ཀུན་གསལ་སྒྲོལ་མའི་སྤྲོ་སྣང་དང་སེམས་ཁྲལ།
2019.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

མདོ་དབུས་མཐོ་སྒང་དུ་རང་གིས་བསྙལ་བའི་ནོར་ནག་གི་ཞོ་ནི་རོང་འབྲོག་མང་ཚོགས་ཀྱི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རྒྱུན་དུ་མཐོང་ཐུབ་པ་ཞིག་ཡིན་ཞིང་། ཞོ་ཡི་ནང་དུ་ཀ་ར་བཏབ་ནས་འཐུང་ན་དེ་བས་ཀྱང་རོ་བྲོ་ལྡན་པ་ཞིག་ཡིན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རི་གྲོང་རྡལ་ཐང་དམར་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀུན་གསལ་སྒྲོལ་མས་ད་སོ་མར་ཉོས་པའི་ཀ་ར་དཀར་པོ་རྒྱ་མ་འགའ་ཁྱེར་ནས་ཐེམ་ཆེན་རྫོང་ཐོག་ནས་སྤྱི་ལེ་བརྒྱ་དང་རེ་ལྔ་ཙམ་གྱི་ལམ་ཐག་ཡོད་པའི་ཐང་དམར་སྡེ་བའི་ལྷ་མོ་ཚང་གི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་ཆས། དེ་ལྟར་སྡེ་མི་རྣམས་ལ་ཉེ་བར་མཁོ་བའི་ལེགས་སྐྱེས་ཆུང་ངུ་རེ་ཁྱེར་ནས་ཁྱིམ་ཉུལ་བྱེད་རྒྱུ་ནི་ཀུན་གསལ་སྒྲོལ་མར་མཚོན་ན་གཞི་ནས་གོམས་གཤིས་སུ་གྲུབ་ཡོད།

ཐང་དམར་སྡེ་བ་ལ་ཁྱིམ་ཚང་བརྒྱད་ཅུ་གྱ་གསུམ་ཡོད་པ་དང་ཀུན་གསལ་སྒྲོལ་མ་ལོ་རེ་བཞིན་ཆེས་ཉུང་ནའང་ཁྱིམ་ཚང་རེ་ལ་ཐེངས་གཉིས་རེར་འགྲོ་བཞིན་ཡོད། ལོ་གཉིས་ལྷག་འགོར་བའི་རིང་ལ་ཀུན་གསལ་སྒྲོལ་མ་ཐེངས་མང་པོར་ཁྱིམ་ཚང་རེ་རེར་སོང་བ་དང་ཁྱིམ་ཚང་གི་གནས་ཚུལ་ལ་རྟག་དཔྱད་བྱས་པའི་ཟིན་བྲིས་འབྲི་དེབ་དྲུག་ལྷག་བྲིས་འདུག ཟིན་བྲིས་དེ་དག་གི་ཁྲོད་དུ་སྡེ་སྡོད་བྱ་བའི་སྐོར་གྱི་གནས་ཚུལ་ཕྲ་རགས་རྣམས་བཀོད་ཡོད་ཅིང་། དེ་ནི་སྡེ་མི་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་འཚོ་བའི་འགྱུར་ལྡོག་གི་བདེན་དཔང་ཡིན་ལ་ཡིག་འབྲུ་དང་ཚིག་ཕྲེང་རེ་རེའི་བར་དུ་ཀུན་གསལ་སྒྲོལ་མའི་སྤྲོ་སྣང་དང་སེམས་ཁྲལ་མངོན་འདུག

“ལོ་ན་གཞོན་པའི་བུད་མེད་ཧྲུའུ་ཅི་འདིར་སྡེ་མི་རྣམས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུའི་ནུས་པ་ལྡན་ནམ།”

