ང་ཡི་སྲི་ཞུ་ལ་བརྟེན་ནས་ཁྱེད་ཀྱི་འཛུམ་མདངས་འཚོལ།
2019.11.12 ཁུངས། མཚོ་ལྷོ་བོད་ཡིག་གསར་འགྱུར། ཀློག་གྲངས། 58

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཤང་ཤེའུ་དཀར་སྡེ་བའི་ལྔ་སྐྱོང་བགྲེས་པོ་དོན་གྲུབ་ད་ལོ་ལོ76ཡིན་ལ་མི་རིགས་རྒྱ་རིགས་ཡིན། སྔོན་ཆད་ཀན་སུའུ་ཞིང་ཆེན་ཀྲོང་ལེང་རྫོང་གི་མི་ཡིན་པ་དང1958ལོར་ཡུལ་གྱར་སློང་མོ་བྱས་ནས་བྲག་དཀར་རྫོང་གི་ཨ་ཚོགས་དགོན་དུ་སོང་སྟེ་རབ་ཏུ་བྱུང་བ་དང་དེའི་རིང་ཁོས་བོད་ཡིག་སློབ་སྦྱོང་བྱས་པ་མ་ཟད་བོད་སྐད་ཀྱང་ཤེས་བྱུང་།  2005ལོར་དགོན་པ་ནས་ཕྱིར་བུད་དེ་ཐར་ཤུལ་ཤང་ཤེའུ་དཀར་སྡེ་བར་ཡུལ་གྱར་དུ་ཕྱིན་ཡང་འདུག་སའི་གནས་མེད་པ་དང་འཚོ་བར་བརྟེན་ས་མེད།  ཡིན་ཡང་ཕྱིས་སུ་སྐ་ལེ་མའི་ཨ་ཕ་ལགས་དང་འཕྲད་ནས་ཁོང་གཉིས་གྲོགས་པོར་གྱུར་བ་མ་ཟད།  སྐ་ལེ་མའི་ཨ་ཕས་དགེ་འདུན་པ་དེ་རང་ཁྱིམ་དུ་བླངས། 2006ལོར་སྐ་ལེ་མའི་ཨ་ཕ་ཚེ་ལས་འདས་ཤིང་ཁོ་ཚེ་ལས་མ་འདས་སྔོན་ཁོང་གིས་རྒན་རབས་པ་དོན་གྲུབ་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པ་དང་ཁོང་ལ་ཡུལ་གྱར་བའི་འཚོ་བ་སླར་ཡང་སྐྱེལ་དུ་འཇུག་མི་རུང་བའི་ཁ་ཆེམས་བཞག ཨ་ཕའི་ཁ་ཆེམས་ལ་བརྩི་སྲུང་ཞུ་ཆེད་སྐ་ལེ་མའི་ནང་མི་ཚང་མས་རྒན་པོ་ཁོང་ལ་བདག་སྐྱོང་ཡག་པོ་བྱས་ནས་འགྱོད་པ་སྤུ་ཙམ་ཡང་མེད་པར་བྱས། 2016ལོའི་ཟླ3པར་སྡེ་བའི་དཀའ་ངལ་ཡོད་པའི་རྒན་རྒོན་ཚབ་གསོའི་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་རྒན་པོ་དོན་གྲུབ་རང་འགུལ་གྱིས་སྐ་ལེ་མའི་ཚབ་གསོའི་ཞབས་ཞུ་བྱ་ཡུལ་དུ་གྱུར་ཡོད།  སྐ་ལེ་མ་ནི་སྤྱིར་བཏང་གི་ཞིང་སྡེའི་བུད་མེད་ཅིག་ཡིན་ཞིང་ཁྱིམ་དུ་ནང་མི་བཞི་ཡོད་ལ་བུ་དང་མནའ་མ། དེ་བཞིན་ཚ་བོ་གཉིས་བཅས་ཡིན། ཁོ་མོའི་བཟའ་ཟླའང་གཞེས་ནིང་ལོར་སྟབས་མ་ལེགས་པར་རླངས་འཁོར་ཆག་སྒོ་ཞིག་གི་ཁྲོད་དུ་ཚེ་ལས་འདས། ཁོ་མོ་ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་ཡོད་མོད།   འོན་ཀྱང་མོ་གཅིག་པུས་ཁྱིམ་ཚང་གི་འཚོ་བའི་འགན་ཁུར་གྱི་ཡོད་པ་དང་ཐ་ན་སྡེ་བའི་ཕྱི་རུའང་ཐེངས་གཅིག་འགྲོ་དབང་མེད་པར་ཧ་ལམ་ཉིན་རེར་ཁྱིམ་དུ་ལོ་ལོན་དང་ཚ་བོ་གཉིས་ལ་བདག་སྐྱོང་བྱེད་ཀྱིན་ཡོད། འཚོ་བའི་ཆ་རྐྱེན་ཅི་ཙམ་སྡུག་ཀྱང་ཁོ་མོས་འཁང་ར་སྤུ་ཙམ་ཡང་མི་བྱེད་པར་དོན་གྲུབ་ལ་རང་གི་ཕ་བཞིན་དུ་བཀུར་བཞིན་ཡོད།  