རང་ཉིད་ལ་བརྟེན་ནས་དབུལ་ཐར་བྱས་ན་སེམས་པ་སྐྱིད།
2019.07.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 73

སྡེ་དམངས་རྣམས་ཀྱིས་ཝུན་ཝུའུ་ཅུན་འགྱུར་འདུག་ཅེས་བཤད་བཞིན་ཡོད་ལ། ཁོ་རང་ཉིད་ཀྱིས་ཀྱང་དེ་ལྟར་འདོད། ཉིན་རྒྱུན་ཚོང་ཟོག་སྐྱེལ་འདྲེན་བྱེད་སྐབས་རྐེད་པ་མར་སྒུར་ཡོད་ནའང་། ཁོས་རང་ཉིད་ཀྱི་རྐེད་པ་སྔོན་ལས་ཇེ་དྲང་དུ་གྱུར་ཡོད་པར་སྙམ།

ད་ལོར་ལོ་ཞེ་བཞི་ལ་བུད་པའི་ཝུན་ཝུའུ་ཅུན་ཚང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཐུང་ཅ་སྡེ་བར་ཡོད་ཅིང་། ལོ་ངོ་ཉི་ཤུའི་ཡར་སྔོན་དུ་བུ་མོ་སྐྱེས་པ་ནས་བཟུང་། དེ་སྔོན་གྱི་ཁོ་ཚང་གི་ལྷིང་འཇགས་ཀྱི་འཚོ་བ་དཀྲོགས་པར་བྱས།

“ཝུན་ཝུའུ་ཅུན་ནི་མི་དྲང་མོ་ཞིག་ཡིན། ཡིན་ཡང་ཁོའི་བུ་མོར་སྐྱེས་མ་ཐག་ནས་ཀླད་སྐྱོན་བྱུང་ཡོད་པ་དང་། ས་ཞིང་འདེབས་པ་ལས་གཞན་བཟའ་མི་གང་བོས་ཁོ་ཞོར་ལས་ལ་སོང་བའི་ཡོང་སྒོ་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།”སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གཡང་དྲུང་ཁོ་ཚང་གི་གནས་ཚུལ་ལ་ཧ་ཅང་གསལ་ཆ་འདུག

མ་གཞིར་འཚོ་བ་འདི་ལྟར་ངན་ངོན་གྱིས་རོལ་ཐབས་བྱེད་ཆོག་པར་སྙམ་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་ལོ་བཅུ་ལ་སོན་སྐབས་མོར་གློ་བུར་དུ་བརྒྱལ་གཟེར་གྱི་ནད་བྱུང་ཞིང་། ནད་འཕར་ཐེངས་རེར་ནམ་རྒྱུན་ཐང་ལ་འགྱེལ་ཏེ་རྨས་སྐྱོན་ཕོག་པས། མོར་ལྟ་སྐྱོང་བྱེད་མཁན་གྱི་མི་ཞིག་དགོས་པ་མ་ཟད། ད་དུང་དུས་ཚོད་ཉེར་བཞིའི་རིང་ལ་མོ་དང་གོམ་པ་གང་ཡང་འབྲལ་མི་རུང་།

བུ་མོ་སྔ་མོ་ནས་བདེ་ཐང་ཡོང་བའི་ཆེད་དུ། ཝུན་ཝུའུ་ཅུན་གྱིས་བྱེད་ཐབས་གང་མང་ཞིག་བཙལ། ལོ་ཧྲིལ་པོར་མགོ་མཇུག་བར་གསུམ་དུ་བྲེལ་བ་ཤིན་ཏུ་ཆེ་ནའང་། སྒོར་མོ་མང་པོ་ཞིག་བཙལ་མ་ཐུབ་ལ། ཁོ་རང་ཉིད་ལའང་དབུགས་འཚང་བའི་ནད་བྱུང་བས། བཟོ་གྲྭའི་ལས་ཡུལ་དུ་གླ་པ་བྱེད་བཞིན་པའི་ཁོར་ཡང་དེ་མ་ཐག་བྱ་བ་མེད་པར་གྱུར། 2013ལོར། སྲིད་གཞུང་གི་རོགས་རམ་འོག ཝུན་ཝུའུ་ཅུན་གྱིས་རླངས་འཁོར་གྱི་འཛིན་ཡིག་བླངས་ཤིང་། ཁོ་རྫོང་ཐོག་གི་ཚོང་ཁང་ཞིག་གི་ཚོང་ཟོག་སྐྱེལ་མཁན་བྱས་པས། ཟླ་རེ་རེར་སྒོར་སྟོང་གསུམ་ཡས་མས་ཀྱི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར། ལོ་ངོ་གཉིས་ཀྱི་རྗེས་སུ། བུ་མོ་ཡང་བསྐྱར་པེ་ཅིན་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད་ལ། ཝུན་ཝུའུ་ཅུན་གྱིས་ཡར་བསྐྱིས་མར་བསྐྱིས་བྱས་ཏེ་ད་གཟོད་སྨན་རིན་ལོངས་ཐབས་བྱས།

