རབ་འོག་མ་སྡེ་བའི་བུ་ཕྲུག་བཟང་བོ།
2019.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

    ——2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ་མཁན་དཔའ་མཁར་རྒྱལ་གྱི་གནས་ཚུལ་བཀོད་པ།

དཔའ་མཁར་རྒྱལ་གྱིས་སྡེ་མི་ཚོ་དང་ལྷན་དུ་ཁ་བརྡ་བྱེད་བཞིན་པ།

ད་ལོ་ལོ་ཞེ་བརྒྱད་ལ་སླེབས་པའི་དཔའ་མཁར་རྒྱལ་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བའི་ལོ་བཅུ་བ་རེད། ཁོ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་སྟེ་འབད་འབུངས་ཡར་བརྩོན་གྱི་བྱ་དགའ་གནང་བ་རེད།      “ཟླ10ཚེས17ཉིན་པེ་ཅིན་དུ་འཚོགས་པའི2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའི་སྟེང་ངས2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་འབད་འབུངས་བྱ་དགའ་བླངས་པ་ཡིན། ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ལོ་བཅུ་ལ་དགའ་སྤྲོ་དང་དྲིན་གཟོ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གསར་འགོད་པས་དཔའ་མཁར་རྒྱལ་མཐོང་སྐབས་ཁོ་རང་དགའ་སྤྲོ་སྐྱེས་ཏེ་བྱིས་པ་ཞིག་དང་མཚུངས།      2009ལོར།  དཔའ་མཁར་རྒྱལ་གྱིས་རང་ཉིད་ཀྱི་བྱ་གཞག་བསྐྱུར་ནས། འཕེལ་རྒྱས་ཐད“ལྷན་སྐྱེས་ཀྱི་ཞན་ཆ་ལྡན་པའི”སྡེ་བ་ཆུང་ཆུང་དེ་ཕྱིར་བཤོལ་མི་བྱེད་པར་དང་ལེན་བྱས། ཕ་ཡུལ་དུ་ཕྱིར་ལོག་པའི་སྐབས་དེར། ཁོས་ཕ་ཡུལ་ལ་ངེས་པར་དུ་ནུས་ཤུགས་ཆེན་པོ་འདོན་པའི་ངར་ཤུགས་སྐྱེས། དཔའ་མཁར་རྒྱལ་ལ་མཚོན་ན། ཁོ་ནི་རབ་འོག་མ་སྡེ་བའི་དེད་དཔོན་དང་བརྟེན་ས་ཡིན་ལ། ཁོས་སྡེ་བའི་འཕེལ་རྒྱས་ལ་བསམ་བློ་དང་བློ་གྲོས་འདོན་སྤྲོད་བྱེད་བཞིན་ཡོད། ལོ་བཅུའི་རིང་ལ། རབ་འོག་མ་སྡེ་བའི་མི་མང་པོའི་ཤོ་རྒྱག་པ་དང་ཆང་འཐུང་བ། རྡུང་རེས་བྱེད་པ་ནས་མི་ཚང་མར་ལས་ཀ་ཡོད་པ་དང་། མི་ཚང་མས་འཕེལ་རྒྱས་ལ་བརྩོན་པའི་སྡེ་བ་ཞིག་ཏུ་གྱུར་ཡོད།

ལོ་བཅུའི་རིང་ལ། རབ་འོག་མ་སྡེ་བའི་མཉམ་ལས་ཁང་བཙུགས་པ་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བས། སྡེ་མི་ཚོས་ནོར་ལུག་མཉམ་ལས་ཁང་དུ་མ་རྐང་བཞག་པས། ཉིན་རྒྱུན་ནོར་ལུག་གི་རྗེས་འདེད་མི་དགོས་པར་གྱུར་ལ། ལ་ལས་ནོར་ལུག་འདྲེན་འཚོང་བྱེད་པ་དང་། ལ་ལ་ཕྱི་རུ་ཞོར་ལས་སུ་འགྲོ་བ། ལ་ལའི་གནས་སྐོར་ལས་རིགས་གཉེར་བ་བཅས་བྱས་ནས་འཚོ་བ་ཡར་རྒྱས་གོང་འཕེལ་ཆེན་པོ་བྱུང་ཡོད།

