས་བལྟས་ན་ངས་དང་ཐོག་མོ་ལ་དལ་བའི་རང་བཞིན་ཅན་གྱི་མཁྲིས་སྣོད་གཉན་ཚད་བྱུང་ཡོད་པ་ར་སྤྲོད་བྱུང་སོང་བས། མོར་སྨན་བྱིན་ཞིང་ཟ་མ་ལའང་མཉམ་འཇོག་བྱོས་ཤིག་ཅེས་མངག་བཅོལ་བྱས་མྱོང་།”

“ཉིན་འགའ་མ་འགོར་བར་ཨ་མས་སླར་ཡང་མོ་ཁྲིད་དེ་ནད་ལ་བལྟ་རུ་ཡོང་ནས་བཤད་རྒྱུར། སྨན་འཐུང་རྗེས་ཟ་མ་ཟ་མི་ཐུབ་པ་དང་། ཕོ་བ་སྦོས་པ་སོགས་ཀྱི་སྣང་ཚུལ་བྱུང་བས། ལུས་ཕུང་གི་ལྗིད་ཚད་མངོན་གསལ་གྱིས་ཇེ་ཡངས་སུ་སོང་ཡོད་པ་རེད། འདིས་ངའི་སེམས་སུ་དངངས་སྐྲགས་ཤིག་སྐྱེ་རུ་བཅུག ནད་ཀྱི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་པ་བརྒྱུད་ནས་ངས་བྱིས་པའི་གནས་ཚུལ་དང་བསྟུན་ནས་སྨན་སྣ་སྡེབ་སྦྱོར་བྱས་པ་ཡིན། སྨན་ཁང་ལས་སྒོར་འབུད་སྐབས་བྱིས་པར་རིམ་པ་གཅིག་ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་བྱུང་ནས་ལོ་གསུམ་ལྷག་འགོར་ཡོད་ལ། ཉིན་རྒྱུན་དུ་ང་རང་ཉིད་ཀྱིས་གཤེར་མའི་ཕུང་རྩི་སྨན་ཐེངས་གང་མང་ལ་རྒྱག་བཞིན་ཡོད་ཅེས་ཨ་མས་བཤད་པ་དང་མཉམ་དུ་ང་ལའང་གཅིན་པ་མངར་འགྱུར་གྱི་ནད་འདི་བཀག་འགོག་བྱེད་པའི་ཐབས་བཀོལ་ལེགས་ཤོས་ཤིག་ཡོད་དམ་ཞེས་སྨན་པར་དྲིས་པ་རེད། ངས་ཡང་བསྐྱར་བྱིས་པ་འདིར་རྟགས་དཔྱད་བྱེད་དུས་མོའི་ལུས་ཕུང་གི་གནས་ཚུལ་མཐོང་བ་ན་དངོས་ནས་ཡིད་སེམས་སྐྱོ་བ་ཞིག་རེད། ལུས་ཕུང་གི་རིང་ཚད་ལ་སྨི་གཅིག་ཡོད་མོད་འོན་ཀྱང་ལྗིད་ཚད་ལ་རྒྱ་མ་བདུན་བཅུ་ལས་མེད་པ་རེད། ”ཅེས་ཀའོ་ཀང་ཧིན་གྱི་སྐད་གདངས་ལྕི་མོའི་ངང་དེ་ལྟར་བཤད་ལ། “བྱིས་པ་འདིས་ཚང་མས་དོ་སྣང་བྱེད་ས་ཞིག་ཏུ་འགྱུར་མི་འདོད་པར་མྱུར་མོར་ཡར་ལངས་ཏེ་སྨན་ཁང་གི་སྒོར་བུད་སོང་། མོ་སྒོ་ཁར་ཐོན་དུས་ཕྱིར་ཨ་མར་ད་ནི་འགྲོ་ཞེས་བརྡ་སྟོན་བཞིན་པའི་མིག་ཟུང་དེ་མཐོང་བ་ན་མོ་རང་ཉིད་ཀྱི་ནད་འདི་ལ་གཏིང་ནས་ཡིད་ཆད་ཡོད་པ་གསལ་བོར་རྟོགས་ཐུབ། ”ཞེས་མུ་མཐུད་ནས་བཤད།