ཐང་དམར་སྡེ་བ་ནི་སྔོན་ཆད་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་།  རྫོང་ཡོངས་སུ་ཐུན་མོང་གི་དཔལ་འབྱརོ་ཡོང་ཁུངས་ཅི་ཡང་མེད་པའི་སྡེ་བ་གཅིག་པུའང་ཡིན།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བར། རང་འགུལ་གྱིས་ཡར་ཞུ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ་བརྒྱུད། ཀུན་གསལ་སྒྲོལ་མ་ཐང་དམར་སྡེ་བར་ཡོང་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར།  སྐབས་དེར་ལོ་ན་གཞོན་པའི་བུད་མེད་ཧྲུའུ་ཅི་འདིས་རྫོང་ཡོངས་སུ་ཅུང་རྗེས་ལུས་ཡིན་པའི་སྡེ་བ་དེའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་མིན་ཐད་སྡེ་མི་རེ་རེ་སོམ་ཉིའི་དྲ་བར་ཚུད་ཡོད།

ལོ་གཅིག་ལྷག་གི་འབད་བརྩོན་བརྒྱུད་མཐར། ཀུན་གསལ་སྒྲོལ་མའི་དོན་དངོས་ཀྱི་བྱ་བའི་གྲུབ་འབྲས་ཀྱིས་རང་ཉིད་ཀྱི་བྱ་བའི་ནུས་པར་བདེན་དཔང་བྱས་པས། སྡེ་མི་རྣམས་ཀྱི་སེམས་ཀྱི་ཐེ་ཚོམ་དེ་དག་ཀྱང་རིམ་བཞིན་མེད་པར་གྱུར་ཏེ། ད་ལྟ་ཚང་མས་མོ་ལ་བརྩེ་བ་དང་བཅས་ཏེ“སྒྲོལ་མ”ཞེས་འབོད་ཀྱི་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བའི་ཟླ་མཇུག་ཏུ། ཐེམ་ཆེན་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་ཕུད། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ། སྔོན་ཆད་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཅི་ཡང་མེད་པའི་ཐང་དམར་སྡེ་བས་ཕྱུགས་ལས་སོགས་ཀྱི་ཐོན་རྫས་སྣ་མང་གི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་སྒོར་མོ་འབུམ་གཅིག་དང་ཁྲི་བདུན་མངོན་འགྱུར་བྱས་པ་དང་། དེ་ལས་སྒོར་མོ་ཁྲི་ལྔ་དང་སྟོང་གཉིས་བཏང་ནས་སྡེ་བའི་ནང་གི་མི་བརྒྱ་དང་དོན་བཞི་ལ་རྒན་གསོའི་དངུལ་སྤྲད་པ་དང་། སྒོར་མོ་ཁྲི་དྲུག་དང་སྟོང་བཞི་བདུན་བརྒྱ་གོ་གཉིས་སྤྲད་ནས་སྡེ་མི་ཉིས་བརྒྱ་དང་ཞེ་བཞི་ལ་སྨན་བཅོས་འགན་སྲུང་ཉོས་ཏེ་རྒན་གསོ་དང་སྨན་བཅོས་འགན་སྲུང་གིས་སྤྱི་ལ་ཁྱབ་པ་མངོན་འགྱུར་བྱས།

ཐང་དམར་སྡེ་བ་ནི་ཐེམ་ཆེན་རྫོང་མཁར་ནས་སྤྱི་ལེ་བརྒྱ་དང་རེ་ལྔའི་མཚམས་ན་ཡོད་པ་དང་།  སྡེ་བ་ཡོངས་ཀྱི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་གུང་ཆིན་ཁྲི་ལྔ་དང་སྟོང་བཞི་ཡོད། ཁྱིམ་ཚང་བརྒྱད་ཅུ་གྱ་གསུམ་དེ་ཐར་ཐོར་དུ་གནས་ཡོད་པས་ཁྱིམ་ཚང་སྐོར་ཞིག་གི་བར་ཐག་སྤྱི་ལེ་བཅུ་ལྷག་གིས་ཆོད་ཡོད། སྡེ་བ་དེ་མཚོ་ངོས་ལས་སྤྱིའི་མཐོ་ཚད་རྨིད་བཞི་སྟོང་སུམ་བརྒྱའི་མཚམས་སུ་ཆགས་ཡོད་པས་དབྱང་དབུགས་དཀོན་ཞིང་ལན་རེར་ཁ་བ་མཐུག་པོས་ཡོངས་སུ་གཡོགས་འགྲོ། དེ་ལྟ་བུའི་དཀའ་ཁག་ཆེ་བའི་རང་བྱུང་གི་ཆ་རྐྱེན་འོག་ཏུ། ལོ་ངོ་གཉིས་ལྷག་གི་རིང་ལ་མཐོ་སྒང་གི་གནམ་གཤིས་ཇི་འདྲའི་སྡུག་པོ་ཡིན་ནའང་ཀུན་གསལ་སྒྲོལ་མ་དུས་དང་རྣམ་པ་ཀུན་ཏུ་ཐང་དམར་སྡེ་བའི་ཁྱིམ་ཚང་རེ་རེར་སོང་སྟེ། མང་ཚོགས་ཀྱི་དོན་དངོས་གནད་དོན་ལ་རྒྱུས་ལོན་བྱེད་བཞིན་ཡོད་པས་མོ་རང་དཀའ་སྡུག་ཇི་འདྲའི་མང་པོ་ཞིག་ལ་འཕྲད་མྱོང་བ་ནི་བཤད་མ་དགོས་པ་ཞིག་ཡིན།