ལོ་བཅུའི་རིང་ལ། རབ་འོག་མ་སྡེ་བས་དུས་རབས་ཀྱི་དཔྱིད་དཔལ་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱས་ཏེ། སྡེ་བའི་ཡ་མཚར་བའི་གཏམ་རྒྱུད་མུ་མཐུད་དུ་བསྐྲུན་བཞིན་ཡོད། རབ་འོག་མ་སྡེ་བ་དེ“གསར་དར”བྱུང་སྟེ། “རྗེས་ལུས་སྡེ་བ”དང“གནད་དོན་སྡེ་བ”ནས་ད་ལྟ་རབ་འོག་མའི་རྩྭ་ཐང་དུ་བཀྲག་མདངས་འཚེར་བའི“སྡེ་བ་གྲགས་ཅན”དུ་གྱུར་ཡོད།      རབ་འོག་མ་སྡེ་བ་ནི་དཔའ་མཁར་རྒྱལ་ལ་མཚོན་ནས་བཤད་ན་ཨ་མའི་དྲོད་འཁོལ་དང་འདྲ་བར་ཁོང་ལ་སྲ་ཞིང་བརྟན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་ཀྱིན་ཡོད། ཁོ་ནི་རྩྭ་ཐང་སྟེང་གི་མིག་རྒྱང་རིང་པོ་དེ་ཡིན་ལ། སྡེ་བ་ཆུང་ཆུང་ཞིག་གིས་ཀྱང་ཁོང་གི་འཇོན་ཐང་སྦྱོང་བརྡར་བྱེད་པ་དང་ཁོའི་མི་ཚེའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཁོའི་ཕུགས་བསམ་མངོན་འགྱུར་བྱེད་ཀྱིན་ཡོད།

དཔའ་མཁར་རྒྱལ་ནི་རབ་འོག་མ་སྡེ་བ་ནས་སྐྱེས་པ་དང་། དེ་གར་རི་ཚོགས་ཀྱིས་ཁེངས་པ་དང་ལོག་དཀར་མེ་ཏོག་གི་རྒྱ་མཚོ་ཡོད་ལ། སྔོ་ཐིང་ཐིང་གི་ནས་ཀྱི་ཞིང་ཁ་ཡང་ཡོད། གནས་དེ་རུ་མཚོ་ཆུང་ཆུང་ཞིག་འཁྱིལ་ཡོད་པས་མི་རྣམས་ཀྱི་དེ་ལ་མཚོ་ཆུང་ཟེར།

དཔའ་མཁར་རྒྱལ་གྱི་སེམས་སུ་ཁོའི་ཨ་ཕ་ནི་ནམ་ཡང་བརྩི་མཐོང་ཆེན་པོ་བྱེད་འོས་པའི་མི་ཞིག་ཡིན་ལ། ཁོང་གི་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་པའི་མི་ཞིག་ཀྱང་རེད། “སློབ་གསོའི་ངོ་བོ་ནི་སྡོང་བོ་གཅིག་གིས་ཤིང་སྡོང་གཞན་ཞིག་གཡོ་འགུལ་བྱེད་དུ་འཇུག་པ་དང་སྤྲིན་པ་གཅིག་གིས་སྤྲིན་ཕུང་གཞན་ཞིག་སྒུལ་བ”ལྟ་བུ་རེད། ལོ་བདུན་ལ་སླེབས་པའི་བྱིས་པ་དེའི་མིག་ལམ་དུ་ཨ་ཕའི“སྦྲ་གུར་སློབ་གྲྭ”ནི་ཁོའི་མི་ཚེའི་བགྲོད་ལམ་སྟེང་གི་འོད་ཟེར་ལྟ་བུ་ཞིག་རེད། དཔའ་མཁར་རྒྱལ་གྱི་ཨ་ཕ་ཆུང་དུས་ནས་བོད་ཡིག་སྦྱོང་རྒྱུར་དགའ་བ་དང་། རང་སྦྱོང་ལ་བརྟེན་ནས་ཤེས་ལྡན་པར་གྱུར་རྗེས་རིག་སྨོན་གྲོང་རྡལ་གྱི་བཅའ་སྡོད་སློབ་ཆུང་དུ་དགེ་རྒན་ཞིག་བྱས། དེ་སྔོན་ཨ་ཕས་རྟ་ཞོན་ནས་སྦྲ་གུར་དང་ནག་པང་། ས་སྨྱུག་བཅས་འཁྱེར་ཏེ་བྱིས་པ་ཚོར་བོད་ཡིག་གི་འབྲི་ཀློག་དང་གོ་བདེ་བའི་རྒྱ་ཡིག་འགའ། དེ་མིན་ལོ་རྒྱུས་བཅས་ཁྲིད་ཀྱིན་ཡོད། འབྲོག་པས་རི་ས་ཆ་གང་དུ་སྤོར་ན་ཨ་ཕའི་རྟའི་རྨིག་སྒྲ་གནས་དེ་ནས་གྲགས་ཡོང་།

