རྨ་ཆུའི་འགྲམ་དུ་ལྗང་མདོག་གི་དྲི་བསུང་སྟུག་པོས་ཁྱབ།
2019.08.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་ལ་མོ་སྡེ་བ་ནི། རྫོང་མཁར་དང་སྤྱི་ལེ་བདུན་ཙམ་མ་གཏོགས་མེད་ཅིང་། ཨ་གསེར་གཞུང་ལམ་གྱི་ལམ་ཟུར་དང་། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་རི་གྲོང་ཆུང་ཆུང་ཞིག་ཡིན། གལ་ཏེ་རི་ལུང་ཀུན་ཏུ་ཁྱབ་པའི་ལྗང་མདོག་གི་རྣམ་པ་མིན་ན། སུ་ཞིག་གིས་ཀྱང་ལུང་ཁུག་གི་སྡེ་བ་འདི་ལ་དོ་སྣང་བྱ་མི་སྲིད།

ཉེ་བའི་ལོ་འདི་དག་གི་རིང་ལ། ལ་མོ་སྡེ་བས་སྡོང་འཛུགས་མྱུག་གསོ་བྱས་སྟབས། “སྡོང་ཕྲུག་སྡེ་བ”ཞེས་མཚན་སྙན་ཀུན་ཏུ་ཁྱབ་ཅིང་། ཁྱིམ་ཚང་རེ་རེ་དང་། ཁང་པའི་མདུན་རྒྱབ་ཀུན་ཏུ་ལྗང་མདོག་གི་སྡོང་པོས་ཁེབས་ཡོད་ཅིང་། འཕོ་འགྱུར་འདི་དག་གླེང་ན་བུན་ཁྲང་ཚེ་རིང་ཟེར་བའི་མི་སྣ་ཞིག་ངེས་པར་གླེང་དགོས།

ཁོས་བཤད་རྒྱུར། “ལོ་ན་ཆུང་བའི་སྐབས་སུ་དུས་ཚིགས་འདིར་ཕ་ལགས་ཀྱིས་ང་ཚོ་ཁྲིད་དེ་རང་ཁྱིམ་གྱི་སྒོ་འགྲམ་ནས་སྡོང་པོ་བཙུགས་ཤིང་། ད་སྐབས་དེ་རུ་ནགས་ཀྱིས་ཁེབས་ཡོད་ལ། སྡོང་པོ་སྐོར་ཞིག་ཆེན་པོར་སྐྱེས་པས་མི་གཅིག་གིས་འཁྱུད་མི་ཐུབ་པར་གྱུར་ཡོད།”

ད་ལོ་ལོ་ན52ལ་བུད་པའི་བུན་ཁྲང་ཚེ་རིང་ནི་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་གྱི་མི་ཡིན་ཞིང་། ཆུང་དུས་ནས་ཨ་ཕའི་བག་ཆགས་འོག་སྡོང་འཛུགས་ལ་གཞན་དང་མི་འདྲ་བའི་བརྩེ་བ་ཞིག་ཡོད། ཉེ་བའི་ལོ་འདི་དག་ལ། གཅན་ཚ་རྫོང་གིས་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དེས། ཁོ་ལ་རི་རྒོད་འགན་གཙང་ལེན་དང་། སྡོང་འཛུགས་ནགས་སྐྲུན་ལ་མདུན་ལྗོངས་རྒྱ་ཆེན་པོ་ཞིག་ཡོད་པའི་འདུ་ཤེས་ཟབ་མོ་སྐྱེས།

