བརྩེ་བ་ནི་ཆེས་ལེགས་པའི་སློབ་གསོ་ཡིན།
2019.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 113

ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་དགེ་རྒན་བུ་མོ་ཚེ་རིང་གི་གནས་ཚུལ་བཀོད་པ།

“ང་ལ་ཨ་མ་མེད་པའི་དབང་གིས་དངོས་ནས་ཨ་མ་ཞིག་ཡོད་ན་འདོད། དགེ་རྒན་བུ་མོ་ལགས། ཁྱེད་རང་ངའི་ཨ་མ་བྱས་ན་ཆོག་གམ། ཁྱེད་ཀྱིས་ཡིད་ཆེས་བྱོས་དང་ངས་ཁྱེད་ཀྱི་ཁ་ལེན་ཚིག་བརྩི་བྱས་ནས་རང་མགོ་རང་ཐོན་བྱེད་པའི་བྱིས་པ་ཞིག་བྱེད་ངེས་ཡིན། ”ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་སློབ་མ་ལྷ་མོ་ཚེ་སྐྱིད་ཀྱིས་དགེ་རྒན་བུ་མོ་ཚེ་རིང་ལ་སྤྲད་པའི་ཉིན་ཐོ་ཞིག་གི་ཁྲོད་དུ་དེ་འདྲའི་ཚིག་རྐང་ཚན་པ་ཞིག་འདུག

ཉིན་ཐོ་དེ་མཐོང་བའི་སྐད་ཅིག་མ་དེར། དགེ་རྒན་བུ་མོ་ཚེ་རིང་གི་སེམས་སུ་རང་དབང་མེད་པར་སྐྱོ་སྣང་གིས་ཁེངས་ཤིང་མིག་མཐར་འཁོར་བའི་མཆི་མ་དྲོན་མོ་དེས་ཁོ་མོའི་མིག་ཟུང་རིམ་གྱིས་བསྒྲིབས་སོང་། “མི་དང་མིའི་བར་གྱི་འབྲེལ་བ་ནི་སེམས་ལ་བརྟེན་ནས་བྱུང་བ་ཡིན།”ཞེས་བུ་མོ་ཚེ་རིང་གིས་སྐད་ཆ་ཚིག་གཅིག་གིས་ལོ་ངོ་དུ་མར་རང་ཉིད་ཀྱིས་བརྟན་སྲུང་བྱེད་འདོད་ཀྱི་སེམས་དོན་དེ་དེ་ལྟར་བཤད་བྱུང་།

གཅེས་སེམས་ཀྱིས་བྱིས་པར་དྲོད་སྐྱིད་སྦྱིན་པ།

སློབ་ཁྲིད་བྱེད་སའི་སྟེགས་བུ་ཆུང་ཆུང་ཞིག་དང་ས་སྨྱུག་རྐང་གཅིག་མ་གཏོགས། བརྗིད་ཉམས་ལྡན་པའི་སྐད་ཆ་དང་ཧ་ལས་ཧང་སངས་དགོས་པ་ཅི་ཡང་མེད་པར་གཞོན་པའི་སེམས་ཤུགས་ལ་བརྟེན་ནས་སློབ་གསོའི་ལས་དོན་ལ་སྤྲོ་བས་བརྟས་པའི་ལྷག་བསམ་གྱིས་བུ་མོ་ཚེ་རིང་གཞི་ནས་གཟི་བརྗིད་ལྡན་པའི་མི་དམངས་དགེ་རྒན་ཞིག་ཏུ་གྱུར་ཞིང་། མིག་རྡེབ་དབང་ཙམ་གྱིས་ལོ་ངོ་བཅུ་གསུམ་འདས་སོང་།