“ཨ་ཕ་སློབ་ཁྲིད་བྱེད་རྒྱུར་དགའ་ལ་དགེ་རྒན་ཞེས་འབོད་པའི་མིང་ལ་དེ་བས་ཀྱང་དགའ། སྐབས་དེར་སློབ་ཁྲིད་བྱས་ན་གླ་ཕོགས་མེད་ལ། འགན་འཁྲི་དང་འོས་འགན་མ་གཏོགས་མེད ”ཅེས་ དཔའ་མཁར་རྒྱལ་གྱིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད། དཔའ་མཁར་རྒྱལ་གྱིས་བཤད་རྒྱུར། “སྐབས་དེ་དུས་འབྲོག་ཁུལ་དུ་སློབ་གྲྭར་སྐྱོད་པའི་འདུ་ཤེས་གཏན་ནས་མེད། བྱིས་པ་ཚོར་སློབ་གྲྭར་འགྲོ་འཕྱི་ལ་ལོ་བཅུའི་ཡན་ལ་སླེབས་སྐབས་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། ཡང་མིན་ན་ཞིང་འདེབས་པ་དང་ལུག་འཚོ་བར་འགྲོ་དགོས་པ་ལས་གདམ་གསེས་གཞན་ཅི་ཡང་མེད། སྐབས་དེར་སློབ་སྦྱོང་གི་ཆ་རྐྱེན་ཡང་ཧ་ཅང་ཞན་ལ་སློབ་ཁྲིད་ཅོག་ཙེ་མེད་པ་དང་ཁ་སྦུབ་ཏུ་ལོག་ནས་ཡི་གེ་འབྲི་དགོས་ཟེར། དཔའ་མཁར་རྒྱལ་གྱིས“སྐབས་དེར་ངས་དཔེ་ཆ་བཏོན་མེད་ན། ད་ལྟ་ངས་ད་དུང་ཕྱུགས་འཚོ་བཞིན་ཡོད་ངེས་རེད”ཅེས་བཤད། ཁོ་ནི་གཡོ་འགུལ་ཐེབས་པའི་སྡོང་བོ་དང་སྐུལ་འདེད་བྱས་པའི་སྤྲིན་པ་ཡིན་ལ། ཨ་ཕས་ཁོ་ལ་སློབ་གསོ་བཏང་བས་ཁོའི་མི་ཚེའི་ལམ་བུ་བསྒྱུར་བ་རེད།

1990ལོར། དཔའ་མཁར་རྒྱལ་གྱིས་ནུབ་བྱང་མི་རིགས་སློབ་གླིང་གི་དྲུང་ཡིག་ཆེད་ལས་སུ་རྒྱུགས་འཕྲོད་པ་དང་། ཁོ་ནི་སྡེ་བ་ཆུང་ཆུང་དེ་ནས་ཕྱིར་སོང་བའི་སློབ་ཆེན་སློབ་མ་སྐོར་དང་པོ་རེད། སློབ་མཐར་ཕྱིན་རྗེས་ཁོ་གུང་ཧོ་རྫོང་དུ་ལས་བགོས་བྱས་པ་དང་། སྔ་རྗེས་སུ་སྦྲེལ་ནག་ཞང་དང་ཆབ་ཆ་གྲོང་རྡལ་སོགས་སུ་དྲུང་ཡིག་གི་འགན་ཁུར། 2002ལོར། སྲིད་གཞུང་གིས་ལས་བྱེད་མི་སྣར་ཚོང་ལས་གཉེར་རྒྱུར་སྐུལ་ལྕག་བྱས་ཤིང་། ཁོ་རང་ཕ་ཡུལ་དང་ཁ་བྲལ་ཏེ་ཧྲང་ཧའེ་དང་ཀོང་ཏུང་དུ་སོང་ནས་ནས་ཆང་དང་བོད་སྤོས། དབྱར་རྩྭ་དགུན་འབུ། ཤྭ་རྭ། ཤ་སྐམ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱས།