སྡེ་སྡོད་ཧྲུའུ་ཅི་དང་པོར་བསྡད་པ་ནས་བཟུང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་རམ་འདེགས་འོག ཀུན་གསལ་སྒྲོལ་མས་དཀའ་བ་སྣ་ཚོགས་ཁྱད་དུ་བསད་ནས་གཟབ་ནན་དང་ཞིབ་ཚགས་ཀྱི་སྒོ་ནས་སྡེ་བའི་དོན་དག་སྣ་ཚོགས་ལ་རྟག་དཔྱད་དང་ཞིབ་འཇུག་བྱས་ཏེ། རྫོང་ཏང་ཨུ་དང་རྩ་འཛུགས་པུའུ། རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་འོག བྱ་བའི་ནང་དོན་གཙོ་བོར་དམིགས་པ་དང་སྡེ་སྡོད་བྱ་བའི་དམིགས་འབེན་གཏན་འཁེལ་བྱས། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་དང་ཕྱུག་འགྱུར་བྱེད་པར་རོགས་སྐྱོར་བྱེད་པ། སྡེ་དམངས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་པར་རོགས་སྐྱོར་བྱེད་པ། ཁྱིམ་ཚང་རེ་རེར་སོང་སྟེ་དབུལ་ཕོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་ཡིད་ཚིམ་ཚད་མཐོར་འདེགས་བྱེད་པ་བཅས་བྱས་ནས་ཕན་འབྲས་མཐོ་བའི་སྒོ་ནས་བྱ་བ་བསྒྲུབ་པར་སྐུལ་འདེད་བྱས།

དབུལ་ཐར་བྱེད་པར་ཐོག་མར་བློ་སྟོབས་གསོ་དགོས། ཀུན་གསལ་སྒྲོལ་མས་སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བར་རོགས་སྐྱོར་བྱས་ནས་མི་དམངས་མང་ཚོགས་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་།

སྡེ་བའི་ནང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་རྣམས་དབུལ་ཐར་བྱེད་པར་ཀུན་གསལ་སྒྲོལ་མ་དང་སྡེ་སྡོད་ལས་བྱེད་པའི་ཚན་ཆུང་གིས་ཐབས་ལམ་སྣ་ཚོགས་འཚོལ་སྙེགས་བྱས། ཀུན་གསལ་སྒྲོལ་མ་དབུལ་ཁྱིམ་དེ་དག་དུ་སོང་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། གནས་པའི་དཀའ་ཁག་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁོ་ཚོ་དབུལ་ཐར་ཕྱུགས་འགྱུར་བྱེད་པར་ཐབས་ལམ་བཙལ། སྡེ་བའི་སབུལ་ཕོངས་ཁྱིམ་ཚང་དགུ་ལ་ལོ་རེ་བཞིན་འབྲས་དང་ཕྱེ།ཇ་སོགས་འཚོ་བའི་སྤྱོད་ཆས་སྟེར་བཞིན་ཡོད་པ་ཕུད། སྡེ་བ་ཐུན་མོང་གི་དཔེ་སྟོན་ལས་གཞི་འཕེལ་རྒྱས་སུ་བཏང་སྟེ་ཟི་ལིང་གྲོང་ཁྱེར་དུ་ཚོང་ལས་གཉེར་སའི་ཁང་པ་ཉོས་ཏེ། ཁང་པ་དེ་དག་གླས་པའི་གླ་རིན་ཁྲོད་དུ་སྡེ་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་རྒན་གསོའི་འགན་སྲུང་དངུལ་སྤྲད་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་མི་རེ་ལ་ལོ་རེར་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་རོགས་སྐྱོར་མ་དངུལ་བྱིན་ཏེ། འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།

