རྒན་པོ་བསོད་བྷོ་ཡི་ལྗང་མདོག་གི་ཕུགས་འདུན།
2019.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 63

དབྱར་ཁའི་རླུང་བུ་དལ་གྱིས་གཡུགས་པ་ན། ར་སྐོར་ནང་གི་སྡོང་བོའི་ཡལ་ག་རྣམས་ལྗང་ནེམ་ནེམ་བྱེད་ཅིང་། བསིལ་རླུང་དལ་བུར་གཡུགས་པ་ན་སྡོང་བོའི་ཡལ་ག་རྣམས་ཕར་གཡོ་ཚུར་གཡོ་བྱེད་པའི་རྣམ་པ་དེ་དབྱར་ཁའི་གསང་བ་ཞིག་བརྗོད་བཞིན་པ་དང་ཀུན་ནས་མཚུངས།

རང་ཁྱིམ་གྱི་ར་སྐོར་ནང་དུ་བཙུགས་ཡོད་པའི་སྡོང་བོ་ཆུང་ཆུང་དེ་ལོ་ངོ་བཅུའི་རིང་གི་ཆར་རླུང་ཁྲོད་ད་ལྟའི་སྡོང་བོ་ཆེན་པོ་ཞིག་ཏུ་གྱུར་བ་དང་། སྡོང་བོ་ཆེན་པོ་དེའི་ལྗང་མདོག་ལ་ཁྱིམ་མཚེས་ཀུན་གྱིས་བསྟོད་བསྔགས་བྱེད་བཞིན་ཡོད་པས་རྒན་པོ་བསོད་བྷོ་ཡི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག ལོ་ན་གཞོན་པའི་དུས་སུ། བྱ་བའི་དགོས་དབང་གིས་འཚོ་བ་དེ་ལྷོ་ཕྱོགས་ས་ཁུལ་དུ་རོལ་དགོས་བྱུང་བ་དང་། སྐབས་དེར། ཁོས་མཐོང་བ་ཆེས་མང་བ་དང་ཁོའི་འདུག་གྲོགས་ལྟ་བུར་གྱུར་བའི་ཡུལ་ལྗོངས་ནི་སྡོང་བོ་རེད། ཀུ་ཤུའི་སྡོང་བོ་དང་། ཚ་ལུ་མའི་སྡོང་བོ། སྦྱར་སྡོང་། ལྕང་སྡོང་། གསོམ་སྡོང་། ཡུན་ཧྲན་གསོམ་སྡོང་སོགས་ཡིན་ཞིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་བསྡད་ཡོད་པའི་རྒན་པོ་བསོད་བྷོ་ཡིས་ཁོ་དང་སྡོང་བོ་བར་གྱི་གཏམ་རྒྱུད་གླེང་བྱུང་།

རྗེས་ནས་རྒན་པོ་བསོད་བྷོ་རང་གི་ཕ་ས་ཕ་ཡུལ་དུ་བསྙེགས་ནས་ཁྱིམ་ཐབ་སྐྱོང་བཞིན་བྱ་བ་གཉེར་མགོ་བརྩམས། འཚོ་བའི་ཁྲོད་ཁོས་དུས་རྒྱུན་དུ་བྱིས་པ་ཚོར་བཤད་པའི་ཆེས་མང་བའི་སྐད་ཆ་ནི་སྡོང་བོ་རིགས་སྣ་ཚོགས་ཀྱི་གཏམ་རྒྱུད་རེད། ཁོའི་སེམས་ནང་དུ་སྐྱེ་སྟོབས་ཀྱིས་ཁེངས་པའི་ལྗང་མདོག་དེ་དྲན་བཞིན་ཡོད་པས། སེམས་ནས་ཁ་རོག་གེར་རང་ཁྱིམ་ནས་ལྗང་མདོག་ཞིག་བསྐྲུན་རྒྱུའི་སེམས་ཐག་བཅད། དེའི་རྗེས་ནས་བཟུང་། རྒན་པོ་བསོད་བྷོ་ཡིས་ཡུལ་ཤུལ་རུ་གསོན་ཐུབ་པའི་སྡོང་ཕྲུག་བཙལ། ཁོར་ཡུག་གི་ཆ་རྐྱེན་ཞན་པའི་དབང་གིས་རང་གི་བློར་འབབ་པའི་སྡོང་ཕྲུག་ཅིག་མ་རྙེད། གློ་བུར་བའི་གོ་སྐབས་ཤིག་གིས་ཁོས་ཕྱི་ནས་ནང་འདྲེན་བྱས་ཡོང་བའི་སྡོང་ཕྲུག་ས་གནས་རང་དུ་འཚོང་བཞིན་པ་གོ་བས། ཐབས་ལམ་མང་པོ་བརྒྱུད་དེ་ཁོས་རྩ་ཆེ་བའི་སྦྱར་སྡོང་དཀར་པོའི་སྡོང་ཕྲུག་བཅུ་ཉོས་ནས་རང་གི་ཕ་ཡུལ་དུ་སྐྱེལ་འདྲེན་བྱས།

