——“ཆེས་མཛེས་པའི་ཧུར་བརྩོན་མཁན”རྒྱས་བཟང་བསོད་ནམས་དར་རྒྱས་ཡང་བསྐྱར་བྲིས་པ།
ཨ་ཆེན་གངས་རྒྱབ་མཛེས་སྡུག་ཆེ་བ་རི་དྭགས་གཙོད་ཀྱི་དྲིན། རི་དྭགས་གཙོད་ལ་འདུ་བྱེད་རྒོད་པ་བསོད་ནམས་དར་རྒྱས་ཀྱི་དྲིན།
ད་ལོའི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་གྱི་ཆུ་ཚོད་དྲུག་དང་སྐར་མ་སོ་ལྔའི་སྟེང་དུ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་དང་པོའི་གསར་འགྱུར་མཉམ་སྒྲོག་སྔོན་དུ《སོ་སྲུང》ཞེས་པའི་དངོས་ཟིན་གློག་བརྙན་ཐུང་ཐུང་ཞིག་བཏང་ལ། བརྙན་ཐུང་དེ་ཡིས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་འབྲོག་ནག་མཚེའུ་སྲུང་སྐྱོབ་ས་ཚིགས་ཀྱི་སྐོར་ཞིབ་རུ་མི་ཚོའི་དུས་རྒྱུན་གྱི་འཚོ་བ་བརྙན་ལམ་དུ་བཀོད་པ་བརྒྱུད་དེ། དངོས་བྲིས་གློག་བརྙན་གྱི་ལམ་ནས་སྐོར་ཞིབ་རུ་མི་ཚོའི་དཀའ་སྤྱད་ལ་མི་འཛེམ་པ་དང་དབྱང་དབུགས་དཀོན་ཡང་སྙིང་སྟོབས་མི་དཀོན་པའི་རྣམ་པ་ཡང་བསྐྱར་མངོན་ཡོད་ཅིང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་བློས་བཏང་ཞིང་ཞུམ་པ་མེད་པར་རང་ནུས་ཡོད་དགུ་བཏོན་ནས་ཨ་ཆེན་གངས་རྒྱབ་དང་གཙོད་ལ་སྲུང་སྐྱོབ་བྱེད་པའི་མི་སེམས་སྒུལ་བའི་གཏམ་རྒྱུད་བཀོད་འདུག
བཅོས་བསྒྱུར་སྒོ་འབྱེད་བྱས་པའི་དུས་མགོར་ང་ཚོའི་ཏང་གིས་གསོ་སྐྱོང་བྱས་ཡོང་བའི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་མགོ་ཁྲིད་ལས་བྱེད་པའི་འཐུས་ཚབ་ཅིག་ཡིན་པའི་ཆ་ནས། བསོད་ནམས་དར་རྒྱས་ནི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་ཉིད་བློས་བཏང་བའི་མཐོ་སྒང་གི་བུ་དང་བུ་མོའི་ཕུལ་བྱུང་མཚོན་བྱེད་ཅིག་ཀྱང་ཡིན། ཁོས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྩ་འཛུགས་ལྡན་པའི་སྲུང་སྐྱོབ་བྱས་ཏེ། ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་གསར་པ་ཞིག་གི་སྒོ་མོ་ཕྱེས། ད་ལྟ། བསོད་ནམས་དར་རྒྱས་ང་ཚོ་དང་རྒྱང་དུ་གྱེས་ནའང་། ཁོའི་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་མི་རེ་རེ་ལ་སྐུལ་མ་ཐེབས་བཞིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ། “དྭངས་གཙང་ཆུ་བོ་ཤར་དུ་བཞུར་བར”ཁག་ཐེག་བྱེད་པ་བཅས་ནི་མཚོ་སྔོན་མི་དམངས་ཀྱི་རང་རྟོགས་ཀྱི་ལས་ཀ་ཞིག་ཏུ་གྱུར་འདུག