བུ་མོ་ཚེ་རིང་གི་དྲན་སྣང་རབ་རིབ་ཀྱི་ཁྲོད་དུ་མོ་རང་ཐོག་མར་བྱ་བར་ཞུགས་པའི་སྐབས་སུ་མོའི་འཛིན་གྲྭའི་ནང་དུ་ལྷ་མོ་ཚེ་སྐྱིད་ཟེར་བའི་བུ་མོ་ཆུང་ཆུང་ཞིག་ཡོད་ཅིང་། བུ་མོ་ཆུང་ཆུང་དེའི་མིག་ཟུང་རྒྱུན་དུ་སྐྱོ་སྣང་གིས་ཁེངས་ཤིང་། སློབ་གྲོགས་སུ་ལའང་འབྲེལ་འདྲིས་མི་བྱེད་པས་སློབ་གྲོགས་རྣམས་ཀྱང་མོ་ལ་དགའ་བོ་བྱེད་ཀྱི་མེད། ལྷ་མོ་ཚེ་སྐྱིད་ཀྱི་སྤྲོ་སྣང་གི་བློ་སྒོ་འབྱེད་པ་དང་འཛིན་གྲྭའི་ཁྱིམ་གཞི་ཆེན་པོ་དེར་འབྲེལ་འདྲིས་བྱེད་པའི་ཆེད་དུ། བུ་མོ་ཚེ་རིང་གིས་རྒྱུན་པར་གོ་སྐབས་བཙལ་ཏེ་ལྷ་མོ་ཚེ་སྐྱིད་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད། ཡིན་ནའང་ཐོག་དང་པོ་ལྷ་མོ་ཚེ་སྐྱིད་ཀྱིས་སྨྲ་བ་བསྡམས་ནས་ཁ་བརྡ་ཅི་ཡང་མི་བྱེད། རྗེས་སུ་བུ་མོ་ཚེ་རིང་གིས་ལྷ་མོ་ཚེ་སྐྱིད་ནི་ཁེར་རྐྱང་ཁྱིམ་ཚང་ནས་ནར་སོན་པའི་བྱིས་པ་ཞིག་ཡིན་ཞིང་མོའི་ཨ་ཕ་བྱ་བར་བྲེལ་བ་ཆེ་བའི་དབང་གིས་ཁོ་མོར་སྙོར་སྐྱོང་བྱེད་པའི་དུས་ཚོད་མང་པོ་མེད་པའི་གནས་ཚུལ་ཤེས། དེ་ནས། བུ་མོ་ཚེ་རིང་གིས་སློབ་ཁྲིད་ཀྱི་སྐབས་སུ་ལྷ་མོ་ཚེ་སྐྱིད་དང་སློབ་མ་རྣམས་ཁྲིད་ནས་རྩེད་མོ་རྩེ་བ་དང་ལྷ་མོ་ཚེ་སྐྱིད་ལ་རོགས་རམ་བྱས་ཏེ་སློབ་གྲྭའི་གཅེས་སེམས་ཀྱི་ཞལ་འདེབས་བརྩོན་ལེན་བྱས་པ། གྲང་ངར་ཆེ་བའི་དགུན་དུས་སུ་ལག་ཤུབས་ཆུང་ཆུང་ཆ་གཅིག་བྱིན་པ་དང་བུ་མོ་ཆུང་ཆུང་ལྷ་མོ་ཚེ་རིང་གི་ཉིན་ཐོའི་འབྲི་དེབ་སྟེང་དུ་ཁོ་མོའི་སེམས་ཁམས་དང་མཐུན་པའི་ཞབས་མཆན་བཀོད་པ་བཅས་བྱས་པས། རིམ་གྱིས་ལྷ་མོ་ཚེ་སྐྱིད་ཀྱི་བྱིས་པའི་གདོང་ལ་ལྷད་མེད་ཀྱི་སྤྲོ་འཛུམ་མེ་ཏོག་བཞིན་བཞད་བྱུང་ལ་གྲོགས་པོ་ཆུང་ཆུང་ཚོའི་བར་དུ་འབྲེལ་འདྲིས་བྱེད་ཚད་ཀྱང་ཇེ་བཟང་དུ་སོང་བར་མ་ཟད་སློབ་སྦྱོང་གི་གྲུབ་འབྲས་ཀྱང་མངོན་གསལ་སྒོས་ཇེས་ལེགས་སུ་བྱིན། ད་ལྟ་ལྷ་མོ་ཚེ་སྐྱིད་གཞི་ནས་སློབ་ཆེན་དུ་ཞུགས་ཡོད་པ་དང་། རྒྱུན་དུ་དབྱར་དགུན་གནང་གི་སྐབས་སུ་མོས་དགེ་རྒན་བུ་མོ་ཚེ་རིང་ལ་ཆེད་དུ་དྲིན་གཟོའི་འཚམ་འདྲི་བྱེད་བཞིན་ཡོད།