རང་ཁྱིམ་གྱི་ར་སྐོར་དུ་ས་དོང་བསྐོས་ནས་སྦྱར་སྡོང་གི་སྡོང་ཕྲུག་བཙུགས་པ་དང་། སྐབས་དེར་རྒན་པོ་བསོད་བྷོར་བྱ་དགའ་ཆེན་པོ་ཐོབ་པ་ནང་བཞིན་དགའ་སྤྲོས་ཁེངས་འདུག་ཅིང་། དེ་ལས་གཞན་པའི་དགའ་སྤྲོ་ཅི་ཡང་མེད་པ་ཞིག་དང་འདྲ་བར་སྣང་།

དགའ་སྤྲོའི་རྗེས་སུ་སྡུག་བསྔལ་ཞིག་ཀྱང་སླེབས་བྱུང་། སྡོང་ཕྲུག་ལ་ཡུན་རིང་བོར་ཆུའི་བརླན་བཤེར་འཛོམས་དགོས། ཆུ་གང་དུ་ཁྱེར་ཡོང་ངམ། འདི་ནི་རྒན་པོ་བསོད་བྷོ་ཡི་ཆེས་སེམས་ཁུར་བྱེད་སའི་འདྲི་གཞི་ཞིག་རེད། ཆུ་ལེན་དུ་འགྲོ་ས་རང་ཁྱིམ་དང་བར་ཐག་རིང་བོ་ཡོད་པ་དང་། ནམ་རྒྱུན་རང་ཁྱིམ་དུ་ཆུ་འཐུང་རྒྱུ་ཡང་ཤིན་ཏུ་དཀའ་བས། སྡོང་བོར་ཆུ་གཏོར་རྒྱུ་ཞིག་གང་ན་ཡོད། དེ་བས། རྒན་པོ་བསོད་བྷོ་ཡིས་རང་གི་བྱིས་པ་ཚོ་རྩ་འཛུགས་བྱས་ནས་ཉིན་མ་རེ་རེར་སྤྱི་ལེ་འགའི་མཚམས་སུ་ཡོད་པའི་རྫ་ཆུ་ཁར་སོང་ནས་ཆུ་འཁུར་ཡོང་ཏེ། ལྕགས་ཟོ་ཆེན་པོ་ཞིག་གི་ནང་བླུགས་ཏེ། ཉི་འོད་ཀྱིས་དྲོད་འཇམ་དུ་བཏང་རྗེས། རྩ་ཆེན་བའི་དབྱར་སྡོང་དཀར་པོ་དེ་དག་གི་སྡོང་རྩར་ཆུ་གཏོར་བ་དང་། སྡོང་བོ་དེ་དག་ལ་དགུན་ཁ་ཐོན་རག་བར་དུ་ཆུ་གཏོར་རྒྱུ་ནམ་ཡང་ཆད་མ་མྱོང་།