ཕོ་རབ་སེམས་ཀྱི་གཏད་སོ་རང་ཡུལ་ཕྱོགས་སུ་འཁོར།
1974ལོར། བསོད་ནམས་དར་རྒྱས་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཅིང་། ཁོས་པེ་ཅིན་ལ་འགྲོ་བའི་གོ་སྐབས་དོར་ཞིང་གྲོང་ཁྱེར་དུ་ལས་ཀ་གཉེར་བའི་གོ་སྐབས་ཀྱང་བསྐྱུར་ནས་ཕྱིར་ཕ་ཡུལ་འབྲི་སྟོད་རྩྭ་ཐང་དུ་ལོག བསོད་ནམས་དར་རྒྱས་ཕྱིར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལ་ལོག་རྗེས་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་འགན་ཁུར་པ་དང་། སྐབས་དེར་སློབ་གྲྭར་དགེ་རྒན་གྱི་ཐོན་ཁུངས་དཀོན་པས་ཁོས་སློབ་འབྲིང་ལོ་རིམ་གསུམ་གྱི་བོད་ཡིག་དགེ་རྒན་དང་སློབ་གྲྭ་ཡོངས་ཀྱི་ལུས་རྩལ་དགེ་རྒན། དམའ་འབྲིང་སློབ་རིམ་གཉིས་པའི་འཛིན་བདག་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་དགོས་བྱུང་།
དེའི་རྗེས་སུ། བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་རིག་གནས་སློབ་གསོ་ཅུའི་ཅུ་ཀྲང་གཞོན་པའི་འགན་ཁུར་ལ། ཅུ་ཀྲང་མེད་པའི་གནས་ཚུལ་འོག་ཏུ་རྫོང་ཡོངས་ཀྱི་སློབ་གསོའི་བྱ་བ་གཙོ་སྐྱོང་གནང་། འབྲི་སྟོད་རྫོང་གི་སློབ་གསོ་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་པ་དང་སློབ་གྲྭའི་དོ་དམ་རྙོག་འཛིང་ལྡན་པ། ལོ་ན་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དམའ་བ། ཞང་གྲོང་སོ་སོའི་བཅའ་སྡོད་སློབ་གྲྭའི་ཆ་རྐྱེན་ཞན་པ་བཅས་མཐོང་རྗེས་ཁོ་རང་སེམས་ཁྲལ་གྱི་གནས་སུ་ལྷུང་། རྒྱུ་མཚན་ནི་བསོད་ནམས་དར་རྒྱས་ཀྱིས་སློབ་གསོ་ནི་དབུལ་ཐར་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་གཞི་རྩའི་ཐབས་ལམ་ཉག་གཅིག་ཡིན་པ་རྟོགས་ཡོད་པས་རེད།
ལས་གནས་སུ་སླེབས་མ་ཐག་ཏུ་བསོད་ནམས་དར་རྒྱས་ཁོ་རང་གཅིག་པུ་རྟར་ཞོན་ནས་འབྲི་སྟོད་རྫོང་ནུབ་རྒྱུད་ཀྱི་སྟོད་ཚེ་ཞང་དང་བྲག་གུ་ཞང་། ཟོ་སྐྱ་ཞང་སོགས་སུ་སོང་ནས་རྟོག་ཞིབ་མཛད། ཁྱོན་བསྡོམས་ཉིན35དང་ལམ་ཐག་སྤྱི་ལེ600ལྷག་ཏུ་བསྐྱོད་རྗེས་བཅའ་སྡོད་སློབ་གྲྭའི་དོ་དམ་བྱེད་ཐབས་ལ་བཟོ་བཅོས་བརྒྱབ་ནས་བསྐྱར་དུ་སྒྲིག་འཛུགས་བྱས་ལ། བསླབ་ཚན་གཙོ་བོ་གཉིས་དང་གཉིས་ཡན་ལ་རྒྱུགས་ཚད་མ་ལོངས་ཚེ་ལོ་རིམ་འཕར་མི་ཆོག་པའི“ལོ་རིམ་མི་འཕར་བའི་ལམ་ལུགས”ཚོད་ལྟའི་ངང་ལག་ལེན་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་ཚད་དང་སློབ་སྦྱོང་ཆུ་ཚད། ལོ་རིམ་འཕར་ཚད་བཅས་མངོན་གསལ་གྱིས་མཐོར་འདེགས་བཏང་།
