སློབ་སྒྲུབ་གཤིས་སྐྱོང་ལ་གཞོལ་བའི་དགེ་རྒན་ཕལ་བ་ཞིག་གི་ཕུགས་འདུན་དང་ཡིད་ཆེས།
2019.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 73

ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་དུ་སློབ་མ་རང་གི་བུ་ཕྲུག་ལྟར་སྐྱོང་བའི་དགེ་རྒན་ཞིག་ཡོད་པ་གོ་ཐོས་ཡོད་པས། ཟླ6པའི་ཚེས26ཉིན། ང་ཚོ་གསར་འགོད་པ་ཆེད་དུ་སློབ་གྲྭ་དེ་གར་བཅར་འདྲིར་ཕྱིན་པ་ཡིན།

“ང་རང་སློབ་གྲྭར་འགྲིམས་དུས་ནས་ཕྱིར་མ་ཡུམ་སློབ་གྲྭ་རུ་དགེ་རྒན་བྱས་པའི་རིང་ལ་མ་ཡུམ་སློབ་གྲྭར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུག སློབ་རའི་ཕྱིའི་འཛུགས་སྐྲུན་ནི་ངས་སྨྲ་མི་དགོས་པར་མདུན་དུ་བཤམས་ཡོད་པ་འདི་རེད། སྔོན་ཆད་རྒྱན་འཕངས་ནས་བྱིས་པ་གཅིག་རེ་གཉིས་རེ་སློབ་གྲྭར་བསྐྱལ་བ་ནས་ད་ལྟ་ཁྱིམ་ཚང་དུ་བྱིས་པ་ཡོད་ཚད་སློབ་གྲྭར་སྐྱེལ་བཞིན་ཡོད། ད་བར་ཚན་རྩལ་རིག་གནས་དང་དྲ་རྒྱའི་སློབ་གསོ་ཆེས་ཆེར་དར་ཡོད་པས་སློབ་བུ་ཚོའི་ཤེས་རྒྱ་དང་ཐོས་རྒྱ་ཡང་ཆེར་བསྐྱེད་ཐུབ། དངོས་ནས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་འདུག”ཅེས་ང་ཚོ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སྒོ་ནང་ནས་ཡར་འགྲོ་དུས་སློབ་གཙོ་ཡི་དམ་རྡོ་རྗེས་གསར་འགོད་པ་དང་ལྷན་དུ་ཁ་བརྡ་གློད་བྱུང་ལ། ཁོའི་ཐོལ་བྱུང་དུ་ཐོན་པའི་སྐད་ཆ་དག་ལས་སློབ་གྲྭའི་ཁོར་ཡུག་གི་ཆ་རྐྱེན་དང་སློབ་མའི་སློབ་ཞུགས་ཀྱི་གནས་ཚུལ་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ། ང་ཚོ་སློབ་ཁང་གི་ཕྱོགས་སུ་བསྐྱོད་དུས། ཏག་ཏག་མཐར་ཕྱིན་སློབ་མ་སྐོར་ཞིག་བསྐྱལ་ཟིན་པའི་དགེ་རྒན་ཚེ་རིང་དབང་ལྡན་དང་འཕྲད་བྱུང་པས། ང་ཚོར་དེ་མུར་དགེ་རྒན་ཁོང་ལ་བཅར་འདྲི་བྱེད་པའི་གོ་སྐབས་ལྡན་བྱུང་།

“དགེ་རྒན་ཚེ་རིང་དབང་ལྡན། ཁྱོད་ཀྱིས་གྲ་སྒྲིག་ཅིག་བྱོས་དང་། ཅུང་ཙམ་གྱིས་གསར་འགོད་པས་ཁྱོད་ལ་བཅར་འདྲི་བྱེད་རྒྱུ་རེད།”

“ངས་ཅང་ཤེས་ནི་མ་རེད། སློབ་གཙོ་ལོ་ལོ…”