དཔའ་མཁར་རྒྱལ་གྱིས“སྔོན་ཆད་ཟླ་བ་གཅིག་ལ་སྒོར་བདུན་བརྒྱ་ལས་མེད་པ་དང་ཕྱི་རུ་སོང་ནས་ཚོང་ལས་གཉེར་ན་ཟླ་གཅིག་ལ་སྒོར་ཁྲི་གསུམ་ནས་བཞི་ལེན་ཐུབ་པས། ངོ་མ་གནམ་སའི་ཁྱད་པར་ཡོད”ཟེར། དེའི་རྗེས་ཁོས་སྲིད་གཞུང་གི་ལས་ཀ་བསྐྱུར་ནས2005ལོར་བློ་སེམས་རྩེ་གཅིག་གིས་ཀུང་སི་བཙུགས་པ་དང་། སྐད་གྲགས་ཅུང་ཡོད་པའི་སྦྱིན་བདག་ཅིག་ཏུ་གྱུར།      ཁོའི་ཕ་ཡུལ་མང་ཚོགས་ཀྱིས་ཆ་འཕྲིན་དུས་ལྟར་མི་ཤེས་པ་དང་དབུལ་ཕོངས། རྗེས་ལུས་ཡིན་པ་བཅས་ཤེས་ཀྱིན་ཡོད། དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ཞིག་ཡོད་རྗེས། 2006ལོར། ཁོས་སྡེ་བའི་ནང་དོན་དག་གསུམ་བསྒྲུབ། རང་གིས་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བཞི་བཏང་ནས་སྡེ་བའི་ནང་ལམ་ཞིག་ལས་པ་དང་། སྡེ་བའི་བུ་བཅོལ་ཁང་ལ་ཡང་སྒོར་འབུམ་གཅིག་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་སྡེ་བའི་རྒན་རྒོན་བརྒྱད་ཅུ་ལྷ་ས་རུ་གནས་སྐོར་དུ་ཁྲིད་པས་རྒན་རྒོན་ཚོའི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད། སྐབས་དེར། ཁོའི་སེམས་སུ་རང་ཉིད་ཀྱིས་སྡེ་བར་སྒྲུབ་ཐུབ་པ་ནི་དེ་དག་རེད་སྙམ། ཁོས་མ་འོངས་པར་ད་དུང་ཅི་ཞིག་གིས་ཁོ་ལ་སྒུག་ཡོད་པ་མི་ཤེས། 2009ལོར། སྐབས་དེའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟོབས་རྒྱལ་ལས་འཁྱུར་ངལ་གསོ་བྱེད་རྩིས་ཡོད་ལ། སྡེ་བ་དེ་བསམ་ཕོད་པ་དང་སྒྲུབ་ཕོད་ལ་འགན་འཁྲི་འཁུར་ཕོད་པ་ཞིག་ལ་སྤྲོད་རྩིས་ཡོད།  དཔའ་མཁར་རྒྱལ་ནི་སྡེ་བ་ནས་ཕྱིར་སྐྱོད་པའི་སློབ་ཆེན་སློབ་མ་ཞིག་ཡིན་ལ་མིག་རྒྱང་རིང་བ་དང་འཇོན་ཐང་ལྡན་པ། འགན་འཁྲི་འཁུར་ཕོད་པས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསར་བ་ཁོ་ངེས་པར་དུ་བྱེད་དགོས།     མི་མཐོ་སར་སྙེག་པ་དང་ཆུ་བོ་དམའ་སར་འབབ་པའི་དཔེ་ལྟར། དཔའ་མཁར་རྒྱལ་ཐེ་ཚོམ་གྱི་རྒྱ་རུ་ཚུད་དེ་རེ་ཞིག་ཐག་གཅོད་དཀའ་བའི་གནས་སུ་ལྷུང་། དཔེ་ཆ་བཀླགས་ནས་ཕྱིར་སོང་ཡོད་པས་ཕྱིར་ཕ་ཡུལ་དུ་ཡོང་རྒྱུ་ཡིན་ནམ། རྒྱས་སྤྲོས་ཀྱིས་འཚོ་བར་གོམས་ཡོད་པས་སྡེ་བའི་ནང་གི་དཀའ་སྡུག་མྱོང་ཐུབ་བམ། མང་ཚོགས་ཀྱི་ལས་ཀ་སྣ་མང་རྙོག་འཛིང་ཆེ་བས་ཁོ་རང་ཉིད་ཀྱིས་འགན་ཁུར་མི་ཐུབ་པར་སྐྲག

