ཧང་ཀྲིག་ཆན་ཐང་ཅང་གཙང་བོའི་འགྲམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་ཅང་ནན་གྲོང་ཁྱེར་གྱི་ནུབ་མཚོའི་མཛེས་ལྗོངས་ཀྱིས་མི་མང་པོ་ཞིག་ལ་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད།
གཏེར་ལེན་ཁ། ཚྭ་འདམ་གཞོང་དུ་ཆགས་པའི་མཐོ་སྒང་གི་ལྗང་མདོག་ལྡན་པའི་ཡུལ་གྲུ་གསར་བ། བྰ་ཡན་ཆུ་བོའི་འགྲམ་རྒྱུད་དུ་ཚྭ་འདམ་གཞོང་གསར་སྤེལ་བྱེད་པའི་བརྗིད་ཉམས་མངོན།
སྤྱི་ལེ་སྟོང་གཉིས་དང་ཉིས་བརྒྱ་སོ་བརྒྱད་ཀྱིས་ཆོད་པའི་གྲོང་ཁྱེར་འདི་གཉིས་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབོད་སྐུལ་འོག་ཕན་ཚུན་བར་རོགས་རེས་བྱེད་པའི་སྤུན་ཟླའི་གྲོང་ཁྱེད་དུ་གྱུར། ལོ་ངོ་དུ་མའི་རིང་ལ་ས་ཁུལ་དེ་གཉིས་ཀྱིས་ཐུན་མོང་གི་འཛུགས་སྐྲུན་ཁྲོད་དུ་ཕན་ཚུན་བར་གཏིང་ཟབ་པའི་མཛའ་བརྩེ་ཆགས། སྐོར་ཐེངས་རེ་རེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཚོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་དང་གྲོང་རྡལ་དང་སྡོད་ཁུལ། ཁེ་ལས་ལས་དོན་ལས་ཁུངས་དང་ལས་ཁུངས་སྡེ་ཚན་སོགས་སུ་སོང་ནས་ཞབས་ཞུ་བསྒྲུབས་ཏེ། མཉམ་དུ་མཚོ་ནུབ་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་རི་མོ་རེ་རེ་བྲིས།
“ཨ་ཅེ། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།”སྔ་མོ་ཞིག་ནས་བཟུང་སྟེ། ཀུའུ་ཡན་ལ་ཧེ་ཙིའི་སྙན་ངག་ཁྲོད་ཀྱི་ཆར་ཆུའི་ཁྲོད་སྟོང་སིང་ངེར་ལུས་པའི་གྲོང་ཚོ། འཆར་ཡན་གྱིས་ཕྱུག་པའི་མཐོ་སྒང་གི་གྲོང་ཚོ་ཆུང་ཆུང་འདི་ལ་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཡིད་སྨོན་ཞིག་སྐྱེས་ཡོད་པ་རེད།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། ཀུའུ་ཡན་ལམ་ཐག་ངེས་ཅན་ཞིག་བརྒྱུད་རྗེས་ཐོག་དང་པོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དམིགས་འབེན་ས་ཚིགས་ཏེ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཐོན། སྐབས་དེའི་གཏེར་ལེན་ཁ་གྲོང་ཁྱེར་དང་རྩོམ་རིག་བརྩམས་ཆོས་ཁྲོད་ཞིབ་འབྲི་བྱས་པའི་དབེན་འཇགས་ཀྱི་གྲོང་ཁྱེར་དེ་གཉིས་གཅིག་འདྲ་མིན་ཏེ། འདི་རུ་སྔོ་ཐིང་ཐིང་གི་ལྗོན་པ་སྣ་ཚོགས་ཀྱིས་ཁེབས་ཤིང་ཁོད་ཡངས་བའི་གཞུང་ལམ་ཕྱོགས་དང་ཕྱོགས་སུ་བརྐྱངས་འདུག