1987ལོར། རྩ་འཛུགས་ཀྱི་ལས་བགོས་ལྟར་བསོད་ནམས་དར་རྒྱས་ཟོ་སྐྱ་ཞང་གི་ཏང་ཨུའི་ཧྲུའུ་ཅིར་བསྐོས། ཁོས་དེ་ནི་རང་ཉིད་ཀྱི་འདོད་ཐོག་ཏུ་ཁེལ་བ་ཇི་བཞིན་འཁང་ར་ཅི་ཡང་མེད་པར་དང་ལེན་བྱས་ཏེ་ལོ་ངོ་ཧྲིལ་པོ་ལྔ་ལ་རང་འགན་ཁུར་དུ་བླངས་ནས་བྱ་བ་བསྒྲུབས།
“གལ་ཏེ་ཟོ་སྐྱ་ཞང་བཅོས་སྐྱོང་ལེགས་པོ་བྱས་ནས་ཟོ་སྐྱའི་ཡུལ་མི་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྦྱིན་མ་ཐུབ་ཚེ། ང་རང་ཟོ་སྐྱ་ཞང་གི་བུ་ཕྲུག་ཅིག་དང་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་ངོ་གནོང་འོས་པ་ཞིག་རེད”ཅེས་བསོད་ནམས་དར་རྒྱས་ཀྱིས་རང་གིས་རང་ལ་བསླབ་བྱ་ཡང་ཡང་བཏང་།
སྐབས་དེ་དུས་ཀྱི་དགུན་ཁ་ཞིག་ལ། བསོད་ནམས་དར་རྒྱས་ཀྱིས་ཞང་གི་ལས་བྱེད་པ་འགའི་སྣེ་ཁྲིད་དེ། དྲོད་ཚད་གོར་ཐིག་མན་གྱི40℃ཡི་གྲང་ངར་ལ་མ་འཛེམ་པར་ཡུལ་དངོས་སུ་སོང་ནས་ཟོ་སྐྱ་ཞང་ནས་ཐོག་ཐོག་གཙང་བོ་བར་གྱི་དགུན་ཁའི་སྐྱེལ་འདྲེན་ལམ་བཏོད་པར་རྩད་ཞིབ་བྱས། ཉིན་ཞག་བདུན་ལ་གཉིད་ཆག་ཟས་བརྗེད་ཀྱིས་ཐིག་ལེན་བྱས་ལ། སྤྱི་ལེ140ཡི་ལམ་ཐག་རང་ཉིད་ཀྱི་གོམ་ཞེང་ལ་བརྟེན་ནས་ཚད་འཇལ་ཞིང་ལམ་ཐིག་རེ་རེ་བཞིན་དུ་མཚོན་རྟགས་བཀོད། དེ་ལྟར་ཟོ་སྐྱ་ཞང་གི་ཐོན་སྐྱེད་དང་འཚོ་བར་མེད་དུ་མི་རུང་བའི་སྲོག་རྩ་ལྟ་བུའི་སྐྱེལ་འདྲེན་ལམ་དེ་ཉིད་ཤར་གཏོང་ཐུབ་པ་བྱུང་ལ། དེ་ནས་བཟུང་ཟོ་སྐྱ་ཞང་ལ་དགུན་ཁའི་འབྲུ་རིགས་ཆད་མ་མྱོང་།
ཨ་ཆེན་གངས་རྒྱབ་སྲུང་བའི་དམ་ཚིག་བཞག
དུས་རབས20པའི་ལོ་རབས80པའི་དུས་མཇུག་ནས་བཟུང་སྟེ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་རིགས་ལ་ལྐོག་རྔོན་གྱི་གནོད་པ་ཚབས་ཆེན་སྔ་ན་མེད་པ་ཐེབས་ཤིང་། གཙོད་ཀྱི་གྲངས་ཀ་ཡང་སྔོན་ཆད་ཀྱི་ཁྲི20ནས་ཁྲི2བར་ལ་བྲི་བ་དང་།རྒྱལ་ཁབ་ཀྱི་འཇིག་ཉེན་ཆེ་བའི་སྲོག་ཆགས་རིགས་ཀྱི་གྲས་སུ་ཚུད།
ཟོ་སྐྱ་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་པའི་སྐབས་སུ་ཡང་བསོད་ནམས་དར་རྒྱས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་གཙིགས་མཐོང་ཆེས་ཆེར་གནང་བཞིན་ཡོད་ལ། 1988ལོར་བསོད་ནམས་དར་རྒྱས་ཀྱི《བྱ་བའི་སྙན་ཞུ》ཡི་ལག་བྲིས་ཟིན་ཤོག་སྟེང་དུ་ཡང“རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་ལེགས་པོ་བྱེད་རྒྱུ་ནི་ང་ཚོའི་བསྙོན་དུ་མེད་པའི་འོས་འགན་རེད”ཅེས་ཟིན་བྲིས་བཏབ་འདུག
དུས་རབས20པའི་ལོ་རབས90པའི་དུས་མགོར། རྒྱལ་ཁབ་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཨ་ཆེན་གངས་རྒྱབ་ལུགས་མཐུན་ངང་གསར་སྤེལ་བྱེད་པ། ཁྲིམས་འགལ་གྱི་ལྐོག་རྔོན་བརྐུས་ཁྱེར་ལ་བཀག་འགོག་བྱེད་ཆེད། བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་སྲིད་གཞུང་ལ《ཨ་ཆེན་གངས་རྒྱབ་ལ་དོ་དམ་དང་གསར་སྤེལ་བྱེད་པའི་སྐོར་གྱི་སྙན་ཞུ》ཕུལ།
1991ལོར། འབྲི་སྟོད་རྫོང་སྲིད་གཞུང་གིས་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་ལ་ཨ་ཆེན་གངས་རྒྱབ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་འཛུགས་རྒྱུའི་རེ་ཞུ་ཕུལ་བ་དང་། 1992ལོའི་ཟླ7པར། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གསར་དུ་བཙུགས་པ་དང་ཨ་ཆེན་གངས་རྒྱབ་ལ་དོ་དམ་དང་གསར་སྤེལ་བྱེད་པ་དེ་ཨུ་ཡོན་ལྷན་ཁང་གི་ལས་ཀ་དང་པོར་གྱུར་ལ། བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ས་འཁུར།
ཡུལ་དངོས་རྟོག་དཔྱོད་གྲངས་མེད་བརྒྱུད་རྗེས་བསོད་ནམས་དར་རྒྱས་ཀྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་གྲོས་གཞི་བཏོན་ཞིང་། གཙོད་ལྐོན་རྔོན་བྱེད་པའི་གནས་ཚུལ་བསྟུད་མར་འབྱུང་བཞིན་ཡོད་པས།ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ནན་མོ་བྱས་ལ། དེ་མ་ཐག་ཏུ་བྱ་བའི་བྱེད་ཕྱོགས་ལེགས་སྒྲིག་བྱས་ཏེ་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀ་གཙོ་བོར་གྱུར། དེ་ནས་ཅང་མ་འགོར་བར་ཨ་ཆེན་གངས་རྒྱབ་ནགས་ལས་མངགས་གཏོང་ཁང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཞུང་ལས་ཁང་འཛུགས་པའི་ཆོག་མཆན་ཐོབ་ལ། “རི་ཁུལ་རྩྭ་ས་སྲུང་སྐྱོབ་གཞུང་ལས་ཁང”ཞེས་པ་ཡང་གསར་དུ་བཙུགས། དེར་མཐུད་ནས་བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་རྟེན་གཞིར་བཟུང་སྟེ་རང་རྒྱལ་གྱི་ལྐོག་རྔོན་རྒོལ་རྡུང་གི་དྲག་ཆས་རུ་ཁག་ཆེས་ཐོག་མ་དེ་སྒྲིག་འཛུགས་བྱས།
དམ་བཅར་མངོན་འགྱུར་མ་བྱུང་ཚེ་ཡི་འཕེན་པ་རྫོགས།
1994ལོའི་ཟླ1པོའི་ཚེས8ཀྱི་དགོང་མོར། བསོད་ནམས་དར་རྒྱས་དང་བཅས་པའི་མི་བདུན་ན་གོར་མོ་གྲོང་ཁྱེར་ནས་ལམ་ལ་ཆས་ཤིང་། ལྷོ་ལམ་བརྒྱུད་ནས་ཨ་ཆེན་གངས་རྒྱབ་ཕྱོགས་སུ་བསྐྱོད་དེ་ས་མཚམས་ལྟ་ཞིབ་དང་ཐོན་ཁུངས་བརྟག་དཔྱད་ཀྱི་ལས་ཀ་བསྒྲུབས།