ལྷག་བསམ་རྣམ་དག་གིས་བྱིས་པ་རྣམས་ལ་འབྲེལ་འདྲིས་བྱས་པ།

དགེ་རྒན་གྱི་ལས་རིགས་ནི་བརྩེ་སེམས་དང་འབྲེལ་བ་ཞིག་ཡིན་པས་སྒྲུབ་པའི་ལས་ཀའང་བརྩེ་སེམས་ཀྱི་སློབ་གསོ་ཡིན། དགེ་རྒན་ཞིག་གིས་སློབ་མ་རེ་རེའི་སེམས་ཁམས་ལ་རྒྱུས་ལོན་ཞིབ་མོ་བྱེད་ཐུབ་ཅིང་སློབ་མ་རེ་རེའི་སེམས་ཀྱི་སྒོ་མོར་འཛུལ་ཐུབ་ཚེ། ད་གཟོད་སློབ་མ་རེ་རེས་དགེ་རྒན་ལ་སྙིང་ཉེ་ཞིང་སེམས་དང་སེམས་ཀྱི་བར་ནས་འབྲེལ་འདྲིས་ཟབ་མོ་བྱེད་ཐུབ་པ་ཞིག་ཡིན།

“འཛིན་གྲྭ་གང་བོར་སློབ་མ་བཞི་བཅུ་ཡོད་ཅིང་ཁོ་ཚོའི་སྤྲོ་འཛུམ་གྱིས་ཁེངས་པའི་ངོ་གདོང་རེ་རེ་ད་ལྟ་འང་ད་དུང་ངའི་སེམས་ངོགས་སུ་ཡང་ཡང་འཁོར་ཡོང་ལ་ཁོ་ཚོའི་ལྷད་མེད་ཀྱི་ངོ་གདོང་དང་རེ་བ་ཡི་མིག་ཟུང་དག་མཐོང་བྱུང་དུས། ངས་རང་ཉིད་ཀྱི་འགན་འཁྲི་ནི་ཤིན་ཏུ་ལྕི་བ་སེམས་གཏིང་ནས་རྟོགས་ཐུབ། དེ་བས་སྐབས་དེར་ངས་ལྗང་མྱུག་གསོ་སྐྱོང་བྱེད་པ་ནང་བཞིན་ཁོ་ཚོ་སྙོར་སྐྱོང་བྱས་པས། ངས་ད་གཟོད་སློབ་གྲྭའི་དགེ་རྒན་ཞེས་པའི་ཐ་སྙད་དེ་ལ་ངེས་ཤེས་གསལ་བོ་འདྲོངས་སོང་།” དེ་ལྟར་བུ་མོ་ཚེ་རིང་གིས་ཁོ་མོ་ཐོག་དང་པོར་སློབ་གསོའི་ལས་རྐང་དུ་ཞུགས་སྐབས་ཀྱི་སྣང་བརྙན་ལ་ཕྱིར་དྲན་བྱེད་བཞིན་མུ་མཐུད་དུ་བཤད་རྒྱུར།“ སྐབས་དེར་གཅིག་ན་ང་ནི་ཁོ་ཚོའི་དགེ་རྒན་ཡིན་ལ་གཉིས་ན་ཁོ་ཚོའི་ཨ་ཅེ་ཡིན་ཞེས་ཀྱང་བཤད་ཆོག རྒྱུ་མཚན་ནི་ང་ཚོའི་བར་དུ་ལོ་བཅུ་ཁ་རེའི་བར་ཆད་མ་གཏོགས་མེད། དེ་བས་སྐབས་རེར་ངས་དགེ་རྒན་གྱི་ཚུལ་དུ་ཁོ་ཚོ་ཤེས་བྱའི་མཚོ་མོའི་ངོགས་སུ་རིག་པའི་རྩེད་འཇོ་རོལ་ཏུ་བཅུག་ལ་ལན་རེར་ཨ་མ་ཞིག་དང་འདྲ་བར་ཁོ་ཚོར་སྙོར་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། ཡང་ལན་རེར་ཨ་ཅེ་ཞིག་གི་ཚུལ་དུ་ཁོ་ཚོའི་ སེམས་ཁྲལ་སྣ་ཚོགས་སེལ་གང་ཐུབ་བྱས་པ་ཡིན” ཟེར།