འོན་ཀྱང་། ཁོའི་ཨ་ཕ་གཞུང་དྲང་གིས་འབྲོག་ཁུལ་གྱི་བྱིས་པ་ཚོར་སློབ་གསོར་རིན་མེད་ངང་དང་ལེན་བྱས་པ་དང་རྟ་ཞོན་ནས་རྩྭ་ཐང་སྟེང་བསྐྱོད་པའི་གཟུགས་བརྙན་དྲན་སྐབས། ཁོའི་དེ་ནི་ཨ་ཕས་ཁོ་ལ་བསླབ་པའི“མི་ཚེའི་སློབ་ཚན་དང་པོ”ཞིག་ཡིན་པ་ཤེས་ཀྱིན་ཡོད། ཁོའི་སེམས་ནས་བསྐྱུར་མི་ཐུབ་པའི་དོན་དག་ཇེ་མང་དུ་གྱུར་ལ། ཁོའི་གུང་ཁྲན་ཏང་ཡོན་ཞིག་གིས་འཁུར་འོས་པའི་འགན་འཁྲི་དེ་བྱ་སྤྱོད་ངོ་མའི་སྟེང་བཀོལ་དགོས་པ་ཤེས་ཀྱིན་ཡོད། རྗེས་སུ། ཁོའི་ཀུང་སི་གཞན་ལ་བདག་སྐྱོང་བྱེད་དུ་བཅུག་ནས་ཕྱིར་ཕ་ཡུལ་དུ་ལོག     མིག་རྒྱང་རིང་བོའི་འཛམ་གླིང་གི་འགྱུར་ལྡོག་ལ་བལྟ། མི་གཞན་གྱིས་རབ་འོག་མ་གླེང་ན་ང་ཚོས་ཧྲང་ཧའེ་གླེང་།      “ཧྲང་ཧའེ་ནས་མཚོ་སྔོན་དང་། མཚོ་སྔོན་ནས་རབ་འོག་མ་བལྟས་ན་ད་དུང་བར་ཁྱད་ཇི་འདྲ་ཡོད་པ་ཤེས་ཐུབ།” ས་ཆ་མང་པོར་སོང་མྱོང་བ་དང་ལྟ་རྒྱ་མཐོང་རྒྱ་མང་པོ་བསྐྱེད་རྗེས་དཔའ་མཁར་རྒྱལ་གྱིས་འདི་ལྟར་སྤྱི་བསྡོམས་བྱས། ཁོས་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམ་པ་དང་། མིག་ལམ་དུ་ནོར་ལུག་ལས་མེད་པ། ཁྲོན་པའི་སྦལ་བ་དང་འདྲ་བའི་མང་ཚོགས་རྣམས་ཀྱིས་མིག་རྒྱ་བསྐྱེད་ནས་འཛམ་གླིང་ལ་ལྟ་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཟེར།      རབ་འོག་མ་སྡེ་བ་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་སུམ་བརྒྱ་རེ་བཞི་དང་མི་གྲངས་སྟོང་གཅིག་དྲུག་བརྒྱ་གོ་གཉིས་ཡོད། དེའི་ཁྲོད་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་དོན་གཅིག་དང་མི་གྲངས་ཉིས་བརྒྱ་བཅུ་གཅིག་ཡོད། མི་གྲངས་མང་བ་དང་རྩྭ་སའི་རྒྱ་ཁྱོན་ཆུང་བ། རྩྭ་ཕྱུགས་བར་གྱི་འགལ་བ་མངོན་གསལ་ཡིན་པའི་སྡེ་བའི་ད་ཡོད་ཀྱི་གནས་ཚུལ་ལ་ཁ་གཏད་ནས།  དཔའ་མཁར་རྒྱལ་གྱིས་འབྲོག་པ་རྣམས་ཀྱི་ཚོང་གཉེར་འདུ་ཤེས་བསྒྱུར་བ་དང་ཐོན་ཁུངས་ཧྲིལ་བསྡུས་བྱེད་རྒྱུར་ཐག་གཅོད་བྱས་ཏེ། རབ་འོག་མའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྲོལ་རྒྱུན་ཕྱུགས་ལས་ནས་དེང་རབས་ཕྱུགས་ལས་སུ་རྣམ་པ་བསྒྱུར་བ་དང་རིམ་པ་སྤར་བ་མངོན་འགྱུར་བྱས་པས། འབྲོག་ཁུལ་ལ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་པ་རེད།

རིག་སྨོན་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་རིན་ཆེན་ཚེ་རིང་གིས“2010ལོར་མཉམ་ལས་ཁང་ཞེས་པའི་སྐོར་གླེང་སྐབས་སྡེ་བའི་ནང་སྙན་གྲགས་ཅུང་ཙམ་ཡོད་པའི་རྒན་རྒོན་ཚོས་མཉམ་ལས་ཁང་འཛུགས་རྒྱུར་མི་འཐད་པའི་རྣམ་འགྱུར་བསྟན། སྡེ་མི་རྣམས་ཀྱིས་ཟངས་ཆེན་དུ་ཟ་མ་ཟ་བ་དང་རང་ཉིད་ཀྱི་ཕྱུགས་ཟོག་གཞུང་ལ་དབང་རྒྱུར་སྐྲག་གིན་ཡོད། སྡེ་དམངས་རྣམས་ཀྱི་སེམས་ཁྲལ་ཏེ་ཁ་གཏད་ནས། 2011ལོར།  དཔའ་མཁར་རྒྱལ་གྱིས་སྡེ་མི་སྐོར་ཞིག་ཁྲིན་ཏུའུ་དང་པེ་ཅིན། ཧྲང་ཧའེ་སོགས་སུ་ལྟ་སྐོར་དུ་ཁྲིད་པ་དང་། ས་གནས་ཀྱི་མཉམ་ལས་ཁང་ལ་ལྟ་སྐོར་དང་རྟོག་ཞིབ་བྱས། “སྐབས་དེ་དུས་དཔའ་ཧྲུའུ་ཅིས་ཧྲང་ཧེ་ཡི་ཐོག་ཁང་ཞིག་བསྟན་ནས་བཤད་རྒྱུར། ང་ཚོའི་སྡེ་བ་ཡོངས་ཀྱི་ནོར་ལུག་ཚང་མ་བསྡོམས་ན་སྒོར་བྱེ་བ་གཉིས་ཙམ་ལས་མེད་པས། ཐོག་ཁང་གི་ཕྱེད་ཀ་ཞིག་ཀྱང་ཉོ་དཀའ་བ་རེད་ཟེར”ཅེས་རིན་ཆེན་ཚེ་རིང་གིས་དེ་ལྟར་བཤད།  དཔའ་མཁར་རྒྱལ་གྱིས་སྡེ་མི་རྣམས་ལ་བརྗོད་འདོད་པ་ནི་སྤོབས་པ་ཇེ་ཆེར་དང་མིག་རྒྱང་ཇེ་རིང་དུ་བཏང་སྟེ། ནོར་ལུག་ཁོ་ནར་བལྟས་ནས་མི་འདུག་པར་བྱ་བ་གཞན་ལ་བརྩོན་དགོས་པ་དེ་རེད།

ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་དཔའ་མཁར་རྒྱལ་གྱིས་སེམས་ཞིབ་མོས་སྣེ་ཁྲིད་འོག སྡེ་མི་ཡོངས་མཉམ་ལས་ཁང་དུ་ཞུགས་པར་འཐད་པ་བྱུང་། རབ་འོག་མ་སྡེ་བའི་མཉམ་ལས་ཁང་གི་མངའ་འོག་ཏུ་ཐོན་སྐྱེད་གཉེར་སྐྱོང་ཚན་ཁག་བཞི་བཙུགས་ཡོད་པ་དང་། དེ་དག་འདེབས་འཛུགས་ལས་རིགས་གཉེར་སྐྱོང་ཚན་ཆུང་དང་གསོ་སྤེལ་ལས་རིགས་གཉེར་སྐྱོང་ཚན་ཆུང་། ཕྱུགས་ལས་ཐོན་རྫས་ལས་སྣོན་ཚན་ཆུང་། ཐོན་ལས་གཉིས་པ་དང་གསུམ་པའི་གཉེར་སྐྱོང་ཚན་ཆུང་བཅས་ཡོད། སྡེ་བ་ཡོངས་ཀྱི་རྨོ་ཞིང་སྤྱི་ཆིང་སུམ་བརྒྱ་དོན་གསུམ་དང་གྲངས་ཆུང་གསུམ་གསུམ་ཡོད་པ་དེ་སྡེ་བའི་ནང་གི་འདེབས་འཛུགས་གཉེར་སྐྱོང་འཇོན་མི་བཅུ་གཅིག་ལ་སྤྲད་པ་དང་། ལོ་མཇུག་ཏུ་རྨོ་ཞིང་གི་ཆེ་ཆུང་ལྟར་ཡོང་སྒོ་བགོ་བཤའ་རྒྱག་བཞིན་ཡོད། 2019ལོར། ས་ཞིང་མུའུ་གཅིག་ལས་ཡོང་སྒོ་སྒོར་ཉིས་བརྒྱ་དྲུག་ཅུ་བགོ་བཤའ་བརྒྱབ།

མཉམ་ལས་ཁང་གིས་སྡེ་བ་ཡོངས་ཀྱི་ཕྱུགས་ཟོག་ཁྱིམ་ཚང་བཞི་བཅུས་གཉེར་སྐྱོང་བྱ་རྒྱུར་མངགས་བཅོལ་བྱས་པ་དང་། ལུག་རེར་ཟླ་རེར་སྒོར་ལྔ་དང་ནོར་རེར་ཟླ་རེར་སྒོར་བཅོ་ལྔ་ཡི་ཚད་གཞི་ལྟར་ཕྱུགས་འཚོ་མཁན་རྣམས་ལ་གླ་ཕོགས་བྱིན་པ་རེད། འབྲོག་པ་སྟོབས་རྒྱལ་ཚང་ལ་ནོར་ལུག་ཉིས་བརྒྱ་བརྒྱད་ཅུ་ཡོད་པ་དང་། ཁྱིམ་ཚང་གཞན་གྱི་ལུག་དྲུག་བརྒྱ་ལྷག་དང་ནོར་བརྒྱ་ལྷག་ཚབ་འཚོ་བྱེད་ཀྱིན་ཡོད་པས། ཟླ་ལྔའི་ཚབ་འཚོའི་རིན་གོང་རྩིས་བརྒྱབ་ན་ཡོང་སྒོ་སྒོར་ཁྲི་གཉིས་ཡས་མས་སུ་སླེབས་ཡོད།