དོན་གྲུབ་གྱི་གཟུགས་པོ་བདེ་ཐང་མིན་ལ་སྐྱ་འགྲིབ་དང་ཁྲག་ཤེད་མཐོ་བའི་ནད་སོགས་ཕོག་ཡོད་པས། ལོ་ཤས་རིང་སྔ་རྗེས་སུ་ཞིང་ཆེན་དང་ཁུལ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཐེངས་མང་འགྲོ་མྱོང་ལ། སྐྱ་འགྲིབ་ནད་གྱི་དབང་གིས་ཉིན་རེ་བཞིན་ཁོའི་མིག་གིས་མི་མཐོང་ཚད་ཇེ་ཆེར་སོང་། དེའི་རྐྱེན་སྐ་ལེ་མས་ཁོ་ཁྲིད་དེ་ཞིང་ཆེན་སྨན་ཁང་དུ་སོང་ནས་སྐྱ་འགྲིབ་ནད་གཤགས་བཅོས་བྱས། 2015ལོར་རྒྱུ་འགག་གི་ནད་བྱུང་ནས་ཡང་བསྐྱར་ཁུལ་སྨན་ཁང་དུ་སོང་ནས་སྨན་བཅོས་དང་གཤགས་བཅོས་བྱས་ཏེ་སྒོར་ཁྲི3ལྷག་གི་འགྲོ་སྒོ་བཏང་། སྨན་ཁང་དུ་སྡོད་པའི་སྐབས་སུ་མོས་ནད་ཁྲིའི་འགྲམ་དུ་ལོ་ལོན་ལ་བདག་སྐྱོང་གང་ལེགས་བྱས། ཉེ་བའི་ལོ་འདི་དག་གི་རིང་རྒན་པོ་དོན་གྲུབ་ལ་སྨན་བཅོས་བྱེད་པའི་ཆེད་དུ་སྔ་གཞུག་ཏུ་སྒོར་ཁྲི10བཀོལ་བ་དང་གྲངས་ཀ་འདི་ཆེས་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ལ་མཚོན་ནས་བཤད་ན་ཧ་ཅང་འདུས་དཀའ་བ་ཞིག་རེད། ཡིན་ནའང་སྐ་ལེ་མས་རྒན་པོ་ཁོང་ལ་གཉོར་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་དུ་རྩིས་ཡོད་ལ། རྒན་པོ་དོན་གྲུབ་དང་མོ་གཉིས་ལ་ཁྲག་རྒྱུད་གྱི་འབྲེལ་བ་ཅི་ཡང་མེད་ཀྱང་མོས་སྔ་མོ་ནས་རྒན་པོ་ཁོ་རང་ཉིད་ཀྱི་གཉེན་ཉེ་ཞིག་གི་ཚབ་དུ་བཞག་ནས་ནམ་རྒྱུན་ལོ་ལོན་གྱི་ལྭ་བ་འཁྲུད་པ་དང་བཟའ་བཏུང་སྒྲུབ་པ་བཅས་རྒན་པོའི་འཚོ་བ་ཞིབ་ཕྲའི་ངང་བཀོད་སྒྲིག་བྱེད་ཀྱིན་ཡོད། མོའི་ཁྱིམ་ཚང་ཧ་ཅང་དབུལ་ནའང་ལོ་ལོན་གྱི་ནད་གཞི་དྲག་སྐྱེད་ཡོང་ཆེད་མོས་ཉིན་རེའི་ཟས་ཐུན་གསུམ་པོ་ལོ་ལོན་གྱི་ཁམས་དང་བསྟུན་པ་བྱས་ནས་སྒྲུབ་བཞིན་ཡོད། འཚོ་བའི་ཁྲོད་དུ་མོས་དུས་ཚིགས་རེ་ལ་རྒན་པོ་ཁོས་ལུས་པོ་དང་འཚམ་པའི་ལྭ་བ་ཉོས་པ་དང་རྒན་པོ་ཁོ་སྤྲོ་བོ་བྱུང་ན་མོའི་སེམས་པ་ཡང་ཧ་ཅང་སྤྲོ་སྐྱིད་གྱིས་ཁེངས་བཞིན་ཡོད།  སྐ་ལེ་མ་མོ་རང་ཉིད་ཀྱི་ལུས་ཕུང་ཡང་མི་བཟང་བ་དང་ནད་ཀྱིས་མནར་ཞིང་། འཚོ་བ་དབུལ་ཞིང་ཆ་རྐྱེན་ཞན་མོད། འོན་ཀྱང་མོས་སྔར་བཞིན་སྤྲོ་སྣང་ལྡན་པའི་འཚོ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ་དང་ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་ཁྱིམ་ཚང་བསྐྱངས་བ་དང་སེམས་རྣལ་མོས་ལོ་ལོན་ལ་བདག་སྐྱོང་གང་ལེགས་བྱེད་བཞིན་ཡོད།  མོའི་ལྷག་བསམ་རྣམ་དག་དང་བརྩེ་སེམས་ཀྱིས་ཉེ་འགྲམ་གྱི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད།   