བརྩེ་བ་ལ་ནམ་ཡང་མཐའ་མེད་ཅིང་། དགེ་རྒན་གྱིས་སློབ་མར་བཅངས་པའི་བརྩེ་བ་ནི་དེ་བས་ཀྱང་རང་གི་བློ་གྲོས་སོགས་ཡོད་ཚད་སློབ་མར་ཕུལ་བའི་ལྷག་བསམ་གྱི་དྭངས་མ་དེ་ཡིན། བརྩེ་བ་འདིའི་རིགས་ནི་སྒེར་སེམས་ཅུང་ཙམ་ཡང་མེད་པ་ཞིག་སྟེ། དེ་ལ་སེར་སྣ་ཅི་ཡང་མེད་པར་ཡོད་ཚད་སློབ་མ་རྣམས་ལ་ཕུལ་བ་ཞིག་ཡིན། བརྩེ་བ་འདིའི་རིགས་ནི་ཤིན་ཏུ་གཏིང་ཟབ་པ་ཞིག་སྟེ། དེ་ནི་སློབ་མ་རེ་རེས་སྒྲུབ་པའི་དོན་དག་རེ་རེའི་ཁྲོད་དུ་འདྲེས་ཡོད་པ་ཞིག་ཡིན། བརྩེ་བ་འདིའི་རིགས་ནི་ཧ་ཅང་བླ་ན་འཕགས་པ་ཞིག་སྟེ། དེས་འོ་ཆུ་གཅིག་ཏུ་འདྲེས་འདྲའི་བརྩེ་བ་འགྲུབ་ཐུབ།

ཉིས་སྟོང་དྲུག་ལོའི་ཟླ་དགུ་བར། བུ་མོ་ཚེ་རིང་གིས་ལོ་རིམ་ལྔ་བའི་རྒྱ་ཡིག་གི་དགེ་རྒན་དང་འཛིན་འདག་གི་འགན་ཁུར། སྐབས་དེར་འཛིན་གྲྭ་དེའི་ནང་དུ་བྱིས་པ་རྒོད་པོ་འགའ་ཡོད། ཁོ་ཚོས་རྒྱུན་དུ་སློབ་ཁྲིད་ཀྱི་སྐབས་སུ་ལེགས་པོར་མི་ཉན་པར་མ་ཟད་སློབ་ཁྲིད་སྐབས་ཀྱི་ལས་བྱ་དང་སློབ་ཕྱིའི་ལས་བྱ་སོགས་གཏན་ནས་མི་འབྲི། བུ་མོ་ཚེ་རིང་གིས་གནས་ཚུལ་དེ་ཤེས་རྗེས། ཁོ་མོས་སློབ་མ་དེ་དག་ལ་སྒྲིག་ལམ་དང་ལམ་ལུགས་སོགས་ཀྱིས་ཆད་གཅོད་ཅི་ཡང་མ་བྱས། ཁོ་མོ་སློབ་མ་རེ་རེ་ལ་རེ་བས་ཁེངས་ཡོད་པར་མ་ཟད་ཕྱོགས་གང་ཐད་ནས་རྗེས་སུ་ལུས་ཡོད་པའི་སློབ་མ་རྣམས་ལ་དེ་བས་ཀྱང་དགེ་རྒན་གྱི་རོགས་སྐྱོར་མཁོ་བ་མོས་གསལ་བོར་ཤེས་ཡོད། དེ་བས་བུ་མོ་ཚེ་རིང་གིས་སློབ་མ་དེ་དག་ལ་བརྩེ་བའི་འབྲེལ་འདྲིས་བྱེད་པ་ནས་མགོ་བརྩམས་ཏེ། ཁོ་ཚོའི་ཁྲོད་ཟབ་ཞུགས་བྱེད་ཅི་ཐུབ་བྱས་ཤིང་། ཁོ་ཚོར་རང་གི་ལེགས་ཆ་འདོན་སྤེལ་བྱེད་པའི་ཆ་རྐྱེན་བསྐྲུན་ནས། ཁོ་ཚོ་རེ་རེ་ལ་རྒྱལ་ཁའི་སྤྲོ་དགའ་ཉམས་སུ་མྱོང་དུ་བཅུག་ཏེ་རང་ཉིད་ཀྱི་རིན་ཐང་ཤེས་སུ་བཅུག དེ་ལྟར་རིམ་གྱིས་བུ་མོ་ཚེ་རིང་ཁོ་ཚོར་ཅི་ཡང་བཤད་པའི་གྲོགས་པོ་བཟང་བོ་ཞིག་དུ་གྱུར་བས་བྱིས་པ་དེ་དག་གིས་ཀྱང་རིམ་གྱིས་རང་ཉིད་ཀྱི་མི་འདང་ས་བཅོས་བསྒྱུར་བྱས་ཏེ་ཡར་ཐོན་ཆེན་པོ་བྱུང་བ་དེས་འཛིན་གྲྭ་སྤྱིའི་ཡར་ཐོན་ཐད་ལའང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན།

རང་གཅུན་ནན་མོས་སེམས་པ་གཅིག་ཏུ་བསྡུས།

དགེ་རྒན་བུ་མོ་ཚེ་རིང་ལ་སྒམ་ཆུང་ཆུང་ཞིག་ཡོད་པ་དང་དེའི་ནང་དུ་སློབ་མ་རྣམས་ཀྱིས་བསྐུར་བའི་འཕྲིན་ཡིག་གིས་བཀང་འདུག “དགེ་རྒན་ལགས་བཀའ་དྲིན་ཆེ། ཁྱེད་ཀྱིས་ནམ་ཡང་ང་ལ་གྲོགས་པོ་ཞིག་གི་ཚད་ནས་སྐུལ་མ་བཏང་བ་དང་ངའི་འདས་དོན་ལ་བཟོད་སྒོམ་བྱས། ཁྱེད་རང་ཡོད་པས་ང་རང་མ་འོངས་འཚོ་བར་ཡིད་ཆེས་ཀྱིས་བརྟས་ཡོད།”“དགེ་རྒན་ལགས། ངའི་ཕུ་བོའི་ནད་གཞི་ལྕི་རུ་བུད་སོང་། སྨན་པས་བཤད་ན་པེ་ཅིན་གྱི་སྨན་ཁང་དུ་འགྲོ་དགོས་ཟེར། དེ་བས་ང་རང་འབྲིང་རྒྱུགས་ལ་ཞུགས་རྒྱུའི་བསམ་པ་གཏན་ནས་མི་འདུག  ད་ནི་ངས་ཅི་ཞིག་བྱ་དགོས། ”  “དགེ་རྒན་ལགས། ད་ལོ་ང་རང་མཐོ་གཉིས་ཡིན། རིག་ཚན་བཀར་རྒྱུའི་དུས་ལ་ཐོན་ཡོད། ང་རང་གྲངས་རིག་ལ་དགའ་ནའང་། ཨ་ཕས་ང་ལ་རིག་ཚན་འདེམས་ཟེར། དེ་བས་ངས་ཅི་ཞིག་བྱེད་དགོས་སམ། ”“དགེ་རྒན་བུ་མོ་ཚེ་རིང་ལགས། དེ་རིང་བདག་གི་རྩོམ་ཡིག་ལ་བྱ་དགའ་ཐོབ་སོང་། ཚང་མས་ང་ལ་ཉམས་མྱོང་བརྗེ་རེས་ཀྱི་ཁ་བརྡ་བྱོས་ཟེར། སྐབས་འདིར་ངས་རྒྱང་རིང་གི་ཁྱེད་རང་དྲན་བྱུང་། “དགེ་རྒན་ལགས། ངས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་སོང་། ཁྱེད་ཀྱི་ལོ་ངོ་དུ་མའི་སློབ་སྟོན་ལ་བཀའ་དྲིན་ཆེ། ”“དགེ་རྒན་བུ་མོ་ཚེ་རིང་ལགས། ངས་ཁྱེད་ཀྱི་མིག་ཟུང་ལས། དོན་དམ་པས་ང་ལ་སེམས་ཁུར་བྱེད་བཞིན་པ་རྟོགས་ཡོད། དེའི་སྟབས་ཀྱིས་ང་རང་ནམ་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད། ”འདི་དག་ཚང་མ་ནི་སློབ་མ་རྣམས་ཀྱིས་དགེ་རྒན་བུ་མོ་ཚེ་རིང་ལ་བྲིས་པའི་ཡི་གེ་རེད།

“དུས་རྒྱུན་དུ་བྱ་བ་ལས་སྐབས་སུ། ངས་སྒམ་ཆུང་དེའི་ཁ་ཕྱེས་ནས་སློབ་མ་རྣམས་ཀྱིས་བསྐུར་བའི་ཡི་གེ་དེ་དག་ལ་ལྟ་སྐབས་སུ། འཕྲིན་པ་དེ་དག་གིས་ང་ལ་བྱ་བའི་སྒུལ་ཤུགས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྩལ་བྱུང་། བྱིས་པ་ནི་ས་བོན་རྡོག་གཅིག་དང་འདྲ་བས་ཁོ་ཚོར་ཉི་ཟེར་དང་བརྩེ་བ་མཁོ་ལ། ང་ཚོའི་སེམས་ཞིབ་མོའི་སྙོར་སྐྱོང་དེ་བས་མཁོ། ང་ཚོས་བརྩེ་བའི་དྲོད་ཀྱིས་བསྐྱངས་ཚེ་སློབ་མ་རེ་རེའི་མི་ཚེའི་འཚོ་བར་མཛེས་སྡུག་དང་གསེར་མདོག་གིས་འཁྱུད་ངེས། ”

བུ་མོ་ཚེ་རིང་གིས་ཡིད་ཆེས་དང་བཅས་ཏེ་བཤད་རྒྱུར། “མི་རྣམས་ཀྱིས་རྒྱུན་དུ་སློབ་མ་ནི་མེ་ཏོག་དང་འདྲ་ལ་དགེ་རྒན་ནི་མེ་ཏོག་གསོ་སྐྱོང་བྱེད་མཁན་ཞིག་དང་འདྲ་ཟེར། ཡིན་ནའང་ངས་བལྟས་ན། སློབ་མ་ནི་མེ་ལོང་ཞིག་དང་འདྲ་ལ་དེར་རང་ཉིད་འཆར་ཐུབ་པར་མ་ཟད་ང་ཚོ་ཡང་འཆར་ཐུབ། གལ་ཏེ་ཁྱོད་ཀྱིས་ང་ལ་ལོ་ངོ་བཅུ་གསུམ་གྱི་རིང་འདིར་ཁྱོད་ལ་སྤྲོ་སྐྱིད་ལྡན་ནམ་ཞེས་འདྲི་ཚེ། ངས་ཐེ་ཚོམ་ཅི་ཡང་མེད་པར་ང་ལ་ཧ་ཅང་སྤྲོ་སྐྱིད་ལྡན་ཞེས་ལན་གདབ་ངེས། རྒྱུ་མཚན་ནི་ང་ལ་ང་རང་ཉིད་དགའ་བའི་སློབ་མ་དང་ང་ལ་དགའ་བའི་སློབ་མ་དེ་འདྲའི་མང་པོ་ཞིག་ཡོད་པས་ཡིན། དེ་བས་ང་རང་ནམ་ཡང་བརྩེ་སེམས་ཀྱིས་ཁེངས་པའི་སྤྲིན་པ་ལེབ་མོ་ཞིག་དང་འདྲ་བར་ཁོ་ཚོའི་སེམས་ཀྱི་ཞིང་སར་བརླན་བཤེར་གྱི་སྦྲང་ཆར་གཏོར་འདོད”ཟེར།