མཉམ་ལས་ཁང་གི་རྣམ་པའི་འབྲོག་པ་ཁྱིམ་ཚང་ལ་གསོ་སྦྱོང་བྱས་པ་བརྒྱུད། འབྲོག་པ་ཚོར་འོ་མ་ལས་སྣོན་བྱས་ཏེ་ཞོ་རྒྱག་ཏུ་བཅུག་པ་དང་ཤ་ལས་སྣོན་བྱས་ཏེ་ཤ་སྐམ་དུ་བཏང་བས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དང་ཟི་ལིང་གི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་ཕྱིར་འཚོང་བྱེད་བཞིན་ཡོད། དཔའ་མཁར་རྒྱལ་གྱིས་ཅང་སུའུ་ནས་ལས་འཁུར་སྦྱོང་བསྡར་བྱས་པའི་གོ་སྐབས་ལ་བརྟེན་ནས། ཕྱིར་སྡེ་བར་ལོག་རྗེས་ཁོས་སྡེ་མི་ལྔ་བཅུ་རྩ་འཛུགས་བྱས་ནས་ཅང་སུའུ་ནན་ཐུང་གི་བཟོ་གྲྭ་རུ་ཚ་ལ་རྒྱག་པ་དང་། དབོར་འདྲེན་བྱེད་པ། ལྕགས་རིགས་བཞུ་བ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་དུ་བཅུག ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་འགྲོ་བའི་བྱེད་ཐབས་བརྒྱུད་ནས་སྡེ་བའི་ནང་དུ་བསམ་ཚུལ་ཡོད་པ་དང་ལས་ལ་བརྩོན་པའི་མི་སྐོར་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས། ཕྱི་རུ་ཞོར་ལས་སུ་སོང་ན་བསམ་བློ་གསར་བ་དང་ལག་རྩལ་གསར་བ་སྦྱངས་ཐུབ་ལ་མཐོང་རྒྱ་ཆེ་རུ་བསྐྱེད་ཐུབ།

ད་ལྟ་སྡེ་མིའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་ཚོའི་པེ་ཅིན་དང་ཧྲང་ཧེ་ཤེས་ཡོད་ལ།  ཕྱི་ཡི་འཇིག་རྟེན་ཤེས་ཡོད་པས་ད་ལྟ་རབ་འོག་མ་ལས་རྒྱ་ཆེ་བའི་འཇིག་རྟེན་ཡོད་པ་ཤེས་ཡོད། “ཀྲི་པུའུ་དང་ཁེ་ལས(མཉམ་ལས་ཁང་།) འབྲོག་པ་ཁྱིམ་ཚང”གི་ཐོན་ལས་འཕེལ་རྒྱས་རྣམ་པར་བརྟེན་ནས། 2018ལོར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་རེ་གཉིས་ལ་སླེབས་ཡོད་པ་དང་། ཆེས་དབུལ་བོའི་ཁྱིམ་ཚང་བཅུ་གཉིས་མ་གཏོགས་ལྷག་མའི་ཁྱིམ་ཚང་ང་དགུ2018ལོར་དབུལ་ཐར་བྱས་ལ། ཆེས་དབུལ་བོའི་ཁྱིམ་ཚང་དག་སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཚང་མ་དབུལ་ཐར་བྱེད་ཐུབ་རྒྱུ་རེད།

ད་ལོ་ལོ་སོ་ལྔ་རུ་སླེབས་པའི་སྡེ་མི་བློ་བཟང་འཇིགས་མེད2015ལོར་དབུལ་ཕོངས་ཁྱིམ་ཚང་དུ་བདམས་པ་དང་། ཁོ་དབང་བོ་སྐྱོན་ཅན་ཡིན་པས་ཟླ་རེར་ཆུང་མས་རྫོང་མཁར་དུ་ལས་ཀ་ཙག་ཙིག་ལས་པའི་ཡོང་སྒོར་བརྟེན་ནས་ཁྱིམ་གྱི་འཚོ་བ་སྐྱེལ་གྱིན་ཡོད། མཉམ་ལས་ཁང་གིས་ཁོ་ལ་རླངས་འཁོར་ཞིག་གསོ་བྱེད་པ་གསོ་སྦྱོང་བྱས་པ་དང་། ཁོ་ལ་ཚོན་རྩི་གཏོང་བ་དང་རླངས་འཁོར་ཞིག་གསོའི་ལས་ཀ་གཉེར་དུ་བཅུག་པས། ད་ལྟ་ཁོས་ཞོར་ལས་ཆུང་ངུ་ལས་བཞིན་ཡོད་ལ་བཟའ་ཟླ་གཉིས་ཀྱིས་ཟླ་རེར་ཡོང་འབབ་སྒོར་སྟོང་བདུན་ལེན་གྱིན་ཡོད་པ་མ་ཟད། མ་མཐའི་འཚོ་བ་འགན་སྲུང་དང་རྩྭ་སའི་དོ་དམ་པ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བསྣན་པས། 2018ལོར་ཁོ་ཚང་བདེ་བླག་ངང་དབུལ་ཐར་བྱས།

