བྱེ་མའི་ཐང་གི་སྤང་ལྗོངས་དེའི་ཆེད་དུ།
2019.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཞོགས་པའི་ཉི་ཟེར་ས་གཞི་ཡོངས་སུ་འཕྲོས་པ་དང་མཉམ་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་བར་ཐག་སྤྱི་ལེ་དྲུག་ཅུ་ཡོད་པའི་ནགས་རར་ཐོན་པ་དང་། ནགས་ལས་སྲུང་སྐྱོབ་ས་ཚིགས་ཀྱི་ཚེ་རིང་བཀྲ་ཤིས་ཀྱིས་ཉིན་གཅིག་གི་སྤྱིར་བཏང་གི་ནགས་སྲུང་བྱ་བ་ལས་མགོ་བརྩམས།

ད་ལོ་ལོ་ཞེ་ལྔ་ཡིན་པའི་ཚེ་རིང་བཀྲ་ཤིས་ནི་ཏུའུ་ལན་རྫོང་ནགས་ལས་ར་བའི་ནང་གི་ནགས་སྲུང་བ་ཞིག་ཡིན་ལ། གདོང་གི་གཉེར་མ་དང་ལག་པར་བལྟས་ན། ལོ་འདི་འགའི་རིང་ནགས་ཚལ་དང་འབྲེལ་འདྲིས་བྱས་ཏེ་བཞག་པ་རེད།

ལོ་མང་པོར་ནགས་ལས་དོ་དམ་བྱ་བ་གཉེར་བའི་རྒྱུ་རྐྱེན་གྱིས་ཁོའི་ལུས་སྟེང་དུ་ས་དང་ལྡུམ་བུའི་དྲི་མ་ཞིག་འཐུལ་ཡོད་ལ་བརྗོད་མི་ཤེས་པ་ཞིག་རེད། འོན་ཀྱང་། ཁོའི་ལུས་སྟེང་གི་ལྭ་བ་དང་ཧ་ཅང་བྱང་ཆ་ལྡན་པའི་ལྟ་ཞིབ་ཚད་ལེན་གྱི་འཕྲུལ་ཆས་སྣ་ཚོགས་རླངས་འཁོར་དུ་འཇོག་སྐབས། ལོ་དུ་མང་གི་རིང་ལ། ནགས་ཚལ་དུ་འཚོ་སྡོད་བྱས་པའི་ཁོར་ཡུག་ལས་སྦྱོང་བརྡར་ཆེན་པོ་ཐོབ་ཡོད་པ་ཤེས།

“དུས་ཚོད་ཅུང་འཕྱི་བས། ང་ཚོ་མྱུར་དུ་ལམ་ལ་ཆས།”ཉིན་དེར། ཚེ་རིང་བཀྲ་ཤིས་དང་ཁོའི་ལས་གྲོགས་གསུམ་གྱིས་ཤངས་སྡེ་གྲོང་རྡལ་ས་རྒྱུད་ཀྱི་བྱེ་འགོག་ནགས་སར་ལྟ་ཞིབ་ཚད་ལེན་དང་དོ་དམ་སྲུང་སྐྱོབ་ཀྱི་འགན་ཁུར་བཞིན་ཡོད། རླངས་འཁོར་དུ་འདུག་སྐབས། ཁོ་ཚོས་ད་དུང་སྔ་མོ་ནས་གྲ་སྒྲིག་བྱས་པའི་ཟ་མ་དང་ཇ་འཁྱེར་ནས་འགྲོ་བཞིན་ཡོད་ལ། རྒྱུ་མཚན་ནི་ཁོ་ཚོ་ལམ་ལ་ཆས་ཏེ་སོང་ན་ཕལ་ཆེར་ཉིན་གཅིག་ལ་ཕྱིར་ལོག་མི་ཐུབ།

རླངས་འཁོར་ལ་བསྡད་དེ་འགོག་སྲུང་ནགས་རར་འགྲོ་བའི་ལམ་བར་དུ། ཚེ་རིང་བཀྲ་ཤིས་དང་ལས་གྲོགས་ཚོར་ཁ་བརྡ་ཧ་ཅང་ཉུང་ལ། སྐབས་འགར་ལག་ཏུ་བཟུང་བའི་རྙིང་ཧྲུལ་དུ་གྱུར་ཡོད་པའི་འགོག་སྲུང་ནགས་ཀྱི་འཆར་འགོད་རི་མོ་ཡང་བསྐྱར་བལྟ་བཞིན་ཡོད་པ་དང་། བྱ་བྱེའུ་ཡི་གྲེ་འགྱུར་སྙན་མོ་ནི་རྒྱང་རིང་དུ་བསྐྱོད་སྐབས་ཀྱི་རམ་དཀྲོལ་རོལ་མོ་དང་མཚུངས།