2015ལོར། བུན་ཁྲང་ཚེ་རིང་གིས་ལ་མོ་སྡེ་བ་རྨ་ཆུའི་འགྲམ་དུ་ཆགས་ཡོད་པ་དང་། འགྲིམ་འགྲུལ་སྟབས་བདེའི་དགེ་མཚན་ཡོད་པ་བློར་བབས་ནས། ཁྱིམ་མི་རྣམས་ལ་ཁ་ཏ་བྱས་ཏེ། ཁྱིམ་གྱི་གསོག་འཇོག་ཡོད་ཚད་བླངས་ནས་སྡེ་བ་དང་བར་ཐག་མི་རིང་བའི་རི་རྒོད་ཞིག་འགན་གཙང་ལེན་བྱས་ཤིང་། ས་དེས་སྤྱི་ཆིང13ཟིན་ཡོད། ཡིན་ནའང་གཞི་རྒྱ་ཅན་གྱི་སྡོང་འཛུགས་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་པར། ས་སློག ས་འདུལ། ལུད་འཇོག སྡོང་ཕྲུག་ཉོ་བ་བཅས་བྱེད་དགོས་པས། ལས་སྐྲུན་གྱི་དཀའ་སྡུག་ནི་ཁོའི་ཐོག་མའི་བསམ་ཚུལ་ལས་ཡོངས་སུ་བརྒལ་འདུག

“ལ་མོ་སྡེ་བའི་ནང་ཐེངས་དང་པོར་ཡོང་སྐབས། འདི་ནི་ད་དུང་སྐྱ་ཐེར་ཐེར་གྱི་རི་བོ་ཞིག་ཡིན་ལ། ལྕགས་ཁེམས་ས་ནང་དུ་ཐེངས་གཅིག་བརྐོས་ན་རྡོ་གསུམ་བཞི་རེ་སློག་ནས་ཡོང་། མཉམ་ལས་ཁང་ཐོག་མར་འཛུགས་སྐབས་མི་ལྔ་ལས་མེད་ལ།  མགོ་མའི་ལོ་གཉིས་ཀའི་ནང་ལ་ཅི་ཞིག་བཏབ་ཀྱང་མ་སྐྱེས། མ་དངུལ་སྒོར་འབུམ་གཅིག་ལྷག་བཏང་བ་དེ་བེད་མེད་དུ་གྱུར། གལ་ཏེ་ནགས་ལས་ཅུས་ཀྱི་རོགས་རམ་མེད་ཚེ། སྡོང་འཛུགས་བྱ་བ་ཏོག་ཙམ་མིན་ན་ལས་མཐའ་མ་འཁྱོལ་བར་བསྐྱུར་ཟིན།”ལས་སྐྲུན་གྱི་ཐོག་མའི་གནས་ཚུལ་ཁོའི་ཡིད་ན་ད་དུང་གསལ་པོར་ཡོད།

བུན་ཁྲང་ཚེ་རིང་གིས་བཤད་རྒྱུར། རྫོང་ནགས་ལས་ཅུས་ཀྱིས་ཆེད་དུ་ལག་རྩལ་མི་སྣ་མངགས་ཏེ་འཆར་འགོད་དང་། ས་ཁོད་སྙོམས་པ། ས་བོན་འཚོལ་སྡུད་དང་འདེབས་འཛུགས་སོགས་ཕྱོགས་ཡོངས་ནས་མཛུབ་སྟོན་བྱེད་དུ་བཅུག་པར་མ་ཟད། ལས་སྐྲུན་ཡིད་རྟོན་དངུལ་བུན་བརྒྱུད་དེ། ཁོ་ལ་སྒོར་ས་ཡ་གཉིས་ཀྱི་འཕེལ་རྒྱས་མ་དངུལ་མཁོ་འདོན་བྱས་ཤིང་། དེའི་རྗེས་སུ། ཆུ་འདྲེན་ཆུ་གཏོང་དང་། ནད་འབུའི་གནོད་པ་སྔོན་འགོག་སོགས་ཀྱི་ལག་རྩལ་དཀའ་གནད་ལ་གྲུབ་འབྲས་རབ་དང་རིམ་པ་བླངས།

དཀའ་སྤྱད་འབད་བརྩོན་བྱས་ན། ནམ་ཞིག་གྲུབ་འབྲས་ལོན་ངེས། ལོ་གཉིས་ཀྱི་རྗེས་སུ། སྡོང་ཕྲུག་གསར་པར་མྱུ་གུ་གསར་པ་འབུས་མགོ་ཚུགས་ཤིང་། སྐྱེ་སྟོབས་ཀྱིས་མི་ལ་དགའ་བ་སྟེར་ཞིང་། བུན་ཁྲང་ཚེ་རིང་ལ་བལྟས་པ་ན་ཁོའི་སེམས་སུ་དགའ་སྤྲོས་ཁེངས་འདུག