“ནད་སྟོན་པར་སྒོར་ཁྲི་བཅུ་ལྷག་བཀོལ་བས། དེས་ཁྱིམ་ཚང་གི་འབྱོར་བ་ཇེ་ཞན་དུ་བཏང་བ་མ་ཟད། གཞན་ལ་བུ་ལོན་ཡང་མང་པོ་ཞིག་ཆད་ཡོད། བཟའ་མི་གང་བོས་ད་རུང་འཚོ་བ་རོལ་དགོས་ཤིང་། བུ་མོས་ཀྱང་ཉིན་རྒྱུན་དུས་ལྟར་སྨན་འཐུང་དགོས། སྐབས་རེར་དེ་དག་ལ་འདང་ཞིག་བརྒྱབས་ན། འཚོ་བ་རོལ་ཐབས་མེད་པར་སྙམ།”

ཝུན་ཝུའུ་ཅུན་ཐབས་ཟད་འུ་ཐུག་ཏུ་གྱུར་པའི་སྐབས་དེར། “སྒོར་ཁྲི་གཉིས་ཀྱི་དོམ་ཆད་པའི་རྩིས་ཐོ་ཞིག་སྦྱིན་བདག་གིས་ཟིན་ཐོར་འགོད་རྒྱུ་བརྗེད་པ་དང་། ངས་སྒོར་དེ་དག་ཚུར་བླངས་རྗེས་མགྱོགས་མྱུང་ངང་སྦྱིན་བདག་ལ་སྤྲད་པ་ཡིན།”སྒོར་ཁྲི་གཉིས་དེ་ཇི་མ་ཇི་བཞིན་དུ་བདག་པོར་སྤྲད་དེ་ཅང་མ་འགོར་བར། ཝུན་ལགས་ཡང་བསྐྱར“དོན་བཟང”ཞིག་ལ་འཕྲད་དེ། “ནམ་རྒྱུན་ཕར་ཚོང་ཟོག་སྐྱེལ་བཞིན་པའི་རང་འདེམས་ཚོང་ཁང་ཞིག་གིས་ང་ཚོའི་ཚོང་ཁང་ལ་སྒོར་ཁྲི་གཉིས་ཆད་པ་དང་། སྒོར་ཁྲི་གཅིག་སྤྲད་རྗེས་ཅང་མ་འགོར་བར་ཡང་བསྐྱར་སྒོར་ཁྲི་གཉིས་འཁྱེར་ནས་ཐོན་བྱུང་། ངས་སྦྱིན་བདག་དེར་དྲན་སྐུལ་བྱས་པ་ན་ཁོས་ད་གཟོད་ཐེངས་སྔོན་མར་སྒོར་ཁྲི་གཅིག་སྤྲད་ཟིན་པ་ཡིད་ལ་དྲན།”

བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པའི་དཔེ་ལྟར། གཞུང་དྲང་ཟོལ་མེད་དང་ཁ་དན་ཚིག་ལ་གནས་པའི་ཝུན་ཝུའུ་ཅུན་ལ་སྦྱིན་བདག་གི་ཁས་ལེན་ཐོབ་པ་མ་ཟད། སྲིད་གཞུང་གི་རོགས་སྐྱོར་ཡང་ཐོབ། 2015ལོར། ཁོ་ཚང་སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་བདམས་པས། ཟླ་རེར་ཆེས་དམའ་བའི་རོགས་དངུལ་བླངས་ཏེ་ཁྱིམ་ཚང་གི་འགྲོ་གྲོན་ཐད་བཀོལ་ཆོག ཐོན་ལས་དབུལ་སྐྱོར་མ་དངུལ་ས་དེ་གའི་ཁེ་ལས་སུ་མ་རྐང་དུ་བཞག་ཡོད་ལ། ལོ་མཇུག་ཏུ་སླེབས་པ་ན་ད་རུང་ཁེ་སྤོགས་བགོ་རྒྱུ་ཡོད། ཉེན་ཁང་བསྒྱུར་བཀོད་ཀྱི་ལས་གཞི་ལ་བརྟེན་ནས། ཁོ་ཚང་ལ་ཁང་པ་གསར་པ་གཉིས་ལས། ལྷག་པར་དུ་བུ་མོ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་རྗེས་ཀྱི་རྩིས་ཞུ་བསྡུར་ཚད་ཇེ་མཐོར་བཏང་བ་དེས། ཁྱིམ་ཚང་གི་ཁུར་བོ་ཆེན་པོ་ཇེ་ཡང་དུ་བཏང་། སྲིད་གཞུང་གིས“ཐ་སྐྱོང”བྱས་ནའང་། ཕྱུག་བསྒྱུར་ནི་རང་ཉིད་ལ་བརྟེན་དགོས། “དབུལ་ཕོངས་ཁྱིམ་ཚང”གི་ཞྭ་མོ་གྱོན་ཡོད་པ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་མོད། ཡིན་ཡང་ཝུན་ཝུའུ་ཅུན་གྱི་སེམས་པ་དེ་འདྲའི་སྐྱིད་པོ་ཞིག་ཡེ་ནས་མིན། 2016ལོའི་ལོ་མཇུག་ཏུ། སྡེ་བས་ཁང་པ་སྟོང་བ་ཞིག་ལོགས་སུ་བླངས་ནས། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་ལ་རང་འདེམས་ཚོང་ཁང་ཕྱེ་རུ་བཅུག་སྟེ་ཡོང་སྒོ་འཕར་དུ་འཇུག་རྒྱུ་ཐག་བཅད། ཝུན་ཝུའུ་ཅུན་གྱིས་གནས་ཚུལ་དེ་ཐོས་མ་ཐག མྱུར་དུ་མིང་ཐོ་བཀོད་མོད། འགྲོ་གྲོན་ལ་བསམ་བློ་ཞིག་བཏང་བ་ན་དེ་མ་ཐག་སེམས་ཁྲལ་ཆེན་པོ་སྐྱེས།

“ཁང་གླ་མི་དགོས། ཉིན་རྒྱུན་ཐང་ཆེན་གྱི་གཙང་སྦྲ་ལ་གད་བདར་བྱས་པས་ཆོག”ཧྲུའུ་ཅི་དབྱང་ལགས་ཀྱིས་བཤད་པའི་སྐད་ཆ་དེས། ཝུན་ལགས་ཀྱི་སེམས་པ་བདེ་རུ་བཅུག ཁྱིམ་དུ་ལོག་སྟེ་ཆུང་མ་སུང་ཧའེ་ལེན་ལ་གྲོས་བསྡུར་བྱས་རྗེས། སྲིད་གཞུང་གི“530”དངུལ་བུན་ལ་རེ་ཞུ་བྱས་ཤིང་། 2017ལོའི་ཟླ་བརྒྱད་པར། ཐུང་ཅ་སྡེ་བའི་བྱམས་བརྩེའི་རང་འདེམས་ཚོང་ཁང་སྒོ་ཕྱེས་ཏེ་ལས་གཉེར་བྱེད་མགོ་བརྩམས།