རླངས་འཁོར་རྒྱལ་ལམ109བརྒྱུད་ནས་མགྱོགས་མྱུར་སྒོས་བསྐྱོད་བཞིན་ཡོད་ལ། རྒྱལ་ལམ་འགྲམ་གཉིས་ཀྱི་ནགས་ཚལ་ཕྱོགས་རིང་བོར་བསྲིངས་ཡོད།

ཚེ་རིང་བཀྲ་ཤིས་ཀྱིས་ང་ཚོར་ཁོའི་དེ་སྔོན་གྱི་མྱོང་བ་བརྗོད་བྱུང་། “ལོ་ངོ་ཉི་ཤུའི་སྔོན་ལ། ཁྱོད་རང་བགྲོད་ལམ་འདིའི་སྟེང་འགྲོ་སྐབས། རླུང་ཆེ་ལ་ས་སྨུག་འཐིབས་ཡོད་པ་དང་། བྱེ་མ་རྒྱལ་ལམ109ཡི་སྟེང་མཐུག་པོར་ཆགས་ཡོད”ཟེར།

ང་ཚོས་ལོ་འདི་འགའི་རིང་བྱེ་འགོག་གི་བྱ་བ་སྒྲུབ་པའི་གནས་ཚུལ་གླེང་ཞོར། ཇི་ལྟར་བྱས་ཏེ་གནས་འདིའི་སྐྱེ་ཁམས་ལ་འགྱུར་ལྡོག་འདི་འདྲ་ཆེན་པོ་འབྱུང་དུ་བཅུག་པ་ཡིན་ནམ་ཞེས་བཤད་སྐབས། ཐག་མི་རིང་བའི་གནས་སུ་འཆར་འགོད་གྲལ་དག་པའི་ནགས་ཚལ་ཞིག་ང་ཚོའི་མིག་ལམ་དུ་མངོན་བྱུང་། འགོག་སྲུང་ནགས་ཚལ་ཏེ་གཅིག་གིས་གཅིག་ལ་བསྟུད་ནས་རང་བྱུང་གི་བྱེ་མ་འགོག་བཅོས་བྱེད་པའི་སྲུང་ཡོལ་ཞིག་གྲུབ་ཡོད།

སྐབས་དེར། ཚེ་རིང་བཀྲ་ཤིས་དང་ལས་གྲོགས་རྣམས་རླངས་འཁོར་ལས་མར་བབས་ཏེ། བརྟག་དཔྱད་སྒྲིག་ཆས་རྣམས་རླངས་འཁོར་ལས་བླངས་ཏེ་བྲེལ་འཚུབ་ཀྱི་བྱ་བ་སྒྲུབ་མགོ་བརྩམས། ལངས་ནས་བསྡད་ན་མི་ཆོག་པར་ཙོག་པུར་འདུག་དགོས་ལ། ཁ་སྦུབ་ཏུ་བསྡད་ན་ཧ་ཅང་སྟབས་བདེ་བ་རེད། ནགས་ཚལ་དང་བྱེ་མ་འབྲེལ་ཡོད་པའི་གནས་སུ། ཁོ་ཚོའི་བྱ་བ་སྒྲུབ་པའི་རྣམ་པ་དེས་ལྷིང་འཇགས་ཀྱི་ནགས་ཚལ་དེ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་བསྣན།

ཡུན་རིང་འགོར་རྗེས། ཁོ་ཚོའི་གདོང་ལ་ས་རྡུལ་གྱིས་ཁེངས་ཡོད་པ་དང་། ཚེ་རིང་བཀྲ་ཤིས་ཀྱི་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་གྱིས་ཁེངས་ཡོད་ལ། ངོ་གདོང་ནག་པོ་དེའི་སྟེང་རིམ་གྱིས་འཛུམ་མདངས་ཞིག་རྒྱས་བྱུང་། མ་གཞི། ལྟ་ཞིབ་ཚད་ལེན་བྱས་ཏེ་ཤེས་པ་ལྟར་ན། གནས་དེའི་ས་རྒྱུད་ཀྱི་བྱེ་འགྱུར་ཅན་གྱི་མྱུར་ཚད་དེ་ཐེངས་སྔོན་མར་ལྟ་ཞིབ་ཚད་ལེན་བྱེད་སྐབས་དང་བསྡུར་ན་སྤྱི་ལེ་གཅིག་ཇེ་ཉུང་དུ་སོང་ཡོད་པ་རེད།