ཉིན་གཉིས་པར་ཁོ་ཚོས་ཧའེ་ཏིང་ནུའོ་མཚེའུ་ཡི་འགྲམ་དུ་གཙོད་ལྐོག་རྔོན་བྱེད་མཁན་སྐོར་ཞིག་སླེབས་ཡོད་པ་མཐོང་། སྔོག་བཤེར་བརྒྱུད་ནས་ལྐོག་རྔོན་མཁན་དག་གི་རས་གུར་ནང་དུ་བོའུ་རིང་ཁ་ཆུང་གཉིས་དང་མདེའུ3000ལྷག་རྙེད་ལ། བསོད་ནམས་དར་རྒྱས་ཀྱིས་མེ་མདའ་དང་མདེའུ་དག་ཐད་ཀར་གཞུང་བཞེས་བྱས་པ་དང་ལྐོག་རྔོན་མཁན་དག་ལ་ལམ་སེང་གནས་དེ་ལས་འབྲལ་དགོས་པའི་བཀའ་ཕབ།
ཟླ1པའི་ཚེས16ཉིན། བསོད་ནམས་དར་རྒྱས་སོགས་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་སླེབས་པ་དང་། གནས་དེར་ཡང་བསྐྱར་མི་བཅུ་གཉིས་ཅན་གྱི་ལྐོག་རྔོན་ཚོགས་པ་ཞིག་དང་འཕྲད། སྔོག་བཤེར་བརྒྱུད་ནས་རྔོན་མདའ1དང་རང་འགུལ་ཕྱེད་ཅན་གྱི་བོའུ་རིང1། བོའུ་རིང་ཁ་ཆུང9། མདེའུ3000ལྷག ཤོག་སྒོར་ཁྲི1ལྷག་རྙེད།
ཚེས18ཉིན་གྱི་ས་སྲོད་ལ། བསོད་ནམས་དར་རྒྱས་འཁོར་བཅས་ཀྱིས་ལྐོག་རྔོན་ཚོགས་པ་འཛིན་བཟུང་བྱས་ནས་ཉི་མ་མཚེའུའི་ལྷོ་འགྲམ་བར་དུ་བསྐྱོད། གནས་དེར་བརྒྱུད་སྐབས་རིམ་བཞིན་མུན་པ་རུབ་ལ་མཚན་མོའི་སྨག་རུམ་སྟུག་པོ་དེ་ཡང་ལྐོག་གཡོ་ངན་ཇུས་ཤིག་གི་གྲབས་གཤོམ་གྱི་རྒྱུ་རུ་གྱུར།
ཅི་ཡིན་ཆ་མ་འཚལ་བར་མེ་མདའི་སྦག་སྒྲ་དང་མཉམ་དུ་མདེའུ་མང་པོ་བསོད་ནམས་དར་རྒྱས་ཀྱི་ཕྱོགས་སུ་འཕངས་ཤིང་། དེ་ལས་མདེའུ་གཅིག་ཁོའི་འཕོངས་རྐུབ་དང་གསུས་སྨད་ལ་ཕོག ཁོས་ཟུག་གཟེར་དྲག་པོ་སྲོན་བཞིན་ལྗིད་ཐེག་རླངས་འཁོར་གྱི་གཡོན་ཕྱོགས་སུ་བརྒྱུགས་ལ། དེར་སླེབས་རྗེས་ཐང་ལ་འགྱེལ་བ་དང་ཁོའི་རྨ་ཁ་ནས་ཁྲག་དམར་ལྷོག་ལྷོག་བརྡོལ་ཏེ་རྐང་འོག་གི་ས་གཞིའང་དམར་པོར་བསྒྱུར། ཁྲག་དྲོན་ནང་དུ་འགྱེལ་དུས་ཁོས་ད་དུང་ཕྱིར་རྒོལ་ལན་སྤྲོད་བཞིན་ཡོད་ལ། མདེའུ་འཕངས་ཚར་རྗེས་ཁོས་ཡང་བསྐྱར་མདེའུ་ཤུབས་ཤིག་མེ་མདའི་ནང་རྫོང་རྩིས་བྱས་ཀྱང་ལུས་ཤུགས་ཀྱིས་མ་འདང་བར་འབྲས་མེད་དུ་གྱུར།
ཕྱི་ཉིན་གྱི་ནམ་ལངས་དུས་སུ། བསོད་ནམས་དར་རྒྱས་ཀྱིས་ལག་པ་གཡོན་པས་མེ་མདའ་བཟུང་བ་དང་ལག་པ་གཡས་པས་མེ་མདའི་སྤོར་ཏོག་བཟུང་ལ། ཞེ་སྡང་གི་མིག་གཉིས་བགྲད་དེ་འགུལ་བ་མེད་པའི་འཁྱགས་རོམ་གྱི་འཇིམ་བརྐོས་ཤིག་དང་འདྲ་བར་ཁ་སྦུབ་ཀྱིས་ཐང་ལ་འགྱེལ་ཡོད་པ་ལྐོག་རྔོན་པ་དག་གིས་གསལ་པོར་མཐོང་།