ཨ་ཕ་སྡོང་བོ་ལ་དགའ་བའི་རྐྱེན་གྱིས་བུ་དང་བུ་མོ་ཚོས་ཨ་ཕའི་ལྗང་མདོག་གི་ཕུགས་འདུན་མངོན་འགྱུར་ཡོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་། ཉིན་རྒྱུན་ཆུ་འཁུར་ནས་ཕྱིན་ཐོན་དུས། ཁོ་ཚོའི་ཕྲག་པ་དམར་པོར་གྱུར་ནས་ན་བཞིན་ཡོད་པ་དང་། དགོང་མོར་མར་ཉལ་སྐབས་སྟོད་ཐུང་མར་ཕུད་དེ་སེམས་ཆུང་ངང་ཤུགས་ཅུང་ཟད་ཅིག་བཀོལ་ནའང་ན་ཟུག་ཆེན་པོ་བསྐྱེད་སྲིད། ཡིན་ནའང་། ཉིན་རྒྱུན་རྒྱུན་འཁྱོངས་བྱས་པས། འགྱོད་པ་གཏན་ནས་སྐྱེས་མྱོང་མེད།

དགུན་ཁར་ཐོན་དུས། རྒན་པོ་བསོད་བྷོ་ཡིས་ནོར་གནག་གི་ལྕི་བ་དང་ལུག་གི་རིལ་མ་སོགས་སྡོང་རྩར་སྤུངས་ནས་གྲང་ངར་གྱིས་སྡོང་རྩར་མི་གནོད་པར་བྱས་པ་དང་། ད་དུང་ཁྱིམ་གྱི་གྱོན་གོས་རྙིང་བ་རྣམས་གཏོར་ནས་སྡོང་བོའི་ཡལ་ག་སོགས་ཡག་པོར་དཀྲིས་པ་དང་། མཐའ་མར་འགྱིག་ཤོག་གིས་ཡང་བསྐྱར་སྡོང་བོ་རྣམས་བཏུམས། དཔྱིད་མགོ་ཚེས་དུས། ཡང་གྱོན་ཆས་རྙིང་བ་དང་འགྱིག་ཤོག་གིས་བཏུམས་པ་རྣམས་ཁ་ཕྱེས་ཏེ་ཉར་ཚགས་བཟང་པོ་བྱས་པ་དང་། ལོ་རྗེས་མར་མུ་མཐུད་དུ་བཀོལ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན།

ལོ་རེ་རེ་བཞིན་ཕར་འདས་ཏེ། ལོ་ངོ་བཅུ་ཙམ་མིག་རྡེབ་དབང་ཙམ་གྱིས་ཕར་ལ་འདས། སྔོན་ཆད་ཤིན་ཏུ་ཕྲ་བའི་སྡོང་ཕྲུག་དག་ད་ལྟ་གཡུ་ལོ་ཐགས་སུ་བཀྲ་བའི་སྡོང་རྒན་རུ་གྱུར་བ་དང་། རྒན་པོ་བསོད་བྷོ་ཡི་ལྗང་མདོག་ལ་རེ་བའི་ཕུགས་འདུན་དེ་རེ་ཞིག་མངོན་འགྱུར་བྱེད་ཐུབ་པ་བྱུང་།

རང་གི་ཁྱིམ་ཚང་དེ་རི་ངོས་སུ་ཆགས་ཡོད་པ་དང་། དེའི་ཁར་རང་ཉིད་ལོ་ན་མཐོ་བའི་རྐྱེན་གྱིས་འགུལ་སྐྱོད་སྟབས་མི་བདེ་བས། བདེ་ཐང་ཁུལ་དུ་གནས་སྤོར་རྒྱུ་བྱས། ཁྱིམ་གྱི་ཅ་ལག་ཐམས་ཅད་གནས་གཞན་དུ་སྤར་རྗེས། རྒན་པོ་བསོད་བྷོ་སྡོང་བོ་རེ་རེའི་མདུན་དུ་སོང་ནས་ཡུན་རིང་ལ་ལངས་ནས་བསྡད་པ་དང་། སྐབས་དེར་ཁོའི་སེམས་པ་རྙོག་འཛིང་དུ་གྱུར་ལ། སྡོང་བོ་འདི་དག་ལ་སྟོབས་རྒྱས་པར་ཁོ་རང་ཉིད་ཀྱིས་མང་པོ་མང་པོ་ཞིག་ཕུལ་ཡོད།