“ཞིང་སྡེ་དར་སྤེལ”གྱི་སྲིད་ཇུས་མཚོ་ལྷོའི་ས་ཁུལ་དུ་བསྒྲགས་ཡོང་། ད་ལོར། རབ་འོག་མ་སྡེ་བ་དེ་ཁུལ་རིམ་པའི་ཞིང་སྡེ་དར་སྤེལ་དཔེ་སྟོན་གནས་སུ་བདམས། སྡེ་བ་མ་འོངས་པར་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དང་། འབྲོག་ཁུལ་མང་ཚོགས་ལ་ཇི་ལྟར་བྱས་ན་མུ་མཐུད་ཡོང་སྒོ་འཕར་སྣོན་གཏོང་ཐུབ་པ་སོགས་ཀྱི་ཐད་དཔའ་མཁར་རྒྱལ་ལ་ད་དུང་བསམ་ཚུལ་གསར་པ་མང་པོ་ཡོད།     རབ་འོག་མ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཚད་གཞི་མཐོ་བའི་ཕྱུགས་སྤྱིལ་ཁང་ཞིག་གི་ནང་དུ། བོང་བུ་བཅུ་ཕྲག་འགས་རྩྭ་ཟ་བཞིན་ཡོད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྙིང་དཀར་རྒྱལ་གྱིས་བཤད་རྒྱུར། “2018ལོའི་ཟླ་བདུན་པར། ཧྲུའུ་ཅི་དཔའ་མཁར་རྒྱལ་གྱིས་མཐུན་སྦྱོར་བྱས་པ་བརྒྱུད་ང་ཚོས་ཉིན་ཞ་ནས་བོང་བུ་ཉིས་བརྒྱ་ཞེ་གཅིག་ཉོས་པ་དང་། བོང་ཤ་བྲོ་བ་ཞིམ་པ་དང་སྨན་སྤྱོད་རིན་ཐང་ཆེ་བས་ལུས་པོར་ཁམས་གསོའི་ནུས་པ་ལྡན་ལ། བོང་བུའི་ཐོན་རྫས་ལ་ཚོང་རའི་སྦས་ཤུགས་ཆེ་བས་མདུན་ལྗོངས་ལེགས་པོ་ཡོད་པ་དང་། དབུལ་ཐར་ཕྱུག་བསྒྱུར་གྱི་ལས་གཞི་བཟང་བོ་ཞིག་ཀྱང་རེད། བསམ་གཞིགས་མང་པོ་བཏང་བ་བརྒྱུད། རིག་སྨོན་གྲོང་རྡལ་གྱི་འགྲིམ་འགྲུལ་ཁྱད་སྟོབས་མངོན་གསལ་ཡིན་པ་མ་ཟད། ནས་དང་རྩྭ་སོགས་ཀྱི་གཟན་ཆས་ཐོན་ཁུངས་ཀྱང་མང་པོ་ཡོད་པས། སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་གོ་སྐབས་སུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཕྱོགས་གཅིག་ནས་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་ཕྱོགས་གཞན་ཞིག་ནས་ཁྱད་ལྡན་གསོ་སྤེལ་ཕྱོགས་སུ་རྣམ་པ་བསྒྱུར་བ་རེད་ཟེར།

དེ་ལས་གཞན།  དཔའ་མཁར་རྒྱལ་གྱིས་གནས་སྐོར་ལས་རིགས་ཀྱི་ཚོང་ལས་གོ་སྐབས་དམ་འཛིན་བྱས་ཏེ་ཞིང་སྡེའི་གནས་སྐོར་ལས་རིགས་རྒྱ་ཇེ་ཆེར་བཏང་། དཔའ་མཁར་རྒྱལ་གྱིས་བཤད་རྒྱུར། མཚོ་བོད་མྱུར་བགྲོད་གཞུང་ལམ109དང་རྒྱལ་ལམ109ཡི་འགྲིམ་འགྲུལ་ཁྱད་སྟོབས་དང་དེ་མིན་མཚོ་སྔོན་པའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས། མཉམ་ལས་ཁང་གི་ཤར་ཕྱོགས་སུ་ས་མུའུ་སྤྱི་ཆིང་བཅུ་གསུམ་དང་གྲངས་ཆུང་གསུམ་གསུམ་ཡོད་པའི་འབྲོག་པའི་སྤྲོ་ཁྱིམ་ཁང་ཞིག་བཙུགས་པ་དང་། གནས་དེ་རུ་གནས་སྐོར་པས་རང་གིས་ཟ་མ་ལས་པ་དང་ཤ་བསྲེག་པ། ཕྱུགས་འཚོ་བ། རྟར་ཞོན་པ་སོགས་བོད་རིགས་མང་ཚོགས་ཀྱི་འཚོ་བར་རོལ་མྱོང་བྱས་ཆོག ས་གནས་དེའི་གླང་ལུང་ཉག་ཁའི་རི་མགོ་ནས་ཡུལ་སྐོར་མཛེས་ལྗོངས་ལྟེ་གནས་ཤིག་འཛུགས་འཆར་ཡོད་ལ། གཡོན་ན་རