བཟོ་པ་བསམ་འགྲུབ་བཀྲ་ཤིས་ཀྱིས་ཕ་ཡུལ་ལ་བཅངས་པའི་ལྷག་བསམ།
2019.08.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 45

 དབྱར་ཟླ་བདུན་པའི་རྩེ་ཁོག་རྩྭ་ཐང་ནི་གོས་ལྗང་དང་མེ་ཏོག་གི་ཚོམ་བུས་ཡོངས་སུ་བརྒྱན་ཡོད་ལ། དེའི་ཕང་བ་རུ་གཡང་དཀར་ལུག་གི་འབའ་སྒྲ་དང་ནོར་ནག་གི་ངུར་སྒྲ། རྟ་ཕོའི་འཚེར་སྒྲ་བཅས་གང་སར་ཁྱབ་ཡོད་པས། ཕྱོགས་གང་ལ་བལྟས་ཀྱང་དབྱར་གྱི་དགའ་ཉམས་ཤིག་ངང་གིས་ཚོར་ཐུབ། ཟླ7པའི་ཚེས9ཉིན་གྱི་སྔ་དྲོར།  གསར་འགོད་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དྲིལ་སྒྲོག་པུའུ་ཡི་བཀོད་སྒྲིག་ལྟར་རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་ཁུལ་དུ་བཅར་འདྲིར་ཕྱིན། དེར་རྩེ་ཁོག་རྫོང་བཀྲ་ཤིས་མི་རིགས་སྲོལ་རྒྱུན་མཁོ་ཆས་ཚད་ཡོད་སྤྱི་གཉེར་ཁང་ཞེས་པའི་སྒོ་བྱང་བཀལ་ཡོད་པ་ཞིག་མཐོང་བ་ན་ཐད་ཀར་ནང་དུ་འཛུལ་བ་ཡིན། སྐབས་དེར་ཁང་པའི་ནང་དུ་བཟོ་པ་གཅིག་མ་གཏོགས་མེད་ལ། ཁོ་རང་འཚེམ་འཁོར་གྱི་འགྲམ་དུ་བསྡད་དེ་གླེགས་བམ་གྱི་གདོང་དར་འཚེམ་པའི་ལས་ལ་བྲེལ་བཞིན་འདུག ང་ཚོ་མཐོང་མ་ཐག་ཁོ་མྱུར་དུ་ཡར་ལངས་ཏེ་དགའ་བའི་འཛུམ་དང་བཅས་ནང་དུ་བསུས་བྱུང་།

མ་གཞི་ཁོ་ནི་རྩེ་ཁོག་རྫོང་བཀྲ་ཤིས་མི་རིགས་སྲོལ་རྒྱུན་མཁོ་ཆས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་བསམ་འགྲུབ་བཀྲ་ཤིས་ཡིན་ལ། ཁོའི་བཟོ་ཁང་ནང་དུ་དགོན་པའི་འདུ་ཁང་ལ་མཁོ་བའི་མཆོད་རྫས་སྣ་ཚོགས་ཏེ་གདུགས་དང་རྒྱལ་མཚན། ཅོད་པན། ཀ་རྒྱན། འབོལ་གདན། གཞན་དགེ་འདུན་པའི་ན་བཟའ་སོགས་གང་སར་བཤམས་འདུག ཁོ་དང་ཁ་བརྡ་བྱེད་པའི་བར་གསེང་ནས་སྔོན་ཏག་ཏག་ལ་ཁོས་ལས་བྲེལ་ཆེན་པོས་འཚེམ་བཟོ་བྱེད་བཞིན་པ་ནི་རྔ་ཡུལ་སྒོ་མང་དགོན་པས་བཀའ་འགྱུར་གྱི་གདོང་དར400ལྷག་མངག་ཉོ་བྱས་ཡོད་པ་དེ་ཡིན་པ་ཤེས། བསམ་འགྲུབ་བཀྲ་ཤིས་ནི་རྩེ་ཁོག་རྫོང་དཔྱི་ས་ཞང་མཐུན་སྒྲིལ་སྡེ་བའི་ཡིན་པ་དང་། ལོ་ན18ལ་སོན་སྐབས་ཁོ་རང་རེབ་གོང་རོང་བོ་དགོན་ཆེན་ནས་རབ་ཏུ་བྱུང་ཞིང་། རྗེས་སུ་རིམ་བཞིན་ཀ་རིང་བིས་ཐང་སྒོམ་གྲྭ་དང་ངྷི༔ཚ་དགོན་ཆེན། གཞན་དཔལ་ལྡན་འབྲས་སྤུངས་དགོན་པ་བཅས་སུ་སུམ་རྟགས་དག་གསུམ་དང་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་བྱས། གྲྭ་ས་འགྲིམས་མྱོང་བའི་དགེ་འདུན་པ་ཞིག་གིས་བཟོ་ཡི་ལག་རྩལ་ཤེས་པ་ནི་ཅུང་བློ་ཡིད་དུ་ཤར་དཀའ་བ་ཞིག་ཡིན་པས། ཁོ་རང་ཐོག་མར་མཆོད་རྫས་བཟོ་བའི་ལས་ལ་ཇི་ལྟར་ཞུགས་ཚུལ་གྱི་ཐད་ནས་དྲིས་པ་ན། ཁོས་བཤད་རྒྱུར།“2008ལོར་ང་ད་དུང་གྲྭ་པ་ཡིན་པ་དང་། སྐབས་དེར་བླ་མ་བཀའ་དྲིན་ཅན་ཨ་ཁུ་བསྟན་པའི་རྒྱལ་མཚན་ཚང་གིས་རེབ་གོང་སེང་གེ་གཤོང་དང་སྤེན་དཀར་ཐང་དགོན་པ་སོགས་སུ་ལྷ་ཁང་མང་པོ་བཞེངས་པས། ངས་ཁོང་གི་ཐུགས་བཀོད་བཞིན་མཆོད་རྫས་སྣ་ཚོགས་ལས་རོགས་བྱས་མྱོང་། བླ་བྲང་ཕྱོགས་ཀྱི་མཆོད་རྫས་འཚེམ་བཟོ་ལག་རྩལ་ནི་བོད་ཁམས་ན་མིང་གྲགས་ཆེ་ཞིང་། ཨ་ཁུ་བསྟན་པའི་རྒྱལ་མཚན་ནི་ཕ་ཡུལ་རེབ་གོང་གླིང་རྒྱ་ནས་ཡིན་ནའང་། ཁོང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལོ་མང་པོར་བཞུགས་མྱོང་བས། བླ་བྲང་གི་མཆོད་རྫས་བཟོ་བའི་ལག་རྩལ་ཕྱོགས་ལ་ཧ་ཅང་གསལ་ཆ་འདུག ངའི་ལག་རྩལ་གྱི་ཐོག་མའི་རྨང་གཞི་རྒན་ཁོང་གི་མདུན་ནས་བཞག་པ་ཡིན།”

རྗེས་སུ་རྒྱུ་རྐྱེན་དུ་མའི་དབང་གིས་བསམ་འགྲུབ་བཀྲ་ཤིས་དགོན་པ་དང་ཁ་བྲལ་ཞིང་། སྔོན་ཆད་དགེ་རྒན་གྱི་མདུན་ནས་བསླབས་མྱོང་བའི་འཚེམ་བཟོའི་ལག་རྩལ་ནི་ཁོའི་འཚོ་བའི་བརྟེན་ས་རུ་གྱུར་པར་མ་ཟད། དེ་ནི་ཁོ་རང་ཁེ་ལས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་རུའང་གྱུར། དེ་ཡང་བླ་བྲང་ཕྱོགས་ཀྱི་མཆོད་རྫས་འཚེམ་བཟོའི་ལག་རྩལ་དཔྱིས་ཕྱིན་པ་ཞིག་ཤེས་ཆེད། དཀའ་ལས་གང་མང་ཞིག་བརྒྱུད་མཐར་ཁོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་གི་མཆོད་རྫས་ཆ་ཚང་གི་བཟོ་རྩལ་དང་ཞིབ་ཆའི་ཐད་ཀྱི་མན་ངག་ལ་བལྟ་བའི་སྐལ་བ་སྨིན་ཞིང་། སྔ་མའི་འཚེམ་བཟོའི་ལག་རྩལ་གྱི་རྨང་གཞི་ལྡན་པའི་སྟེང་མཆོད་རྫས་ཆེ་མ་ཆུང་གསུམ་བཟོས་མྱོང་བའི་ཉམས་མྱོང་ཡང་ལྡན་པས། བླ་བྲང་གི་མཆོད་རྫས་འཚེམ་བཟོའི་ལག་རྩལ་འཐུས་སྒོ་ཚང་བ་ཞིག་ཁོའི་བློ་ངོར་ཆུད། 2016ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ནས་དངོས་སུ་འཚེམ་བཟོའི་ཚོང་ལས་གཉེར་མགོ་བརྩམས་ཤིང་། ཐོག་མར་ཕ་ཡུལ་རྩེ་ཁོག་རྫོང་དཔྱི་ས་དགོན་པའི་འདུ་ཁང་གསར་པའི་མཆོད་རྫས་ཆ་ཚང་བཟོས་པ་དང་། དེའི་རྗེས་སུ་རེབ་གོང་རོང་བོ་དགོན་ཆེན་གྱི་རྒྱུད་པ་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་ལ་མཆོད་རྫས་ཆ་ཚང་བཟོས། གཞན་ད་དུང་བོད་ལྗོངས་ཕྱོགས་ཀྱི་དཔལ་ལྡན་འབྲས་སྤུངས་དགོན་དང་། སི་ཁྲོན་ཕྱོགས་ཀྱི་རྔ་བ་ཀིརྟི་དགོན་དང་སྒོ་མང་དགོན་སོགས་དང་། ཀན་སུའུ་ཕྱོགས་ཀྱི་བླ་བྲང་དགོན་དང་ཨ་མཆོག་དགོན་སོགས་བོད་ཁམས་ཀྱི་དགོན་སྡེ་ཆེ་ཆུང20ལྷག་ལ་མཆོད་རྫས་སྣ་ཚོགས་བཟོས་མྱོང་ཞིང་། ཁོས་འཚེམ་བཟོ་བྱས་པར་བླ་བྲང་ཕྱོགས་ཀྱི་མཆོད་རྫས་བཟོ་བའི་སྲོལ་རྒྱུན་ལག་རྩལ་གྱི་ཁྱད་ཆོས་ལྡན་པར་མ་ཟད། ལག་ཤེས་ཁོ་ནར་བརྟེན་ནས་བཟོ་བཞིན་ཡོད་པ་དང་ཧ་ཅང་ཞིབ་ཚགས་ལྡན་པས། དགོན་སྡེ་དག་གི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཀན་ལྷོ་བསང་ཆུའི་བཟོ་ཁང་གི་གཞི་ཁྱོན་ཆེ་བ་མ་ཟད། དེར་བཟོ་པའང་དྲུག་བདུན་ཞིག་ཡོད་ལ། ལོ་གཅིག་ལ་མཆོད་རྫས་འཚེམ་བཟོ་བྱས་པའི་ཡོང་སྒོ་སྒོར་ཁྲི40ལྷག་ཡོད་པས། ཀན་ལྷོ་ཕྱོགས་སུ་ཚོང་ར་ངེས་ཅན་ཞིག་བཟུང་ཡོད།

ད་ལོའི་ཟླ4པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གིས་དམངས་སྒོར་ཁྲི20ཡི་རྒྱབ་སྐྱོར་བྱས་པ་དང་། དེའི་སྟེང་བསམ་འགྲུབ་བཀྲ་ཤིས་ཁོང་ཉིད་ཀྱི་སྐྱེས་ས་སྐྱེས་ཡུལ་ཏེ་རྩེ་ཁོག་རྫོང་དཔྱི་ས་མཐུན་སྒྲིལ་སྡེ་བའི་མཉམ་ལས་ཁང་གིས་ཀུང་སིར་མ་རྐང་སྒོར་ཁྲི30བཞག་པ་ལ་བརྟེན་ནས་ད་ལྟའི་རྩེ་ཁོག་རྫོང་བཀྲ་ཤིས་མི་རིགས་སྲོལ་རྒྱུན་མཁོ་ཆས་ཚད་ཡོད་སྤྱི་གཉེར་ཁང་ཕྱེས་པ་དང་། རྩེ་ཁོག་རྫོང་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་གླིང་ཁུལ་དུའང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ཡིན་པར་བཤད། བསམ་འགྲུབ་བཀྲ་ཤིས་ལ་མཚོན་ན་ཀུང་སིའི་མ་འོངས་པར་འཆར་གཞི་ཆེན་པོ་ཞིག་བཟོས་ཡོད་དེ། “སྔོན་ཆད་བླ་བྲང་ཕྱོགས་ནས་གཙོ་བོ་དགོན་པ་ལ་ཁ་གཏད་དེ་མཆོད་རྫས་སྣ་ཚོགས་