མ་གཞི་དཀའ་སྡུག་གིས་བཙུགས་པའི་སྡོང་བོ་དེ་དག་རྩ་བ་ནས་བསློགས་ཏེ་ས་གཞན་དུ་སྤར་ནས་འཛུགས་བསམ་མོད། སྐྱེས་སྟོབས་རྒྱས་པའི་སྡོང་བོ་དེ་དག་གནས་གཞན་དུ་སྤར་རྗེས་གསོན་དཀའ་བར་འདོད་དེ། སྡོང་བོ་དེ་དག་རང་གནས་ནས་འཇོག་རྒྱུ་བྱས། མཐའ་མར་རྒན་པོ་བསོད་བྷོ་ཡིས་གོམ་པ་གསུམ་སྤོས་རྗེས་ཐེངས་རེར་ཕྱིར་ལྟ་བྱེད་བཞིན་དཀའ་སྡུག་གིས་བསྐྱངས་པའི་སྡོང་བོ་དེ་དག་དང་ཁ་གྱེས། དུས་ཡུན་རིང་བོ་ཞིག་ལ་ཁོའི་སེམས་པ་སྟོང་ལྷང་ལྷང་དུ་གྱུར་བ་དང་། ཧ་ཅང་གལ་ཆེ་བའི་དངོས་པོ་ཞིག་བརྗེད་སོང་བ་དང་འདྲ་ལ། ནམ་ཡང་བརྗེད་མི་ཐུབ་པ་ལྟ་བུའི་ཚོར་བ་ཞིག་སྐྱེས་པས། སེམས་ལ་ན་ཟུག་ཅིག་ཀྱང་བསྐྱེད།

རང་ཉིད་ཀྱིས་སྔོན་ཆད་འཚོ་བ་རོལ་མྱོང་སའི་ཕ་ཡུལ་དང་། སྡོང་བོ་དེ་དག་ལ་ཁ་བྲལ་ནའང་། རྒན་པོ་བསོད་བྷོ་ཡི་སེམས་ནང་གི་ལྗང་མདོག་གི་ཕུགས་འདུན་དེ་ནམ་ཡང་འགྱུར་མ་མྱོང་། ཁྱིམ་ཚང་གསར་བར་གནས་སྤར་རྗེས། རྒན་པོ་བསོད་བྷོ་ཡིས་ཐབས་ལམ་མང་པོ་བརྒྱུད་དེ་སྡོང་ཕྲུག་རྐང་བདུན་རྙེད་པ་དང་། ཁོས་ཡང་བསྐྱར་ས་དོང་བརྐོས་ནས་ར་བསྐོར་ནང་དུ་རྩ་ཆེ་བའི་སྡོང་ཕྲུག་བདུན་པོ་དེ་བཙུགས།

སྔོན་ཆད་དང་འདྲ་བར་ཁོས་སྡོང་ཕྲུག་དེ་དག་ལ་སེམས་ཞིབ་མོས་བདག་སྐྱོང་བྱས། སྔོན་ཆད་དང་མི་འདྲ་ས་ཞིག་ཡོད་པ་ནི་ད་ལྟ་བྱིས་པ་ཚོས་རྒྱང་ཐག་རིང་བོ་ནས་ཆུ་འཁུར་ཡོང་མི་དགོས། རྒྱུ་མཚན་ནི་རང་ཁྱིམ་གྱི་ར་སྐོར་ནང་དུ་ཁྲོམ་པ་ཞིག་བསྐོར་ཡོད་པས་ཆུ་འཁུར་བའི་དཀའ་ལས་མྱངས་མི་དགོས་ལ། ཉིན་དཀར་ཆུ་བླངས་ནས་ཉི་འོད་འོག་ཏུ་སྡོང་བོ་ལ་ཆུ་གཏོར་ཐུབ་པས། རྒན་པོའི་སེམས་ཀྱི་སྟོང་ཆ་དེ་རེ་ཞིག་ཁ་བསྐངས་ཐུབ་པར་གྱུར།