བལྟས་ཚོད་ཀྱིས་དགེ་རྒན་ཚེ་རིང་དབང་ལྡན་ཅུང་ཙམ་འཚབ་ཀྱིན་པའི་སྣང་བ་སྟེར་མོད། གསར་འགོད་པས་ཁོ་ལ་སློབ་མ་ཇི་ལྟར་བསྐྱངས་ཚུལ་དང་ཐོག་མར་སློབ་གྲྭར་ཡོང་དུས་ནས་ད་ལྟའི་བར་གྱི་འགྱུར་ལྡོག་སྐོར་འདྲི་དུས། ད་སོ་མར་ཅུང་འཚབ་ཀྱིན་པའི་རྣམ་པ་རེ་ཞིག་ཡལ་ཏེ་ང་ཚོ་ལ་སློབ་མའི་གནས་ཚུལ་བརྗོད་མགོ་བརྩམས་བྱུང་། ཁོས“ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་ནི་ངའི་མ་ཡུམ་སློབ་གྲྭའང་ཡིན་པས་རང་ཉིད་སློབ་ཆེན་ནས་མཐར་ཕྱིན་རྗེས་ཕྱིར་མ་ཡུམ་སློབ་གྲྭར་དགེ་རྒན་གྱི་ལས་རྐང་དུ་རྒྱུགས་སྤྲད་པ་ཡིན། ང་རང་ཐོག་མར་སློབ་གྲྭ་འདིར་འོང་དུས་ཁྱིམ་བདག་གི་གྲལ་དུ་འོས་འགན་སློབ་གསོ་མཇུག་རྫོགས་རྗེས་མུ་མཐུད་དུ་སློབ་གྲྭར་མི་སྐྱེལ་བའི་སྣང་ཚུལ་ཤིན་ཏུ་མང་མོད། ད་ལྟ་ཁྱིམ་བདག་ཡོངས་ཀྱི་བསམ་བློའི་གོ་རྟོགས་ཀྱང་ཇེ་མཐོར་སོང་ཡོད་པས་དེ་ལྟ་བུའི་སྣང་ཚུལ་ནི་ཡེ་ནས་མེད་པར། དགེ་རྒན་གྱི་འགན་འཁུར་ནས་ལོ་ངོ་དགུ་འགོར་བའི་རིང་ལ་དམའ་གཅིག་ནས་དམའ་གསུམ་བར་དུ་འཛིན་གྲྭ་གསུམ་བསྐྱངས་མྱོང་ལ། འཛིན་གྲྭ་རེ་ལ་སློབ་མ་བཞི་བཅུ་ནས་ལྔ་བཅུར་འབུད་པ་ཡོད་པས་ད་ལྟའི་སློབ་ཞུགས་ཀྱི་གནས་ཚུལ་ནི་ང་རང་ཉིད་སློབ་གྲྭར་འགྲིམས་དུས་ཀྱི་ལྡབ་གསུམ་བཞི་ལྷག་རེད”ཟེར་ལ། ཁོ་རང་དགེ་རྒན་གྱི་ལས་རྐང་དུ་ཞུགས་དོན་ཅི་ཡིན་པ་འདྲི་དུས།“སློབ་མ་བསྐྱངས་ནས་སློབ་མའི་མི་གཞི་དང་སློབ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་སུ་འགྲོ་བ་མཐོང་ན་སེམས་སྐྱིད་ཀི། དེ་ནི་བདག་གི་ཕུགས་འདུན་ཡང་ཡིན། ”ཞེས་བཤད་དུས། དགེ་རྒན་ཕལ་བ་ཞིག་གི་ངག་ལས་ཐོན་པའི་སྤྱིར་བཏང་མ་ཡིན་པའི་སྐད་ཆ་དེས་ཡུལ་དངོས་ཀྱི་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་སོང་།

དགེ་རྒན་གྱི་ལས་རྐང་ལ་ཞུགས་པའི་དུས་དེ་ནས་བཟུང་། ཁོང་གིས་ཐོག་མར་རང་གིས་རང་ལ་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ཕྱོགས་ནས་རེ་བ་ནན་མོ་འཛིན་པ་དང་། ཞོགས་པའི་ཆུ་ཚོད་ལྔའི་སྟེང་སློབ་མ་ཚོ་ཡར་མ་ལངས་གོང་དུ་ཡར་ལངས་ཏེ་དཔེ་ཆར་ལྟ་བ་དང་། སློབ་མའི་མདུན་ནས་དུ་བ་འཐེན་པ་དང་ཆང་འཐུང་བ་སོགས་གཏན་ནས་མི་བྱེད་པ་ནི་ཁོའི་ཐོག་མའི་བླང་བྱ་རེད། རྒྱུ་མཚན་ནི“དགེ་རྒན་ནི་མེ་ལོང་ལྟ་བུ་ཡིན”ཞེས་སློབ་མའི་མདུན་ནས་རང་གི་སྤྱོད་པ་ལེགས་པོ་སྲུང་ཐུབ་ཚེ་སློབ་མར་ཡང་དེ་ལྟར་སློབ་གསོ་ལེགས་པོར་གཏོང་ཐུབ་པས་ཡིན།

དགེ་རྒན་ཚེ་རིང་དབང་ལྡན་གྱིས་རྒྱུན་པར“དགེ་རྒན་ནི་ཕ་མ་ལྟ་བུ་ཡིན” ཞེས་འཛིན་གྲྭའི་ནང་གི་སློབ་མ་ཡོངས་ལ་ཕྱོགས་རིས་མེད་པར་རང་གི་བུ་ཕྲུག་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་སློབ་སྦྱོང་གི་གནས་ཚུལ་དང་དགའ་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་། སློབ་སྦྱོང་ལ་ཞན་པའི་སློབ་མ་དང་འཕྲད་ཚེ་དེའི་སློབ་སྦྱོང་ལས་གཞན་པའི་དགའ་ཕྱོགས་དང་རང་སྟེང་གི་ཁྱད་ཆོས་ལ་རྒྱུས་ལོན་བྱས་ཏེ་སློབ་མའི་འཇོན་ནུས་སྐྱེད་སྲིང་དང་སྐུལ་ལྕག་གནང་བཞིན་ཡོད་ལ། “སློབ་མ་ནི་གཏེར་ཁ་ལྟ་བུ་ཡིན་པས་ཇི་ལྟར་བསློགས་ན་དེ་ལྟར་སྔོག་འདོན་བྱེད་རྒྱུ་ཡོད” ཟེར།

རྒྱུས་ལོན་པ་ལྟར་ན། དགེ་རྒན་ཚེ་རིང་དབང་ལྡན་གྱིས་སྔ་གཞུག་ཏུ་ཕུལ་བྱུང་འཛིན་བདག་གི་གཟེངས་རྟགས་དང་སྤུས་ལེགས་སློབ་ཁྲིད་འགྲན་བསྡུར་ཁྲོད་ཀྱི་གཟེངས་རྟགས་སོགས་གཟེངས་རྟགས་རབས་དང་རིམ་པ་མང་པོ་བླངས་མྱོང་བ་དང་། ད་ལོར་ཡང་ཁོང་གིས་ཞིབ་འཇུག་སློབ་མ་འདོན་གྲབས་བྱེད་ཀྱིན་ཡོད་ལ། རང་གིས་སྦྱང་འདོད་ཀྱི་ཤེས་བྱར་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ་སློབ་མ་སྔར་ལས་མང་པོ་སྐྱོང་འཆར་ཡོད་ཅིང་། ཁོང་གིས་བསྐྱངས་པའི“གཟའ་ཉི་མའི” འཛིན་གྲྭ་ནི་སློབ་གྲྭའི་ནང་གི་སློབ་སྦྱོང་དང་སྒྲིག་ལམ། མཐུན་སྒྲིལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཆེས་ལེགས་ཤིང་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད་པའི་འཛིན་གྲྭ་ཡིན་ལ། ཁོ་ཚོས“གཟའ་ཉི་མ”ཞེས་པའི་ཚོང་རྟགས་ཐོ་འགོད་བྱས་ཡོད་ཅིང་། དེས་འཛིན་གྲྭའི་ནང་གི་སློབ་མ་སུ་ཞིག་ཡིན་ཡང“གཟའ་ཉི་མ”རྟགས་མའི་ཚོང་ཁང་དང་ཇ་ཁང་སོགས་ཕྱེས་ཆོག་པ་དང་། ད་ལོར་ཡང་སྔོན་ཆད་ཀྱི་མཐར་ཕྱིན་སློབ་མ་སྐོར་ཞིག་གིས་ཀྱང“གཟའ་ཉི་མ”ཡིག་སྒྱུར་ཚོགས་པ་ཞིག་བཙུགས་ཏེ་ཡིག་སྒྱུར་བྱེད་མཁོ་བ་དག་ལ་ཞབས་འདེགས་ཕྲན་ཙམ་རེ་ཞུ་རྩིས་འདུག གཞན་ད་དུང་སློབ་གྲྭའི་ནང་དུ“གཟའ་ཉི་མ”ཞེས་པའི་འཛིན་གྲྭའི་ཚགས་པར་གཉེར་ནས་ད་བར་དུ་སྤྱིའི་འདོན་ཐེངས་དྲུག་ཙམ་པར་སྐྲུན་བྱས་ཏེ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་དུ་འཛིན་གྲྭར་ཚགས་པར་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ནས་སློབ་རའི་རིག་གནས་ཕུན་སུམ་ཚོགས་པར་བཏང་ཡོད།

སྤྱིའི་ཆ་ནས་ཀྱང་སློབ་གྲྭ་དེ་གས་སློབ་མ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་གཙིགས་སུ་འཛིན་པ་ལས་གཞན་ད་དུང་སློབ་མ་ཚོའི་དགའ་ཕྱོགས་སྐྱེད་སྲིང་བྱེད་ཀྱིན་ཡོད་དེ། ཁྱིམ་བདག་ཨུ་ཡོན་གྱིས་རྩ་འཛུགས་བྱས་ནས་སྨྲ་ལྕེ་རྒོད་པའི་འགྲན་བསྡུར་ལྟ་བུའི་གཏམ་དཔེའི་འགྲན་བསྡུར་སྤེལ་ཏེ་སྲོལ་རྒྱུན་རིག་གནས་གཙིགས་སུ་འཛིན་པ་དང་། ཀློག་ལ་བྱང་ཆ་ལྡན་པར་ཁ་གཏད་དེ་བློ་སྐྱོར་འགྲན་བསྡུར་སྤེལ་བ། སློབ་མ་ཚོའི་རྩིས་དངོས་རྫས་གསུམ་གྱི་ཆུ་ཚད་ཅུང་ཞན་པར་ཁ་གཏད་དེ་ཚོད་ལྟའི་མཁན་པོ་ཆུང་ཆུང་ངམ་ཚན་རིག་པ་ཆུང་ཆུང་སོགས་ཀྱི་ཚོད་ལྟའི་ལག་ལེན་གྱི་བྱ་འགུལ་སྣ་ཚོགས་སྤེལ་གྱིན་ཡོད་ཅིང་། དེང་རབས་སློབ་གསོར་ཁ་ཕྱོགས་ཏེ་རི་མོ་དང་ལུས་རྩལ། གླུ་དབྱངས་སོགས་ཀྱི་ཕྱོགས་སུ་ཤུགས་རྒྱག་བཞིན་མཆིས་པ་དེ་ནི་སློབ་གྲྭ་དེ་གའི་ཐུན་མོང་གི་ཁྱད་ཆོས་རེད།

                                                                                                རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།