ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བར་བསྙེགས།
2019.08.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 61

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་པད་མ་རིག་འཛིན་དང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐར་མ་རྡོ་རྗེ་གཉིས་ཀྱི་འགྲོ་རོགས་འོག ཞིན་ཧེ་རྫོང་རྒྱ་མཚོ་བོད་ཀྱི་རིག་གནས་དངུལ་རྒྱན་སྒྱུ་རྩལ་ཚད་ཡོད་ཀུང་སིར་བཅར་འདྲིར་ཕྱིན་པ་ཡིན། ཀུང་སིའི་སྒོ་ཁར་སླེབས་པ་ན། བལྟས་ཚོད་ཀྱིས་ལོ་ན་བཞི་བཅུ་ལྷག་ལ་བརྒལ་འདྲའི་གཟུགས་པོ་ཅུང་འཁྱོག་འདུག་པའི་བུད་མེད་ཅིག་གིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་རྒྱ་མཚོ་དངུལ་ཆའི་ཚོང་ཁང་དུ་སྦྱིན་བདག་ལུང་བཟང་རྒྱ་མཚོ་དང་ཁ་བརྡ་བྱེད་ཞོར་གད་མོ་དགོད་བཞིན་ཡོད་པ་མཐོང་།

ང་ཚོ་དེ་མུར་ནང་དུ་སོང་སྟེ་གནས་ཚུལ་རྒྱུས་ལོན་བྱས་པ་ན། བུད་མེད་དེའི་མིང་ལ་མཆོག་སྐྱིད་ཟེར་ཞིང། མོ་ནི་ཞིན་ཧེ་རྫོང་ཐང་ནག་ཞང་ཀླུ་མཆོད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་ཡིན་པ་ཤེས། དེ་རིང་མོ་དངུལ་ཆའི་ཚོང་ཁང་ནང་ཡོང་དོན་ནི་ཚོང་མགྲོན་ཞིག་གི་དགོས་མཁོ་ལྟར་སྐེད་ཆིངས་ཤིག་དང་གློ་གཟུར་ཞིག་ལེན་དུ་ཡོང་བ་ཡིན་ཟེར། མ་གཞི་མོ་ནི་རྒྱ་མཚོ་བོད་ཀྱི་རིག་གནས་དངུལ་རྒྱན་སྒྱུ་རྩལ་ཚད་ཡོད་ཀུང་སིས་གཞི་རིམ་གྱི་སྡེ་བ་སོ་སོའི་ནང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པར་ཚབ་ཚོང་མི་སྣ་ཁ་ཤས་བཙལ་ཡོད་པའི་གྲས་ཀྱི་གཅིག་རེད། མོར་ཉིས་སྟོང་བཅུ་ཡི་ལོ་མགོ་ནས་ད་ལྟའི་བར་དུ་ཕྱིར་འཚོང་ཁེ་འཐེན་གྱི་ཡོང་སྒོ་སྒོར་སྟོང་གཅིག་དང་བཞི་བརྒྱ་ལྷག་ལག་སོན་བྱུང་ཡོད་ཅིང་། མོས་དགོད་འཛུམ་དང་བཅས་ང་ཚོར“རྒྱ་མཚོ་དངུལ་རྒྱན་ཟེར་ན་ཡུལ་མི་ཚོས་མི་ཤེས་ནི་ཞིག་མེད་ལ། གོང་ཚད་དང་རྒྱུ་སྤུས་གང་ཡིན་ཡང་མང་ཚོགས་ཀྱི་འདོད་བློ་དང་མཐུན་ཞིང་ཉོ་མཁན་ཧ་ཅང་མང་པས། རང་ས་གནས་ནས་ཕར་རྒྱུག་ཚུར་རྒྱུག་ཐེངས་འགའ་བྱས་ན་ཡོང་སྒོ་བཙལ་ཐུབ་པ་འདི་རང་ལ་མཚོན་ན་དངོས་གནས་དགའ་འོས་པའི་དོན་ཞིག་རེད”ཅེས་བཤད།

ཞིན་ཧེ་རྫོང་རྒྱ་མཚོ་བོད་ཀྱི་རིག་གནས་དངུལ་རྒྱན་སྒྱུ་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ལུང་བཟང་རྒྱ་མཚོ་ནི་ས་གནས་ཀྱི་དངུལ་མགར་མིང་གྲགས་ཅན་ཞིག་ཡིན་ཞིང། ཞིན་ཧེ་རྫོང་དུ་ཧ་ལམ་ཁོ་རང་ངོ་མི་ཤེས་མཁན་ཞིག་མེད་ཅེས་བཤད་ཆོག རྒྱུས་ལོན་པ་ལྟར་ན་ཁོ་རང་ད་ལོར་ལོ་ན་བཞི་བཅུ་ལ་སོན་ཡོད་ཅིང་། དངུལ་མགར་གྱི་ལས་ཀ་འདི་ཁོའི་ཕ་རྒན་སྒྲོལ་མ་རྒྱལ་གྱི་རིང་ནས་བཟུང་བརྒྱུད་ཡོང་ཞིང་ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་བདུན་བཅུ་ལྷག་གི་ལོ་རྒྱུས་ཡོད། ཁོ་རང་ཆུང་དུས་སུ་ཁྱིམ་གྱི་ཆ་རྐྱེན་ཧ་ཅང་ཞན་ལ། ཞིང་འདེབས་པ་དང་ནོར་འགའ་འཚོ་བ་ལས་གཞན། ཨ་ཕའི་དངུལ་མགར་གྱི་ལག་རྩལ་ལ་བརྟེན་ནས་བཟའ་མི་གང་བོའི་ཁ་རྒྱབ་གསོས་པ་རེད། རྗེས་སུ་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཆུ་ཚད་ཅུང་དམའ་བར་ཆགས་པས་ཡོང་སྒོ་ཆེར་བཙལ་མ་ཐུབ་པའི་རྐྱེན་གྱིས་དངུལ་མགར་གྱི་ལས་མཚམས་བཞག་སྟེ་ཤིང་ལས་སྦྱངས་པ་དང་། ཁོ་རང་ལོ་ན་ཉི་ཤུ་ཙམ་ལ་སོན་སྐབས། ཐོག་མར་ཡུལ་ཚོ་རུ་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་མོད། ཡིན་ཡང་ཡོང་སྒོ་ཉུང་ཙམ་མ་གཏོགས་མེད་པས་ཚོང་ཁང་གི་སྒོ་མི་རྒྱག་ཀ་མེད་བྱུང་།

“ཕོ་ལོ་བཅོ་ལྔར་བུད་ན་བློ་ཕར་མི་འདྲི། མོ་ལོ་བཅོ་ལྔར་བུད་ན་ཟས་མར་མི་སློང”ཞེས་པའི་དཔེ་བཞིན། ཕོ་ལོ་ཉི་ཤུ་ལ་སོན་པའི་སྐབས་དེར། ལུང་བཟང་རྒྱ་མཚོས་མ་འོངས་པར་ལས་ཀ་ཅི་ཞིག་ལ་འཇུག་པའི་ཕྱོགས་ལ་བསམ་བློ་ཡང་ཡང་བཏང་མཐར། རང་གི་ཕ་མེས་རིང་བརྒྱུད་འོང་བའི་ལག་ཤེས་བཟོ་ལས་ཀྱི་ལག་རྩལ་རྒྱུན་བསྐྱངས་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་ཤིང་། དངུལ་མགར་བཟང་པོ་ཞིག་བྱ་རྒྱུའི་སེམས་ཐག་བཅད་ནས་ད་ལྟའི་བར་དུ་ལས་མཚམས་བཞག་མ་མྱོང་།

དང་ཐོག་སྡེ་བ་གཞན་ཞིག་ཏུ་རྒྱ་རིགས་དངུལ་མགར་ཝང་ཡིའུ་ཀུའེ་ཞེས་པའི་མདུན་ནས་ལོ་ངོ3གྱི་རིང་ལ་དངུལ་མགར་གྱི་ལག་རྩལ་བྱང་ཆུབ་པ་སྦྱངས་རྗེས། རང་ཁྱིམ་གྱི་ནོར་བཅུ་གཉིས་ཡོད་པ་ཆ་སྙོམས་ཀྱིས་སྒོར་སྟོང་གཉིས་དང་ལྔ་བརྒྱ་བྱས་ནས་བཙོངས་ཤིང་། བསྡོམས་པས་སྒོར་ཁྲི་གསུམ་ཡོད་པ་དེ་ཆེས་ཐོག་མའི་ལས་སྐྲུན་མ་དངུལ་དུ་བཞག་སྟེ། ལུང་བཟང་ཞང་གི་ཁྲི་སྟེང་སྡེ་བ་རུ་དངུལ་མགར་ཁང་ཞིག་གཉེར་ནས་ལོ་ངོ་བརྒྱད་ཙམ་གྱི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཤིང་། དེ་མཐུན་གྱི་ཡོང་སྒོའང་མི་དམན་པ་ཞིག་བཙལ་བ་དང་ས་གནས་མང་ཚོགས་ཀྱིས་ཀྱང་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ། ཉིས་སྟོང་བརྒྱད་ལོར་མ་དངུལ་སྒོར་ཁྲི་བཞི་ལྷག་བཏང་སྟེ་ཞིན་ཧེ་རྫོང་མཁར་ནས་དངུལ་ཆའི་ཚོང་ཁང་ཞིག་གཉེར་ལ། ཁོར་ཡུག་རྒྱ་བསྐྱེད་པ་དང་བསྟུན་ནས་ཚོང་མགྲོན་ཡང་སྔར་ལས་ཇེ་མང་དུ་སོང་ཞིང་། ཚོང་ཟོག་མངག་ཐོའང་མང་དུ་འཕར་པས་ལས་རོགས་པ་གཉིས་བཙལ་ནས་ཉིན་རེར་གླ་ཆ་སྒོར་བརྒྱ་རེ་བྱིན་ནས་མཉམ་དུ་ལས། སྐབས་དེར་ཆེས་མཐོ་བའི་ཡོང་སྒོ་ལོ་རེར་སྒོར་ཁྲི་བཅུ་ལྷག་ལ་སླེབས་པ་རེད། ཚོང་མགྲོན་རྣམས་ཀྱིས་བསྟོད་པའི་མཐེ་བོང་མང་དུ་བསྒྲེངས་པ་དང་ཡོང་སྒོ་འཕར་ཚད་ཀྱང་ཅུང་མགྱོགས་པར་བརྟེན་རིམ་གྱིས་ཚོང་ཁང་གི་རྒྱ་བསྐྱེད་དེ་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དངུལ་ཆ་སྣ་མང་ཚོང་རར་འགྲེམ་རྒྱུའི་སེམས་པ་སྐྱེས་ནས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་པར་ཞིན་ཧེ་རྫོང་རྒྱ་མཚོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་དངོས་སུ་ཐོ་འགོད་བྱས་ཏེ་སྒོ་ཕྱེས་པ་རེད།

ཀུང་སི་འདིར་ད་ལྟ་ལས་བཟོ་པ་མི་བཅུ་ལྷག་ཡོད་ལ། ཚང་མ་ས་གནས་ཀྱི་དངུལ་རྒྱན་ལས་རིགས་ཁྲོད་ཀྱི་ཆེད་ལས་མི་སྣ་དག་དག་རེད། ཁོ་ཚོས་ལོ་ངོ་དུ་མའི་རིང་བསགས་པའི་ཉམས་མྱོང་དང་ཞུན་བརྡར་ཐོབ་ཡོད་པའི་ལག་རྩལ་ཁྱད་པར་བ་ལ་བརྟེན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དངུལ་གྱི་མཆོད་ཆས་དང་དངུལ་རྒྱན། འཚོ་བའི་མཁོ་ཆས་ཀྱི་རིགས། འདོགས་རྒྱན་སོགས་ཀྱི་རིགས་བརྒྱ་ལྷག་བཟོ་བཞིན་ཡོད་ལ། གཙོ་བོ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། དེ་མིན་ཉེ་བའི་ལོ་འགའི་རིང་། ཞིང་ཆེན་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ཏེ་རྒྱ་མཚོ་སྤུས་རྟགས་ཀྱི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། ནང་ལོག་གི་ཀྲེ་ཅང་དང་ཅང་སུའུ། ནན་ཅིན་བཅས་སུའང་ཉོ་ཚོང་གི་འབྲེལ་ཟམ་བཙུགས་ཏེ། ཕལ་ཆེར་ལོ་རེར་སྒོར་ཁྲི3ཡས་མས་ཀྱི་ཚོང་དོན་སྒྲུབ་ཀྱིན་ཡོད་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་ཀུང་སིའི་སྤྱིའི་ཡོང་འབབ་སྒོར་ཁྲི་སུམ་བཅུ་ལྷག་ལ་སླེབས་འདུག ཀུང་སིའི་སྤྱི་གཉེར་པ་ལུང་བཟང་རྒྱ་མཚོའི་གདོང་ལ་འཛུམ་ཞིག་ཤར་བཞིན“ཐོན་རྫས་སྤུས་ལེགས་ཅན་ཞིག་དང་། མང་ཚོགས་ཀྱི་འདོད་བློ་དང་མཐུན་པ་ཞིག་བཟོ་རྒྱུ་ནི་ང་ཚོའི་ཆེས་ཐོག་མའི་སེམས་འདུན་ཡིན”ཟེར། ཀུང་སི་འདིས་ཐོག་མཐའ་བར་གསུམ་དུ“སྤུས་ཀ་སྔོན་ཐོན་དང་བཟོ་དབྱིབས་ཐུན་མོང་མ་ཡིན་པ། གོང་ཚད་དམའ་བ་དང་ཞབས་ཞུ་བཟང་བའི”དགོངས་དོན་གཞིར་བཟུང་སྟེ་ས་གནས་ཀྱི་ཚོང་རར་རྐང་བཙུགས་ཤིང་། མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་སྟེ་ས་གནས་གཞན་གྱི་ཚོང་ར་ཆེན་མོ་སོ་སོར་ཡང་ཡུན་གྱིས་གོམ་ཁ་བསྒྱུར་བའི་སྟ་གོན་བྱེད་ཀྱིན་ཡོད།

ལུང་བཟང་རྒྱ་མཚོས“མ་འོངས་པ་ན་རང་གི་ནུས་ཚོད་ཀྱིས་ས་ཆ་གང་སར་ཡན་ལག་ཚོང་ཁང་མང་པོ་གཉེར་འདོད་ལ། རང་ས་གནས་ཀྱི་དངུལ་མགར་ལ་སྤྲོ་བ་ཡོད་པའི་ལག་རྩལ་པའང་མང་པོ་སྐྱེད་སྲིང་བྱས་ཏེ། ཕ་མེས་ལས་བརྒྱུད་པའི་སྲོལ་རྒྱུན་གྱི་ལག་རྩལ་ཁྱད་པར་བ་འདི་མུ་མཐུད་དུ་རྒྱུན་བསྲིངས་ན་འདོད”ཟེར།
                                                                                                                                     རྩོམ་སྒྲིག་པ། སྐར་མ་མཚོ།