ལོ་ན40ལ་སླེབས་མ་ཐག་པའི་བསོད་ནམས་དར་རྒྱས་དེ་ལྟར་ཆ་མ་འཚལ་གྱིས་ཁ་གྱེས་ཀྱང་། ཁོས་རྗེས་རབས་པ་རྣམས་ལ་གཟི་འོད་ལྡན་པའི་ཞབས་རྗེས་དང་ལྗིད་ཏིག་ཏིག་གི་སེམས་འཕྲེང་། ཉམས་པ་མེད་པའི་མཛད་རྗེས་བསྐྱུར་ཡོད།
བསོད་ནམས་དར་རྒྱས་རྒྱང་དུ་མ་བཞུད་ཉེ་བར་བཞུགས།
ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་པའི་སྔོན་བྱོན་པ་ཞིག་གི་ཆ་ནས། བསོད་ནམས་དར་རྒྱས་འདས་གྲོངས་སུ་གྱུར་པ་ཡིས་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་གླེང་ཕྱོགས་ཚ་ཚ་འུར་འུར་དུ་བཏང་ལ། རྒྱལ་དམངས་ཡོངས་ཀྱི་གཙོད་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེས་ཆེར་བསྐྱེད།
1995ལོའི་ཟླ10པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པར་ཆོག་མཆན་སྤྲད།
1996ལོའི་ཟླ5པར། ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ས་ཚིགས་དང་པོར་རྨང་བཏིང་ཞིང་། ཕྱི་ལོའི་ཟླ 9 པར་འཛུགས་སྐྲུན་བྱས་ནས་སྤྱོད་མགོ་བརྩམས། བསོད་ནམས་དར་རྒྱས་ལ་རྗེས་དྲན་བྱེད་ཆེད་ས་ཚིགས་ཀྱི་མིང་ཡང་ཁོའི་མིང་ལྟར་བཏགས་ལ། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་བཙུགས་པའི་སྲུང་སྐྱོབ་ས་ཚིགས་ཐོག་མ་དེ་ཡིན་པ་དང་། ལས་འགན་གཙོ་བོ་ནི་སྐུ་མགྲོན་བསུ་ལེན་དང་གཙོད་ལ་སྨན་བཅོས་བྱ་རྒྱུ་དེ་ཡིན།
1996ལོའི་ཟླ5པར། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཅུ་དང་ནགས་ལས་པུའུ་ཡིས་བསོད་ནམས་དར་རྒྱས་ལ“ཁོར་ཡུག་སྲུང་སྐྱོབ་ཀྱི་དཔའ་བོ”ཞེས་པའི་མཚན་སྙན་གནང་།
1997ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་ཆེན་གངས་རྒྱབ་དེ་ཉིད“ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ”དུ་རིམ་པ་སྤར་བའི་ཆོག་མཆན་བཀོད་དེ། ཀྲུང་གོ་རྒྱལ་ཁབ་ཀྱི་འཇིག་ཉེན་ཆེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་གཙོད་ལ་སྲུང་སྐྱོབ་བྱེད་ཆེད་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཐོག་མ་རུ་གྱུར།
བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་པ་ནས་རང་སྲོག་བློས་བཏང་བའི་བར་དུ་ཉིན 540 ལས་འགོར་མེད་ཀྱང་། ཁོ་སྔ་གཞུག་ཐེངས 12 ལ་ཨ་ཆེན་གངས་རྒྱབ་ཀྱི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་དང་སྐོར་ཞིབ་བྱས་ལ། དེ་ལས་ཉིན 354 ཙམ་ཨ་ཆེན་གངས་རྒྱབ་ནས་བསྐྱལ་བ་དང་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི 6 བརྒལ་ཡོད། ཁོས་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཐོན་ཁུངས་ལ་ཞིབ་ཚགས་ལྡན་པའི་སྒོ་ནས་རྟོག་ཞིབ་བྱས་ཡོད་ཅིང་། གསར་དུ་ལག་ལ་སོན་པའི་ཡི་གེ་དང་འདྲ་པར་གྱི་རྒྱུ་ཆ་མང་པོ་བསྡུ་ཉར་བྱས་ཡོད།
བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་བློ་མཐུན་རྣམས་ཀྱི་སྣེ་ཁྲིད་ནས་སྔ་གཞུག་ཏུ་ཁྲིམས་འགལ་གྱིས་མེ་མདའ་ཁུར་བའི་ལྐོན་རྔོན་ཚོགས་པ 8 བཟུང་ཞིང་། རིགས་མི་འདྲ་བའི་མེ་མདའ 25 དང་མདེའུ་ཁྲི་ལྷག རིགས་མི་འདྲ་བའི་རླངས་འཁོར 12། གཙོད་ལྤགས 1416། སྦྲེ་ལྤགས 200 ལྷག ཁྲིམས་འགལ་དམངས་སྒོར་ཁྲི 4 བཅས་གཞུང་བཞེས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་དང་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་འབུར་དུ་ཐོན་པའི་མཛད་རྗེས་བཞག་ཡོད།
ད་ལྟའི་བར་གྱི་ལོ་ངོ 20 ལྷག་གི་རིང་ལ། བསོད་ནམས་དར་རྒྱས་ཀྱི་དཔའ་མཛངས་ལ་རྒྱུན་ཆད་མེད་པར་བསྟོད་བསྔགས་ཐོབ་བཞིན་ཡོད་ལ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་དེ་དང་བསྟུན་ནས་གོང་མཐོར་འགྲོ་བཞིན་ཡོད།
2018ལོར་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར 40 འགོར་ཞིང་། ཏང་ཀྲུང་དབྱང་གིས་བཅོས་བསྒྱུར་སྒོ་འབྱེད་ལ་ཕུལ་བྱུང་མཛད་རྗེས་བཞག་པའི་མི་སྣ 100 ལ་གཟེངས་བསྟོད་བྱ་དགའ་གནང་། རང་ཞིང་ལ“བཅོས་བསྒྱུར་སྒོ་འབྱེད་ཀྱི་ཕུལ་བྱུང་མཛད་རྗེས་ཅན”གྱི་གྲས་སུ་ཚུད་པའི་མཛད་རྗེས་ཅན་གཅིག་མ་གཏོགས་མེད་ལ། མཛད་རྗེས་ཅན་གཅིག་པོ་དེ་ནི་བསོད་ནམས་དར་རྒྱས་ཡིན།
ད་སྐབས། བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་ལ་བརྟེན་ནས། 《སོ་སྲུང》ཁྲོད་ཀྱི་ཆོས་འཕེལ་བཀྲ་ཤིས་ལྟ་བུའི་གཙོད་སྲུང་སྐྱོབ་ཀྱི་བྱ་གཞག་ལ་མི་ཚེ་འབུལ་མཁན་གྱི་མི་སྣ་ཇེ་མང་ནས་ཇེ་མང་ཡིན་ལ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་སྔོན་ཆད་ཀྱི་ཁྲི 2 ནས་སླར་ཡང་ཁྲི 10 ལྷག་ལ་འཕེལ་ཡོད། ཨ་ཆེན་གངས་རྒྱབ་ཀྱི་བོའུ་སྐད་ཀྱང་ལོ་རྒྱུས་སུ་ཐིམ་ལ། གཙོད་ཀྱི་གནས་མལ་ཡང་བསྐྱར་ཞོད་འཇགས་ཀྱི་དུས་ལ་བབས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།