“གཏེར་ལེན་ཁ་ནི་ངའི་སེམས་ངོགས་ཀྱི་གཏེར་ལེན་ཁ་དང་བསྡུར་ན་དངོས་ནས་ཡག་པོ་འདུག”དུས་ཚོད་ཐུང་ངུའི་ནང་དུ་ལྗོངས་རྒྱུའི་ངལ་དུབ་དང་མཐོ་སྒང་གི་རྫ་དུག་སོགས་ཀྱིས་བསྐྱེད་པའི་མགོ་ཡུ་འཁོར་བ་དང་མིག་ལམ་དུ་དམར་འཐོམ་ལངས་པ་སོགས་སྐད་ཅིག་ལ་དྭངས་ཤིང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་སྲང་ལམ་རེ་འགའ་ན་ཀྲེ་ཅང་གྲོང་ཁྱེར་གྱིས་རོགས་འཛུགས་བྱས་པའི་འཛུགས་སྐྲུན་གྱི་སྐོར་མཐོང་དུས་སྔར་ལས་སྙིང་ཉེ་བའི་ཚོར་བ་ཞིག་བྱུང་བར་མ་ཟད། ཐེངས་འདིའི་ཁོ་ཚོའི་འགན་འཁྲི་ལའང་སྔར་མེད་ཀྱི་ཡིད་ཆེས་བརྟན་པོ་དང་། རང་ཉིད་ཀྱི་བྱ་བའི་སྤྲོ་སེམས་དང་ནུས་པས་རོགས་སྐྱོར་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་དགུ་འདོན་རྒྱུའི་སྤོབས་པ་རྙེད།
བརྩེ་སེམས་དང་རྒྱུས་མེད་ཀྱི་སེམས་ཁམས་འོག་ཏུ། ཁོ་ཚོ་ཉིན་དེར་གཏེར་ལེན་ཁ་གྲོང་ཁྱེར་གྱི་སློབ་འབྲིང་དང་པོར་སོང་ནས་མིང་ཐོ་བཀོད། “དགེ་རྒན་དང་སློབ་མ་རྣམས་ཀྱི་སྤྲོ་སེམས་འཁོལ་བའི་བསུ་མ་ནི་བདག་གི་བློ་ཡུལ་ལས་འདས། ”ཡང་བསྐྱར་སེམས་འགུལ་ཐེངས་ཤིག་ཐེབས་སོང་། ཀུའུ་ཡན་སོགས་རོགས་སྐྱོར་དགེ་རྒན་རྣམས་གཏེར་ལེན་ཁ་སློབ་འབྲིང་དང་པོའི་སྒོ་ཆེན་ནས་འཛུལ་མ་ཐག སློབ་གྲྭའི་སྒོ་འགྲམ་གཉིས་སུ་དགེ་རྒན་གསར་བ་རྣམས་ལ་བསུ་བ་བྱེད་པའི་རུ་དཔུང་གྲལ་དུ་བསྒྲིགས་ཏེ། དགེ་སློབ་རྣམས་ཀྱིས་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་བྱས།
དེ་ལྟར། ཀུའུ་ཡན་སོགས་གསར་དུ་ཡོང་བའི་དགེ་རྒན་རྣམས་ཀྱིས་ཁོར་ཡུག་གསར་བ་དེ་རུ་ཆེས་སྤྱིར་བཏང་དང་ཡང་ན་ཆེས་དམིགས་བསལ་ཡིན་པའི་སློབ་གསོའི་རོགས་སྐྱོར་གྱི་བྱ་བ་སྒྲུབ་མགོ་བརྩམས།
དགེ་རྒན་ཀུའུ་ཡན་གྱིས་བདུན་ཐིག་བརྒྱད་འཛིན་གྲྭའི་འཛིན་བདག་དང་དབྱིན་ཡིག་དགེ་རྒན་གྱི་འགན་འཁུར། མོ་དང་མཉམ་དུ་ཡོང་བའི་ཧྥང་ཀྲིག་མཐོ་གསར་དངོས་བཤེར་རིག་པའི་སློབ་གྲྭའི་དགེ་རྒན་དབྱང་པེན་གྱིས་གྲངས་རིག་སློབ་ཁྲིད་ཀྱི་འགན་འཁུར། ཧང་ཀྲིག་ཕུའུ་ཡན་སློབ་འབྲིང་གི་དགེ་རྒན་ལེ་ཡན་ཧོང་གིས་དབྱིན་ཡིག་དགེ་རྒན་གྱི་འགན་འཁུར། བཞུགས་མོལ་དང་བགྲོ་གླེང་བྱས་པ་བརྒྱུད་ནས་རོགས་སྐྱོར་དགེ་རྒན་རྣམས་ཀྱིས་རང་རང་གི་འགན་ནུས་གསལ་བོར་བྱས་ཏེ། ཐུན་མོང་གིས་ཡར་ཐོན་མདུན་སྐྱོད་དང་མཐུན་སྒྲིལ་མཉམ་ལས་ཀྱི་བདུན་ཐིག་བརྒྱད་འཛིན་གྲྭའི་བྱ་བར་འབད་བརྩོན་བྱས།
བྱས་རྗེས་ནི་འགན་འཁྲི་ལས་བྱུང་ཞིང་བྱ་སྤྱོད་ནི་ཐག་ཁུར་ལས་བྱུང་། ཕྱོགས་གཅིག་ནས་སློབ་མ་རྣམས་ལ་སློབ་ཁྲིད་ཀྱི་འཆར་གཞི་བཟོ་བ་དང་ཕྱོགས་གཅིག་ནས་མཐོ་སྒང་དུ་དབྱང་དབུགས་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། སེམས་ཞིབ་མོས་སློབ་མ་རེ་རེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཞོར། རོགས་སྐྱོར་དགེ་རྒན་གསུམ་མྱུར་དུ་སློབ་ཁྲིད་བྱེད་པའི་བྱ་བར་ཞུགས།
ཡིན་ནའང་འཆར་གཞི་ནི་འགྱུར་ལྡོག་གི་རྗེས་སུ་མི་ཆོད་དེ། སློབ་ཁྲིད་བྱས་པའི་གཟའ་འཁོར་དང་པོའི་ནང་དུ་འཛིན་གྲྭའི་བདག་པོ་ཡིན་པའི་དགེ་རྒན་ཀུའུ་ཡན་གྱིས་སློབ་གྲོགས་སྐོར་ཞིག་ལ་གནས་པའི་གནད་དོན་ཡང་མཐོང་བྱུང་སྟེ། སློབ་ཁྲིད་ཀྱི་སྐབས་སུ་ཟས་རིགས་སྣ་ཚོགས་ཟ་བ་དང་ལྐོག་ཏུ་ཁ་པར་ལ་རྩེ་བ། དྲི་བ་དྲིས་ཚེ་ལན་མི་འདེབས་བ་སོགས་ཀྱི་གནད་དོན་མཐོང་བྱུང་།
སློབ་མ་རྣམས་ལ་སློབ་ཁྲིད་བྱེད་སྐབས་སློབ་ཁྲིད་ལ་ནན་ཏན་གྱིས་མི་ཉན་པ་དང་དགེ་རྒན་ལ་གཞོགས་འདེགས་མི་བྱེད་པ་སོགས་ནི་ཁོ་ཚོ་ད་དུང་ང་དང་བར་ཐག་ཡོད་པ་མཚོན་ཐུབ། སློབ་ཁྲིད་ཀྱི་བྱ་བར་ཡུན་རིང་བོར་ཞུགས་མྱོང་བའི་དགེ་རྒན་ཀུའུ་ཡན་གྱིས་འཛིན་གྲྭའི་ནང་གི་གནད་དོན་ལ་གདོང་གཏོད་དུས། དེ་ནི་གནད་དོན་མི་ལེགས་པ་ཞིག་ལ་གཏན་ནས་ངོས་འཛིན་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ། ཁོ་མོས་དེ་ནི་སློབ་མ་རྣམས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཡིན་པར་བསམ་བཞིན་ཡོད།