ལོ་གང་མང་རིང་མོས་འདི་ལྟར་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་དེ་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་འཚོ་བའི་བྱ་བ་ཆུང་ཙག་ནས་མགོ་བཙུགས་ཏེ་རྒན་པོ་ལ་སེམས་ཁུར་དང་འབད་བརྩོན་གྱིས་རྒན་པོ་སྤྲོ་སྐྱིད་ཡོང་ཅི་ཐུབ་བྱེད་བཞིན་ཡོད། ད་ལྟ་རྒན་པོ་དོན་གྲུབ་ལོ76ལ་བུད་ཡོད་ཀྱང་མོས་བདག་སྐྱོང་འོག་ནས་ཁོའི་ལུས་སེམས་གཉིས་ཀ་ཡུན་ནས་ཡུན་དུ་ཇེ་བཟང་ལ་འགྲོ་བཞིན་ཡོད་ལ། རྒན་པོ་ཁོང་གི་ཚེ་འཇུག་སྐྱིད་པོ་ཞིག་རོལ་ཐུབ་པར་རེ་བའི་ཁེངས་ཡོད། རྒན་པོ་དོན་གྲུབ་གྱིས་ང་ཚོར་བཤད་པའི་སྐད་ཆ་མང་ཤོས་ནི“གུང་ཁྲན་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོ་རང་ཡུལ་གྱར་སྐབས་ཏེ་དཀའ་ངལ་ཆེས་ཆེ་ཤོས་ཀྱི་དུས་སུ་ཁོའི་ཁྱིམ་ཐོ་ཐར་ཤུལ་ཞང་དུ་སྐོར་ནས་རང་ཉིད་ཐར་ཤུལ་ཞང་གི་ཁོངས་མི་ཞིག་ཏུ་བརྩིས་པར་མ་ཟད། དམིགས་བསལ་དཀའ་ངལ་ཆེ་བའི་རྒན་གསོའི་བསྙེན་བཀུར་ཡང་བྱས་པ་དེ་ཡིན་ལ། ད་དུང་བཀའ་དྲིན་ཅན་གྱི་སྐ་ལེ་མའི་ཨ་ཕ་འདས་པོ་དེ་གཙོ་བྱས་ཁྱིམ་ཚང་གང་བོར་ཐུགས་རྗེ་ཆེ་ཞུ་བ་དང་། རང་ཉིད་གནས་ས་སྡོད་ས་མེད་དུས་ཁོ་ཚོས་གཞི་ཚུགས་ས་བཅོས་པ་དང་ཁྱིམ་ཚང་འདིའི་ཁོངས་མི་ཞིག་ཏུ་གྱུར་ནས་ཚེ་སྨད་ཀྱི་སེམས་ཁྲལ་བསལ་ཡོད། རང་གི་ཕ་ཡུལ་དུ་གཉེན་ཉེ་གཅིག་ཀྱང་མེད་པས་ད་ལྟ་ཏང་དང་སྲིད་གཞུང་དང་སྐ་ལེ་མའི་ནང་མི་བཅས་ནི་ངའི་གཉེན་ཉེ་ཡིན་པས་ཚེ་རྗེས་མར་ངས་དྲིན་ལན་འཇལ་རྒྱུ་ཡིན”ཟེར།  སྐ་ལེ་མ་ནི་བརྩོན་འགྲུས་ཅན་གྱི་ཞིང་སྡེའི་བུད་མེད་ཅིག་ཡིན་པ་དང་ཁོ་མོས་རྒན་པོ་དོན་གྲུབ་གྱི་རྒན་གསོའི་དངུལ་ཐོག་མ་ཉིད་ནས་བེད་སྤྱོད་གཏོང་མྱོང་མེད་པ་དང་། རྒན་པོ་དོན་གྲུབ་རང་ཉིད་ཀྱིས་བཀོད་སྒྲིག་བྱས་ཏེ་དངུལ་མང་ཤོས་དེ་རང་ཉིད་རབ་ཏུ་བྱུང་སའི་ཨ་ཚོགས་དགོན་པར་འབུལ་ཀྱིན་ཡོད། ད་ལྟ་སྐ་ལེ་མས་ཟླ་རེར་ཚབ་གསོའི་ཞབས་ཞུའི་རིན་པ་སྒོར800རག་གི་ཡོད། ཁོ་མོས“ཟླ་རེར་ཞབས་ཞུའི་རིན་པ་སྒོར800རག་ཐུབ་པ་ཡིད་ལ་གཏན་ནས་འཁོར་མྱོང་མེད་ལ། འདིས་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད།  འོན་ཀྱང་དངུལ་དེ་རག་པའི་རྐྱེན་གྱིས་དགའ་པོ་བྱུང་བ་ཞིག་མིན་པར་དགའ་འོས་པ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོ་ཡོད་པས་མི་བཟང་ལ་ནམ་ཞིག་བཟང་ལན་འབྱོར་འོངས་པ་དེ་རེད”ཅེས་དགའ་ཚོར་ཆེན་པོས་བཤད་བྱུང་།

                                                                                        རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།