བློ་རྩེ་གཅིག་གིས་སློབ་ཁྲིད་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ།

སློབ་ཁྲིད་བྱ་བའི་ཁྲོད་དུ། ཁོ་མོས་སློབ་དེབ་ལ་ཞིབ་འཇུག་དང་རང་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ནན་ཏན་གྱིས་ཟིན་བྲིས་འགོད་པ། ནང་དོན་གཙོ་བོ་བསྡུ་ལེན་བྱེད་པ་དང་དུས་ཐོག་ཏུ་བསམ་ཞིབ་བྱེད་པ། སློབ་གསོའི་བྱེད་སྟངས་བསྒྱུར་བ། སློབ་ཁྲིད་བྱེད་ཐབས་གསར་བའི་ཆ་འཕྲིན་བསྡུ་ལེན་བྱེད་པ། སློབ་གསོའི་ཆོས་ཉིད་འཚོལ་ཞིབ་བྱེད་ཕོད་པ། སྙིང་སྟོབས་ཆེན་པོས་སློབ་ཁྲིད་ཀྱི་ཐབས་ལམ་གསར་བ་ལག་ལེན་དུ་བསྟར་བ་བཅས་བྱས། བུ་མོ་ཚེ་རིང་དགེ་རྒན་གྱི་བྱ་བར་ཐོག་མར་ཞུགས་པ་ནས་བཟུང་། སེམས་ཀྱི་བརྩེ་བ་ཡོད་ཚད་སློབ་མ་རྣམས་ལ་ཕུལ་ཞིང་། “དྲང་མོར་བཤད་ན་སློབ་ཁྲིད་བྱེད་མཁན་ཞིག་ལ་མཚོན་ན་བྱིས་པ་རྣམས་ལ་གྱོང་རག་ཏུ་འཇུག་མི་ཉན”ཞེས་པའི་རྒན་རབས་པའི་བསླབ་བྱ་དེ་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཟུང་ཡོད།

བུ་མོ་ཚེ་རིང་གི་བརྩེ་སེམས་ཀྱིས་བྱིས་པ་རྣམས་ལ་ཤུགས་རྐྱེན་གང་ལེགས་ཐེབས་མྱོང་། ལོ་དུ་མར་བུ་མོ་ཚེ་རིང་ལ་ཐེམ་ཆེན་རྫོང་གི“ཕུལ་བྱུང་དགེ་རྒན”དང་། “ཕུལ་བྱུང་འཛིན་བདག” བཅས་ཀྱི་མཚན་སྙན་ཐོབ་མྱོང་བ་དང་། ཁོ་མོས་བཤད་པ་ནང་བཞིན། སློབ་མ་ནི་མེ་ལོང་ཞིག་དང་འདྲ་ལ་དེས་རང་ཉིད་གསལ་བར་བྱེད་པའི་དུས་མཉམ་དུ་ང་ཚོ་ཡང་གསལ་བར་བྱེད་པ་རེད།

                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།