ལྟ་ཞིབ་ཚད་ལེན་བྱས་ཏེ་བསྡོམས་རྩིས་བྱས་རྗེས། ཁོ་ཚོས་དངོས་པོ་དོ་དམ་བྱས་ཏེ་འགོག་སྲུང་ནགས་ཚལ་གནས་གཞན་ཞིག་ཏུ་སོང་། མིག་མདུན་གྱི་སྤྱི་ཆིངས་བཞི་བཅུ་ལྷག་ཡོད་པའི་ནགས་རྒྱུད་དེ་ནི་དེ་རིང་ཁོ་ཚོའི་དོ་དམ་སྲུང་སྐྱོབ་བྱེད་པའི་ས་གནས་གཙོ་བོ་རེད། རྒྱུ་མཚན་ནི། གནས་དེ་ནི་ཏུའུ་ལན་རྫོང་བྱེ་འགྱུར་ཅན་སྔོན་འགོག་གི་གནས་གཙོ་བོ་ཡིན་ལ། གནས་དེའི་སྡོང་བོ་རྐང་རེ་རེ་སྐྱེས་ཚད་བཟང་བོ་ཡིན་པ་ཁག་ཐེག་བྱེད་དགོས།

ལོ་ངོ་མང་པོའི་རིང་ནགས་ལས་འགོག་སྲུང་བྱ་བ་སྒྲུབ་པས། ཚེ་རིང་བཀྲ་ཤིས་དང་ལས་གྲོགས་རྣམས་ཀྱིས་སྡོང་བོ་ཞིག་ལ་སྐྱོན་ཡོད་མེད་མིག་གིས་བལྟས་ཏེ་ཐག་གཅོད་བྱེད་ཐུབ། འོན་ཀྱང་། ཁོ་ཚོས་སྔར་བཞིན་ཞིབ་ཚགས་སྒོས་སྡོང་རྐང་རེ་རེར་བརྟག་དཔྱད་བྱེད་པ་དང་། མིག་གིས་བལྟ་བ་དང་ལག་པས་རེག་པ། ཡོ་བྱད་ཀྱིས་བརྟག་དཔྱད་ཐེངས་རེར་བཅས་བྱེད་སྲིད།

“ནགས་ཚལ་འདི་ད་ལོར་སྐྱེས་པ་ཧ་ཅང་བཟང་།”སྡོང་བོ་ལག་པས་རེག་ཞོར་ཚེ་རིང་བཀྲ་ཤིས་དགའ་ཞིང་བློ་བདེ་བས་ངང་དེ་ལྟར་བཤད། འབུ་གནོད་ཐེབས་ཡོད་པ་དང་སྐམ་ཡོད་པའི་སྡོང་བོ་ལ་ཁོ་ཚོས་ཁ་དོག་མི་འདྲ་བ་བྱུག་ནས་རྟགས་རྒྱག་པ་དང་། རྗེས་སོར་སྡོང་བོ་འཛུགས་སྐབས་སྡོང་བོ་གསར་བར་བརྗེ་བཞིན་ཡོད།

སྡོང་བོ་ཡོངས་ལ་བརྟག་དཔྱད་བྱས་མ་ཚར་བར་ཉིན་གུང་ལ་སླེབས་བྱུང་། ཚེ་རིང་བཀྲ་ཤིས་དང་ལས་གྲོགས་རྣམས་ཀྱིས་ནགས་འགྲམ་གྱི་ས་འབུར་ཞིག་ཏུ་གུང་ཟས་ལ་རོལ། བྲེལ་འཚུབ་ཀྱི་ཁྲོད་ཉིན་གུང་གི་གུང་ཟས་ལ་རོལ་བའི་དུས་ཚོད་མཇུལ་སྒྲིལ།

གནས་འདིའི་ནགས་ཀྱི་སྡོང་བོ་ཚང་མ་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱས་རྗེས། ཚེ་རིང་བཀྲ་ཤིས་དང་ལས་གྲོགས་རྣམས་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུའི་གནས་ཀྱི་ཤར་ཝའི་བྱེ་འགོག་གི་གནས་སུ་སོང་།