ལ་མོ་སྡེ་བའི་མྱུག་གསོ་ལྟེ་གནས་སུ་སོང་པ་ན། ས་གཞི་ཞིག་གསོ་བྱས་པའི་ཚུལ་ནི་སྐས་ཞིང་དང་འདྲ་ལ། ཐད་ཀར་དུ་རི་འདབས་སུ་བརྐྱངས་འདུག ཤུག་སྡོང་དང་། གསོམ་སྡོང་། ཞིན་ཅང་དབྱང་སྡོང་། ཁམ་སྡོང་སོགས་སྡོང་རིགས་བཅུ་ལྷག་རླུང་བུ་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད་ལ། ནགས་ཚལ་རབ་ཏུ་རྒྱས་ཡོད།

ལ་མོ་སྡེ་བ་ནི་དབུལ་སྐྱོར་གནས་སྤོ་བྱས་པའི་སྡེ་བ་ཞིག་ཡིན་ལ། ལོ་མང་པོའི་སྔོན་ལ། སྡེ་བ་ཡོངས་ཀྱི་འཚོ་བ་སྟབས་བདེ་མིན་པའི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་སྲིད་གཞུང་གིས་སྡེ་བ་དེ་རི་ཁུག་ནས་ཚང་མ་གནས་འདིར་སྤར་བ་ཡིན་ཞིང་། རྫོང་མཁར་དང་ཉེ་བར་གྱུར་བས། སྡེ་བའི་ནང་གི་ངལ་རྩོལ་ནུས་ཤུགས་ཅན་དག་གཅིག་རྗེས་གཅིག་མཐུད་ངང་ཞིང་ལས་བྱེད་མི་དགོས་པའི་དུས་ཚོད་ནང་ཕྱི་རོལ་དུ་ཞོར་ལས་ལ་སོང་སྟེ་ཡོང་སྒོ་བཙལ་མོད། འོན་ཀྱང་སྔར་བཞིན་ཁྱིམ་ཚང་སྐོར་ཞིག་གིས་ཡོང་སྒོ་འཚོལ་བའི་ཐབས་ལམ་མ་རྙེད།

སྡོང་ཕྲུག་མཉམ་ལས་ཁང་གིས་ལ་མོ་སྡེ་བར་ལྗང་མདོག་གི་ཕན་འབྲས་ཁྱེར་ཡོང་བ་དང་མཉམ་དུ། དབུལ་སྐྱོར་ཁྱིམ་ཚང་ལ་ཡང་བདེ་སྐྱིད་ཀྱི་གཏམ་བཟང་བསྐྱལ་ཡོང་།

བུན་ཁྲང་ཚེ་རིང་གིས་བཤད་རྒྱུར་། མཉམ་ལས་ཁང་ཚུགས་པའི་རྗེས་སུ། དབུལ་ཕོངས་ཁྱིམ་ཚང20ཡི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར3000ཙམ་ཡོད།

“ད་ལོར་ང་ཚོས་འཆར་གཞི་ལ་ཉུང་མཐར་ཡང་སྡོང་ཕྲུག་ཁྲི་ལྔ་འདོན་སྤྲོད་བྱ་རྒྱུ་ཡིན”ཞེས་བུན་ཁྲང་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་། གཅན་ཚ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2ཙམ་བཏང་བ་དང་། ཞིང་བསྐྱུར་ནགས་འདེབས་དང་། ལྷོ་རི། ཡང་ཆུང་ལ་ཁ་རྒྱལ་ཁོངས་ལྗང་སྒྱུར་སོགས་སྐྱེ་ཁམས་གཙོ་གནད་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། སྡོང་འཛུགས་ནགས་སྐྲུན་ལ་ཤུགས་བསྣན་པ་དང་། སྔ་གཞུག་ཏུ་དབུལ་ཕོངས་སྡེ་བ11གིས་མྱུག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཁྱོན་བསྡོམས་སྤུས་ལེགས་ཀྱི་སྡོང་ཕྲུག་ས་ཡ་བཞི་ལྷག་གསོ་སྐྱོང་བྱས་ཏེ། ལྗང་མདོག་ཐོན་ལས་ལ་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།