དེའི་རྗེས་ཞིང་གྲོང་དུ་སྨན་བཅོས་བྱེད་དུ་འགྲོ་སྐབས་ཀའོ་ཀང་ཧིན་ཞའོ་ཞོས་ཡོད་སའི་ཞིང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སོང་ནས་ཞོའོ་ཞོས་ཀྱི་ཨ་མར་བྱིས་པའི་གནས་ཚུལ་འདྲི་སྐབས། ཀའོ་ཀང་ཧིན་གྱིས་ཁྱིམ་ཚང་འདིའི་དཀའ་ངལ་མཐོང་བྱུང་། ཕྱིར་སྨན་ཁང་དུ་ཐོན་དུས་ཁོས་མྱུར་མོར་གླིང་གཙོ་ལ་གནས་ཚུལ་ཡར་ཞུ་བྱས། སྨན་ཁང་གིས་ཀྱང་རང་ནུས་ཡོད་ཚད་ཀྱི་བྱིས་པ་འདི་ལ་དམངས་ཕན་སྲིད་ཇུས་མྱོང་དུ་བཅུག

བྱིས་པར་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བྱ་ཆེད་ཀའོ་ཀང་ཧིན་གྱིས་སྨན་བཅོས་འགྲོ་གྲོན་གྱི་ཕྱེད་ཀ་འགན་དུ་བླངས་པ་མ་ཟད། ཞའོ་ཞོས་སྨན་ཁང་དུ་ཞག་སྡོད་བྱེད་དུ་བཅུག་སྟེ། ལུས་ཕུང་ལ་བརྟག་དཔྱད་བྱས་པ་དང་སྨན་བཅོས་བྱས་པ་བརྒྱུད་མར་མི་འབབ་པའི་ལྟོ་སྟོང་གི་ཁྲག་གི་མངར་ཆ་གཞི་ནས་བཀག་འགོག་བྱས་པས་བདེ་འཇགས་སུ་བཏང་།

“ནད་ཀྱི་དབང་གིས་མནར་གཅོད་མྱོང་བཞིན་པའི་བྱིས་པའི་མལ་ཁང་དུ་རང་ཉིད་ཀྱིས་གཤེར་མའི་ཕུང་རྩིའི་སྨན་ཁབ་རྒྱག་བཞིན་པ་དྲན་ཐེངས་རེར་སེམས་སུ་ན་ཟུག་སྐྱེ་ལ། ཡང་གཅིག་བཤད་ན་གཤེར་མའི་ཕུང་རྩི་འཁྱགས་ཉར་བྱེད་དགོས་ཀྱང་། བྱིས་པས་ཁུག་མའི་ནང་དུ་བཅུག་འདུག་པས། སྨན་བཅོས་ཀྱི་ནུས་པའང་མི་ཐོན་པ་རེད། ”ཅེས་ཀའོ་ཀང་ཧིན་གྱིས་བཤད།

དང་ཐོག་ཀའོ་ཀང་ཧིན་གྱིས་ཞའོ་ཞོས་ལ་ལྭ་བ་སོགས་ཉོས་ནས་བྱིན་པ་དང་། རྗེས་སུ་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་གཞན་ཚོ་དང་མཉམ་དུ་འབྲས་དང་ཕྱེ་གཡིས་སོགས་ཉོས་ཏེ་མོ་ཚང་ལ་བལྟ་རུ་ཡོང་། དེའི་རྗེས་ས་གནས་སྲིད་གཞུང་དང་ལས་ཁུངས་ཀྱི་འགོ་ཁྲིད་པ་དང་དང་བླངས་དགེ་རྒན་འགས་ཞའོ་ཞོས་ཀྱི་གནས་ཚུལ་ཤེས་རྗེས་རང་རང་སོ་སོ་ནས་བརྩེ་སེམས་བསྐྱལ།

“མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་བྱ་བ་འདི་ནི་འབྲེལ་འདྲིས་ཀྱི་ཟམ་པ་ཞིག་བྱེད་དགོས་པར་མ་ཟད།  ས་གནས་གཉིས་ཀྱི་མཛའ་མཐུན་གྲོགས་པོའི་ཕོ་ཉའང་བྱེད་དགོས།ང་ནི་སྨན་པའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་ནད་པའི་དཀའ་སྡུག་སེལ་ཏེ་ནད་པར་ཡིད་ཆེས་སྩོལ་རྒྱུ་ནི་ངའི་ཕྲག་སྟེང་གི་འགན་འཁྲི་ཡིན། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཧྲན་ཏུང་གི་མིའི་མཛའ་བརྩེ་དེ་མཚོ་སྔོན་གྱི་ས་གཞི་རུ་བསྐྱལ་བའི་འོས་འགན་ཡོད”ཅེས་ཀའོ་ཀང་ཧིན་གྱིས་དེ་ལྟར་བཤད།
                                                                                                                                ལོ་ཙཱ་བ།   སྐར་མ་མཚོ།