མཐོ་སྒང་གི་དམིགས་བསལ་གྱི་ནམ་ཟླ་དང་ཁོར་ཡུག་གི་དབང་གིས་སྡོང་བོ་སྐྱེས་པ་ཤིན་ཏུ་དལ་ཞིང་། གསོན་ཚད་ཤིན་ཏུ་དམའ། སྡོང་ཕྲུག་བདུན་པོའི་ཁྲོད་སྡོང་ཕྲུག་དྲུག་སྔ་གཞུག་ཏུ་སྐམ་པ་དང་། སྡོང་ཕྲུག་གཅིག་གསོན་ཐུབ་པ་བྱུང་། རྒན་བསོད་བྷོ་ཡིས་དེ་ལ་རང་གིས་བྱིས་པར་གཅེས་སྐྱོང་བྱེད་པ་ནང་བཞིན་སྲུང་སྐྱོབ་བྱས་པ་དང་། སྡོང་ཕྲུག་རྐང་གཅིག་པོ་དེ་ཡང་གསོན་མི་ཐུབ་པར་འདོད་ནས་སྡོང་ཕྲུག་དེ་ལ་ལྕགས་ཀྱི་ཁང་པ་ཞིག་ཕུབ་ནས་སྲུང་སྐྱོབ་བྱས། འདི་ལྟར་རྒན་པོ་བསོད་བྷོ་ཡིས་སྡོང་ཕྲུག་དེར་ལོ་ངོ་སུམ་ཅུ་ཙམ་ལ་སྲུང་སྐྱོབ་བྱས་མྱོང་། སྡོང་ཕྲུག་དེ་ད་ལྟ་ཁང་བརྩེགས་འགའི་ཡན་ལ་ཤོར་བའི་སྡོང་བོ་ཆེན་པོ་ཞིག་ཏུ་གྱུར་བ་དང་། སྡོང་བོ་དེ་རྒན་པོ་བསོད་བྷོ་ཡི་ཆར་རླུང་འགོག་བྱེད་ལྟ་བུར་གྱུར་ནས་ཁོས་བདེ་སྐྱིད་ཀྱི་ཚེ་འཇུག་ལ་རོལ་བཞིན་ཡོད།

རྒན་པོ་བསོད་བྷོ་ཡི་སྡོང་འཛུགས་བྱ་བ་བདེ་བླག་ངང་འགྲུབ་པ་དང་བསྟུན་ནས། གྲོགས་པོ་དང་། ཁྱིམ་མཚེས་མང་པོ་ཞིག་ཁོ་ཚང་དུ་ཡོང་ནས་ཁོ་ལ་སྡོང་བོ་འཛུགས་པའི་རྒྱལ་ཁའི་ཉམས་མྱོང་བཤད་དུ་བཅུག་པར་མ་ཟད། ད་དུང་ཁོ་རང་ལ་སྡོང་འཛུགས་བྱ་བར་མཛུབ་སྟོན་བྱེད་དུ་བཅུག་པ་དང་། རིམ་བཞིན་ལྗང་མདོག་གི་ཁྱབ་ཁོངས་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར།

ད་ལྟ་ལོ་རེའི་དཔྱིད་མགོ་ཚེས་སྐབས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོ་རུ་སྡོང་བོ་འཛུགས་པའི་ཚ་རླབས་ཤིག་འཕྱུར། དབྱར་ཁར་ཐོན་དུས། རི་ངོས་དང་། ལམ་འགྲམ། སྡོད་ཁུལ་སོགས་ག་ས་གང་དུ་ཡལ་གའི་ཁོ་ལག་ཡོངས་སུ་རྫོགས་པའི་ལྗང་མདོག་གི་སྡོང་བོ་མང་པོ་མཐོང་ཐུབ་ལ། དེས་ཡུལ་ཤུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་འདུག

ཡུལ་ཤུལ་ཡི་ནམ་ཟླ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་ལ། ཆུ་མོ་སྔར་ལས་དྭངས་བ་དང་། སྐྱེ་ཁམས་ཁོར་ཡུག་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད།

                                                                                                            ལོ་ཙཱ། ཚེ་རིང་སྒྲོལ་མ།