བཟོས་པ་ཡིན་མོད། ད་ནི་ཕ་ཡུལ་རྩེ་ཁོག་གི་བཟོ་ཁང་འདི་ནས་དགོན་པ་དང་སྤྱི་ཚོགས་གཉིས་ཀ་ལ་ཁ་གཏད་དེ་མཆོད་རྫས་ལས་གཞན་ཁྱིམ་ཚང་ལ་མཁོ་བའི་ཅོག་ཁེབས་དང་། སྡེར་གདན། སྒོ་ཡོལ། རླངས་འཁོར་གྱི་བཞུགས་གདན་སོགས་སྣ་ཚོགས་བཟོ་རྩིས་ཡོད། ད་ལྟ་རེབ་གོང་དུའང་ཆེད་འཚོང་ཁང་ཞིག་ཡོད་ལ། ཉིན་འདི་འགར་ས་ཆ་གཞན་གྱི་ཚོང་པས་ཚུར་མཆོད་རྫས་འདོན་སྤྲོད་བྱེད་རོགས་ཞེས་བཤད་མཁན་ཡང་ཤིན་ཏུ་མང་བས། རྗེས་ཕྱོགས་བོད་ཁུལ་གྱི་ས་ཆ་གང་སར་སྡེབ་ཚོང་ཁང་གཉེར་བའི་འཆར་གཞི་ཡོད།”

ཀན་སུའུ་བླ་བྲང་ཕྱོགས་སུ་བསམ་འགྲུབ་བཀྲ་ཤིས་ཀྱི་མཆོད་རྫས་འཚེམ་བཟོ་ཡི་ཚོང་ཧ་ཅང་བཟང་བས་མུ་མཐུད་དུ་དེར་བསྡད་དེ་ཚོང་ལས་གཉེར་ཆོག་མོད། ཡིན་ཡང་། ཁོ་ནི་ནམ་ཡང་ཕ་ཡུལ་ལ་དུངས་ཞེན་ཆེ་བའི་མི་ཞིག་ཡིན་ཏེ། ཁོས་བཤད་པ་ལྟར་ན། མཚོ་སྔོན་དུ་བླ་བྲང་གི་ཕྱག་ལེན་བཞིན་མཆོད་རྫས་འཚེམ་བཟོའི་ལག་རྩལ་འཐུས་སྒོ་ཚང་བ་ཞིག་ཤེས་མཁན་ཧ་ལམ་ཁོ་གཅིག་པུ་ཡིན་ལ། བླ་བྲང་ཕྱོགས་ཀྱི་བཟོ་པས་རང་གི་བཟོ་རྩལ་མན་ངག་བུ་རབས་ཚ་བརྒྱུད་ལ་མ་གཏོགས་མི་སློབ་པས། ཁོས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་འདི་ཉིད་རང་ཕ་ཡུལ་ཕྱོགས་སུ་མུ་ནས་མུ་རུ་བརྒྱུད་སྤྲོད་བྱེད་པ་དང་། ཕ་ཡུལ་དུ་འཚེམ་བཟོའི་ལག་རྩལ་པ་གསོ་སྐྱོང་བྱེད་འདོད་ཚུལ་བཤད། གཞན་ད་དུང་གླེང་འོས་པ་ཞིག་ཡོད་པ་ནི། རྩེ་ཁོག་རྫོང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་དང་རྫོང་དཔོན་གཞོན་པ་འབྲུག་བྱམས་གཉིས་ཀྱིས་ཁོ་རང་ཕྱིར་ཕ་ཡུལ་ཡོང་སྟེ་ཚོང་ལས་གཉེར་བའི་རེ་བ་བཏོན་པར་མ་ཟད། ཁོར་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས་པས། ཁོས་མགོ་ཁྲིད་གཉིས་ཀྱི་བཀའ་དྲིན་ནམ་ཡང་རྗེས་སུ་དྲན་བཞིན་ཡོད། འདི་ལས་རྫོང་དཔོན་གཉིས་ཀྱིས་རྩེ་ཁོག་རྫོང་གི་འཕེལ་རྒྱས་ཀྱི་ཐད་ལ་འབད་འབུངས་གང་ལེགས་བྱེད་བཞིན་པ་རྟོགས་ཐུབ་པར་མ་ཟད། བཟོ་པ་བསམ་འགྲུབ་བཀྲ་ཤིས་ཀྱིས་ཀྱང་རང་གི་ཕ་ཡུལ་ལ་ལྷག་བསམ་བཟང་པོ་ཞིག་བཅངས་ཡོད་པ་གསལ་པོར་ཤེས་ཐུབ། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།