“སྲིད་གཞུང་གིས་ང་ཚོར་རོགས་རམ་འདི་འདྲ་ཆེན་པོ་ཞིག་བྱས་ན། ང་ཚོ་རང་ཉིད་ཀྱང་འགུལ་སྐྱོད་བྱེད་དགོས།”སྔོན་ཆད། སྡེ་བའི་ནང་གི་ཚོང་ཁང་ཆུང་བ་དག་གི་ཚོང་རྫས་ཀྱི་རིན་གོང་རྫོང་མཁར་དང་བསྡུར་ན་ཅུང་མཐོ་མོད། ཝུན་ཝུའུ་ཅུན་བཟའ་ཟླ་གཉིས་ཀྱིས་རང་ཉིད་ཀྱི་འདོད་བློ་རྒྱུན་འཁྱོངས་བྱས་ཏེ། “བྱམས་བརྩེའི་རང་འདེམས་ཚོང་ཁང”གི་སྒོ་བྱང་བཀལ་ལ། ཚོང་རྫས་ཀྱི་རིན་གོང་རྫོང་ཐོག་གི་རང་འདེམས་ཚོང་ཁང་དག་དང་གཅིག་འདྲ་ཡིན་པར་མ་ཟད། ད་རུང་གོ་རེ་དང་ཐུག་པ་སོགས་བཙོངས་ཏེ་སྡེ་བའི་ནང་གི་རྒན་པ་དག་ལ་སྟབས་བདེ་བསྐྲུན། དེ་ལྟར་རྒྱུན་བསྐྱངས་པ་ན། སྡེ་དམངས་ཚང་མ་ཁོ་ཚང་གི་རང་འདེམས་ཚོང་ཁང་དུ་དངོས་པོ་ཉོ་རུ་ཡོང་འདོད་ལ། སུང་ཧའེ་ལེན་གྱིས་རྩིས་ཤིག་བརྒྱབས་པ་ན། ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་གཅིག་ལ་སླེབས་འདུག ཆུང་མའི་རོགས་རམ་ཡོད་པ་ན། ཝུན་ཝུའུ་ཅུན་གྱིས་ཀྱང་སྔར་ལས་ནུས་ཤུགས་གང་ཡོད་ཀྱིས་ལས་ལ་བརྩོན་ཞིང་། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་པར་མ་ཟད། ཐ་ན་ཚོང་ཟོག་དན་ཐོ་གཅིག་གི་ཆེད་དུའང་ནམ་རྒྱུན་གང་སར་ཡར་རྒྱུག་མར་རྒྱུག་བྱས་པས། ཚོང་བྲིན་དུས་བྱ་བའི་གྲུབ་འབྲས་ནམ་རྒྱུན་མདུན་གྲལ་དུ་སླེབས་ཡོད།

2018ལོར། ཝུན་ཝུའུ་ཅུན་ཚང་མཚོ་ལྷོ་ཁུལ་གྱི་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་བདམས། སྟེགས་བུའི་སྟེང་དུ་ལངས་ཏེ་གཟི་བརྗིད་དཔང་ཡིག་དམར་པོ་དེ་ཚུར་ལེན་སྐབས། ཁོར་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྤྲོ་དཔག་མེད་སྐྱེས་ཤིང་། མིག་མཐར་དབང་མེད་དུ་མཆི་མ་འཁོར། ཁྱིམ་དུ་སླེབས་རྗེས། ཁོས་གཟི་བརྗིད་དཔང་ཡིག་དེ་ཆུང་མར་སྤྲད་ཅིང་། བཟའ་ཟླ་གཉིས་ཀྱིས་དཔག་ཡིག་དེར་ལྟ་བཞིན་དབུགས་རིང་ཞིག་ཕྱུངས་བ་དང་། ཡུན་རིང་སེམས་སུ་སྦས་པའི་མིག་ཆུ་དེ་གཞི་ནས་ཕྱིར་བཞུར།

“ད་ལྟ་ངས་སྒྲུབ་བཞིན་པའི་ཚོང་ཁང་གི་ལས་ཀ་བཟང་ཞིང་། ཆུང་མས་རང་འདེམས་ཚོང་ཁང་འདི་གཉེར་ན། སྒོར་མོ་བཙལ་ཐུབ་པར་མ་ཟད་བྱིས་པ་གཉིས་ལའང་བདག་སྐྱོང་བྱེད་ཐུབ། རང་ཉིད་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་བྱས་ན་སེམས་པ་ད་གཟོད་སྐྱིད་པོ་ཞིག་རེད། ནན་ཏན་གྱིས་ལས་ཀ་འདི་བསྒྲུབས་ན། རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་ཁོ་ཐག་རེད”ཅེས་ཝུན་ཝུའུ་ཅུན་གྱིས་དེ་ལྟར་བཤད་སྐབས་གདོང་ལ་འཛུམ་གྱིས་ཁེངས་འདུག །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།