“ལྟོས་དང་། གནས་འདིའི་ནགས་ལ་སྐྱེ་སྟོབས་དང་རེ་བའི་ཁེངས་ཡོད། ལོ་ངོ་སུའི་ཅུའི་ཡར་སྔོན་དུ། གནས་འདི་ནི་ཅི་ཡང་མེད་པའི་ས་སྟོང་ཞིག་རེད།”ནགས་ཚལ་དང་ཐག་མི་རིང་བའི་གནས་ཀྱི་བྱེ་འགོག་སྲུང་ཡོལ་སོགས་ལ་བལྟ་ཞོར། ཚེ་རིང་བཀྲ་ཤིས་ཀྱི་མིག་ནང་དུ་བརྩེ་བ་ཟབ་མོའི་ཁེངས་ཡོད། མ་གཞི་ཚེ་རིང་བཀྲ་ཤིས་ཀྱིས་ཆུང་དུས་ནས་ཤར་ཝ་གྲོང་རྡལ་ཧི་པེ་སྡེ་བ་རུ་འཚོ་བ་རོལ་བཞིན་ཡོད་ལ། ཁོ་ནི་ས་གཞི་འདིའི་སྟེང་གི་རི་རྒོད་ནགས་ཚལ་དུ་གྱུར་བའི་བདེན་དཔང་མཁན་ལྟ་བུ་རེད།

ཤར་ཝ་གྲོང་རྡལ་དུ་ལངས་ནས་ཕྱོགས་བཞིའི་བྱེ་མར་བལྟ་སྐབས། མིག་ལམ་དུ་མངོན་པ་ནི་རིགས་མི་འདྲ་བའི་སྡོང་བོ་བཙུགས་ཏེ་སྐྱེ་སྟོབས་ཀྱིས་ཁེངས་ཡོད་པའི་ནགས་ཚལ་དག་ཡིན་ལ། དེ་དག་གིས་བྱེ་མའི་གནོད་འཚེ་འགོག་སྲུང་བརྟན་པོ་བྱས་ཡོད།

ལོ་ལྔ་བཅུ་འགའ་ཡིན་པའི་ཧེ་བུན་སི་ནི་ཤར་ཝ་གྲོང་རྡལ་ཞ་ཐ་ལ་སྡེ་བའི་སྡེ་མི་ཞིག་རེད། ཁོ་རང་ལོ་ལྔ་ཡིན་དུས་ཕ་མ་གཉིས་དང་མཉམ་དུ་མཚོ་ཤར་གྲོང་ཁྱེར་ནས་ས་འདིར་གནས་སྤར། དེ་སྔོན་གྱི་འདས་དོན་ལ་ཕྱིར་འདང་རྒྱག་ཞོར། ཁོས་ཞ་ཐ་ལ་སྡེ་བའི་བྱང་ཕྱོགས་ཀྱི་རི་བོ་བསྟན་ནས་བཤད་རྒྱུར། “དེ་སྔོན་གནས་དེ་དག་ཏུ་སྡོང་བོ་གཅིག་ཀྱང་མེད་ལ་ཚང་མ་བྱེ་མ་རེད། རླུང་ཆེན་ཞིག་གཡུག་ཚེ་བྱེ་མ་ཁྱིམ་དུ་ཡང་བཏབ་ཡོང་། ད་ལྟ། སྲིད་གཞུང་གིས་ལོ་རེར་སྡོང་བོ་འཛུགས་རྒྱུ་རྩ་འཛུགས་བྱེད་བཞིན་ཡོད་ལ། དེ་སྔོན་གྱི་བྱེ་མ་ལྗང་མདོག་གིས་བསྐོར་ཡོད་ལ། བྱེ་ས་ནགས་ཚལ་དུ་གྱུར་ཡོད། སྡོང་བོ་ཇེ་མང་དུ་སོང་བས། ནམ་ཟླ་དེ་སྔོན་དང་བསྡུར་ན་ཇེ་བཟང་དུ་སོང་ཡོད་ལ། ཆར་ཆུ་ཡང་ཇེ་མང་དུ་སོང་ཡོད་པས། ར་སྐོར་ནང་དུ་སྔོ་ཚོད་ཀྱང་བཏབ་ཆོག”ཟེར།

བྱེ་ཐང་གི་བྱེ་འབུར་ལ་འཇིག་པ་ཆེན་པོ་ཡོད། དགའ་འོས་པ་ཞིག་ནི་འགོག་སྲུང་ནགས་དང་མིས་བཟོས་ནགས་ཚལ་གྱིས་བྱེ་མའི་གནོད་འཚེ་ཇེ་ལེགས་སུ་བཏང་བ་དང་། བྱེ་ཐང་གི་སྤང་ལྗོངས་ཀྱི་སྲུང་མཁན་འདི་དག་ཡོད་པས། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།