དབུལ་ཐར་གྱི་ལམ་དུ་གང་འདྲ་བྱས་ཏེ་རྒྱང་རིང་དུ་བསྐྱོད་པ་བརྟན་སྲུང་བྱེད་རྒྱུ་དང་དབུལ་ཐར་བྱས་ཟིན་པའི་སྔོན་ཆད་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་དེ་དག་སླར་ཡང་དབུལ་བོར་མི་འགྱུར་བ་གཏན་འགོག་བྱེད་རྒྱུ་ནི་ཀུན་གསལ་སྒྲོལ་མས་ཆེས་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་ཞིག་རེད།

སེམས་ཁྲལ་དེ་གཉིས་གང་འདྲ་བྱས་ནས་སེལ་རྒྱུའི་ཐད་ལ་ཀུན་གསལ་སྒྲོལ་མས་ཡུན་རིང་གི་འཆར་གཞི་གཉིས་སེམས་ལ་དྲན།

ཞིང་ཆེན་རིམ་པའི་དུད་ཚང་དུ་འབྱོར་བའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་མོ་ས་ཡ་གཅིག་དང་། ཉིས་སྟོང་བཅོ་ལྔ་ནས་ཉིས་སྟོང་བཅུ་དྲུག་ལོའི་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྡོམ་པས་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་དང་། སྡེ་མི་རང་འགུལ་གྱིས་མ་རྐང་དུ་ཞུགས་པའི་སྒོར་མོ་འབུམ་དགུ་དང་ཁྲི་ལྔ་སྟོང་གཅིག་ང་བརྒྱད་སྡེབ་སྒྲིག་བྱས་པ་བརྒྱུད། ཐང་དམར་སྡེ་བས་ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཆུའུ་རུ་ཚོང་ལས་གཉེར་སའི་ཁང་པ་ཉོས་པ་དང་། ཁང་པའི་སྤྱིའི་རིན་གོང་ནི་སྒོར་མོ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དྲུག་དང་སྟོང་བརྒྱད་ལྔ་བརྒྱ་ཡིན་ལ་ལོ་རེར་དེ་ཕྱིར་གླས་པའི་རིན་གོང་ནི་སྒོར་མོ་འབུམ་གཅིག་དང་ཁྲི་བདུན་སྟོང་གསུམ་བཞི་བརྒྱ་གྱ་བརྒྱད་ཡིན། མ་དངུལ་དེ་དག་མཉམ་ལས་ཁང་གི་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་ཏུ་བཞག་སྟེ་ཐང་དམར་སྡེ་བའི་འགྲོ་སྒོ་སྣ་ཚོགས་དེའི་ཁྲོད་ནས་ཕུད་ཀྱི་ཡོད་པ་རེད།

ཐེམ་ཆེན་རྫོང་ནི་མཚོ་ངོས་ལས་མཐོ་ཞིང་མཁའ་དབུགས་འཁྱགས། ས་དེའི་ནོར་ལུག་གི་ཤ་ཡི་རྒྱུ་སྤུས་དང་བྲོ་བ་སོགས་ནི་ཀུན་ལ་གྲགས་ཆེ་བ་ཞིག་རེད། ཡིན་ནའང་ཐེམ་ཆེན་རྫོང་གི་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱ་བ་དེ་ཐོན་སྐྱེད་འཕེལ་རྒྱས་དང་ཚོང་རའི་དགོས་མཁོ་དང་བསྡུར་ན་ཤིན་ཏུ་རྗེས་སུ་ལུས་ཡོད་པ་ཞིག་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ལུག་ཤའི་རིན་གོང་ནི་སྤྱི་རྒྱ་གཅིག་ལ་སྒོར་མོ་རེ་དྲུག་ཡིན་ཞིང་དེ་སྔར་ལོ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར་ཡོད་པ་རེད། ཚོང་རའི་ནང་གི་ནོར་ཤའི་རིན་གོང་ནི་སྤྱི་རྒྱ་གཅིག་ལ་སྒོར་མོ་རེ་བཞི་ཡིན་ཞིང་དེ་སྔར་ལོ་དང་བསྡུར་ན་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་འཕར་ཡོད། སྐམས་ཤ་དང་ལུག་ཤ་དག་མ་དེ་དག་ཚོང་རར་དགོས་མཁོ་ཤིན་ཏུ་ཆེ། ད་ལོར་ཀུན་གསལ་སྒྲོལ་མས་རང་གི་ས་གནས་སུ་ཡོད་པའི་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱེད་པར་ཇུས་གཞི་འཐེན་ནས། ཐེམ་ཆེན་རྫོང་ཐང་དམར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ར་སྐོར་ནང་དུ་རྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུའི་ཁང་རྙིང་ཞིག་གསོ་བྱས་རྗེས། འཁྱགས་སྒམ་སོགས་ཉོ་བ་དང་ལས་སྣོན་བྱེད་ས་འཛུགས་སྐྲུན་བྱས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བ་ཡོངས་ཀྱི་སྐམས་ལུག་གི་ཤ་གཅིག་བསྡུས་ཀྱིས་ཉོས་ཏེ་ལས་སྣོན་བྱས་རྗེས་འཁྱགས་མཛོད་དུ་བཞག་པ་དང་། ཐེམ་ཆེན་རྫོང་གི་ཟ་ཁང་ཆེ་ཆུང་མང་པོས་དུས་ཡུན་རིང་བོར་གན་རྒྱ་བཞག་པས་རྒྱ་ཆེ་བའི་ཚོང་ལས་ཀྱི་རྣམ་པ་གྲུབ།

ཐང་དམར་སྡེ་བའི་མ་འོངས་པའི་སྐོར་ལ་ཀུན་གསལ་སྒྲོལ་མ་ཡིད་ཆེས་ཀྱིས་ཁེངས་ཡོད་དེ། “ཉིས་སྟོང་བཅུ་དགུ་ལོར། སྡེ་བའི་གློག་འཕྲིན་ཞབས་ཞུས་སྡེ་བ་ཡོངས་ལ་ཁྱབ་པར་བྱས་ཡོད། ང་ཚོ་ཐང་དམར་སྡེ་བས་མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་སྡེ་བའི་ནང་གི་སྐམས་ལུག་གི་ཤ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ལས་སོགས་ཁྱབ་བསྒྲགས་དང་འཛད་སྤྱོད་བྱེད་དུ་བཅུག་ནས། མི་དམངས་མང་ཚོགས་ལ་སྔར་ལས་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་རྒྱུ་ཡིན”ཟེར།

དེ་དང་མཉམ་དུ། ཀུན་གསལ་སྒྲོལ་མས་གསལ་བོར་ཤེས་ཡོད་པ་ཞིག་ནི། མིག་སྔར་ཐང་དམར་སྡེ་བས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན། ཆེས་དཀའ་ཁག་ཆེ་བ་ནི་འཇོན་ཐང་ལྡན་པའི་མི་སྣ་མེད་པ་དེ་རེད། ཁོ་མོས་རེ་སྒུག་ཆེན་པོས་ངང་བཤད་རྒྱུར། “སྡེ་བའི་ནང་དུ་སྔ་མོ་ནས་བྱང་ཚད་དང་ཡོན་ཚད་མཐོ་བའི་ཆེད་ལས་མི་སྣ་སྐྱེད་སྲིང་བྱས་ནས། ཁོ་ཚོ་ཕྱིར་རང་གི་ཕ་ཡུལ་དུ་ཡོང་ནས་ཕ་ཡུལ་མི་དམངས་ཡུན་རིང་འབྱོར་ཕྱུག་གི་ལམ་དུ་འཁྲིད་པར་ངས་རེ་བ་ཆེན་པོ་བྱེད་བཞིན་ཡོད”ཟེར།

                                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།