དེ་བས་ཐོག་མར་ཁོ་མོས་འཛིན་གྲྭའི་ནང་དུ་གུ་ཡངས་ཀྱི་འཛིན་གྲྭའི་སྒྲིག་ལམ་ཞིག་བཟོས་ནས། སློབ་མ་རྣམས་ཀྱིས་རང་རང་གི་སེམས་དོན་ཤོག་ངོར་བྲིས་ནས་རང་ཉིད་ལ་སྤྲོད་དུ་བཅུག
“འཇིག་རྟེན་འདི་ན་ད་དུང་མི་བཟང་མང་པོ་ཡོད། ཁྱོད་ཀྱིས་ཀྱང་དེ་འདྲའི་སེམས་ཁྲལ་བྱེད་མི་དགོས། གང་ལྟར་ཡང་བསམ་གཟས་ནས་མིན་པས། གཙོ་བོ་ཁྱོད་ཀྱིས་ཡིད་ལ་ཟུངས། རྗེས་སུ་མི་གཞན་ཡང་དཀའ་ངལ་ལ་འཕྲད་པའི་སྐབས་སུ། གལ་ཏེ་རང་གི་ནུས་པའི་ཁྱབ་ཁོངས་སུ་ཡོད་པ་ཞིག་ཡིན་ཚེ། ཅིས་ཀྱང་རོགས་སྐྱོར་གྱི་ལག་ཟུང་བསྲིང་དགོས། ”ཡི་གེ་ཚན་བཤུས་འདི་ནི་དགེ་རྒན་ཀུའུ་ཡན་གྱིས་སློབ་མ་རྣམས་ལ་ལན་སློག་པའི་མཆན་བཤད་ཁྲོད་དུ་དྲངས་པ་སྟེ། སློབ་མ་ཧི་ཏོན་ཡང་ཉིན་ཞིག་བྲེལ་འཚུབ་ཀྱིས་ཕྱི་སྒོར་འགྲོ་དུས་སྒོར་མོ་འཁྱེར་རྒྱུ་བརྗེད་པས་རླངས་འཁོར་ཁ་ལོ་བར་སྒོར་མོ་སྟེར་རྒྱུ་མེད་པར་གྱུར་བའི་རྗེས་ཀྱི་སེམས་ཁྲལ་གྱི་བསམ་བློར་མོས་སེམས་གཏིང་ནས་སེམས་གསོ་བྱེད་པར་བྲིས་པ་ཞིག་རེད།
རིམ་གྱིས་འཛིན་གྲྭའི་ནང་དུ་ཁོ་མོར་ཡི་གེ་བྲིས་ནས་གནས་ཚུལ་ལྷུག་པོར་བཤད་མཁན་གྱི་སློབ་མ་ཇེ་མང་ནས་ཇེ་མང་རེད། ལ་ལ་ཞིག་ནི་སློབ་སྦྱོང་གི་དཀའ་གནད་སྐོར་ལ་བཀའ་སློབ་ཞུ་མཁན་ཡིན་པ་དང་ལ་ལ་ཞིག་ནི་སེམས་གཏམ་བཤད་མཁན་རེད། ཁོ་མོས་བྱེད་ཐབས་དེ་འདྲ་ཞིག་སྤྱད་དེ་སློབ་མ་རེ་རེའི་བསམ་བློ་དང་དྲན་ཕྱོགས་ལ་རྒྱུས་ལོན་བྱས་པ་དང་། དེ་ལྟར་བྱས་པས་དགེ་སློབ་བར་གྱི་འབྲེལ་བ་ཇེ་ལེགས་སུ་སོང་བར་མ་ཟད་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་དེ་ཡང་བཟང་ཕྱོགས་སུ་འཕེལ།
བདུན་ཐིག་བརྒྱད་འཛིན་གྲྭའི་ཁྱིམ་གཞི་ཆེན་མོ་དེར་ཞུགས་པའི་ཉིན་དང་པོ་ནས་བཟུང་། རོགས་སྐྱོར་བྱེད་དུ་ཡོང་བའི་དགེ་རྒན་གསུམ་གྱི་སློབ་ཁྲིད་ཀྱི་བྱ་བ་དང་འཚོ་བ་སོགས་ཐམས་ཅད་འཛིན་གྲྭ་དེའི་སློབ་མ་བཞི་ཅུ་ཞེ་དགུ་དང་མཉམ་དུ་འབྲེལ་ཞིང་། གཟའ་སྤེན་པའི་ཉི་མ་ཡང་རིན་མེད་སྒོས་སློབ་མ་རྣམས་ལ་ལས་བྱའི་སྐོར་ནས་ཟུར་ཁྲིད་བྱས་ཏེ། སློབ་མའི་སློབ་སྦྱོང་གི་རང་རྟོགས་ནུས་པ་སྐྱེད་སྲིང་བྱས། ཐ་ན་གནང་བའི་ངལ་གསོའི་སྐབས་སུ་ཡང་སློབ་མ་རྣམས་དང་མཉམ་དུ་དཔེ་མཛོད་ཁང་དུ་སོང་ནས་རང་སྦྱོང་བྱེད་བཞིན་ཡོད། དགེ་རྒན་ཀུའུ་ཡན་དང་འདྲ་བར་རོགས་སྐྱོར་དགེ་རྒན་ལེ་ཡན་ཧོང་དང་དགེ་རྒན་དབྱང་པེན་གཉིས་ཀྱི་སེམས་སུ་ཡང་རང་ཉིད་ཀྱི་ཕྲག་སྟེང་དུ་འགན་འཁྲི་ལྗིད་མོ་ཞིག་ཡོད་པར་བསམ་བཞིན་ཡོད་དེ། “ཧང་ཀྲིག་འཛིན་གྲྭའི”སློབ་མ་བཞི་བཅུ་ཞེ་དགུའི་སློབ་སྦྱོང་གི་ནུས་པ་མཐོར་འདེགས་སུ་གཏང་རྒྱུ་ནི་ཁོ་ཚོ་ཐེངས་འདིར་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་དམིགས་འབེན་ཡིན་པས་རེད། “དེ་བས་ང་ཚོ་དགེ་རྒན་གསུམ་གྱིས་ཉིན་གུང་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གང་ལེགས་བྱས་ནས། སློབ་མ་རྣམས་ངལ་ཡག་པོ་གསོ་རུ་བཅུག་ནས་ཕྱི་དྲོའི་སློབ་ཁྲིད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་ཅི་ཐུབ་བྱས་པ་དང་། ཉིན་རྒྱུན་དུ་ཕྱི་དྲོའི་དུས་ཚོད་གཉིས་ནས་གསུམ་གྱི་བར་དུ་ཁོ་ཚོ་འཛིན་གྲྭའི་ནང་དུ་སོང་ནས་ལས་བྱར་ཞུ་དག་བྱེད་པ་སོགས་ཀྱིས་སློབ་མ་རྣམས་ལ་ཟུར་ཁྲིད་བྱེད་བཞིན་ཡོད། ”
ཤེས་མེད་ཚོར་མེད་ཀྱི་ངང་ནས་ཧང་ཀྲིག་ནས་ཡོང་བའི་རོགས་སྐྱོར་དགེ་རྒན་གསུམ་གྱིས་བདུན་ཐིག་བརྒྱད་འཛིན་གྲྭའི་སློབ་མ་རྣམས་དང་འབྲེལ་འདྲིས་བྱས་ནས་ཟླ་བཅུ་འགོར་སོང་། དགེ་རྒན་གསུམ་གྱི་སེམས་ཞིབ་མོའི་དཀའ་སྤྱད་འབད་བརྩོན་འོག བདུན་ཐིག་བརྒྱད་འཛིན་གྲྭའི་སྦྱངས་འབྲས་དེ་ཡང་རིམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་དེ། དབྱར་གནང་གཏོང་ལ་ཉེ་བའི་སྐབས་སུ་འཛིན་གྲྭའི་སྤྱིའི་རྒྱུགས་འབྲས་དེ་ལོ་རིམ་གཅིག་པའི་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོར་གྱུར། ཆ་སྙོམས་ཀྱི་རྒྱུགས་འབྲས་དེ་ཡང་ཨང་གཉིས་པ་དང་བསྡུར་ན་སྐར་གྲངས་ཉི་ཤུ་ཙམ་གྱིས་མཐོ།
ལོ་ཙཱ་བ། གཡང་འབུམ་རྒྱལ།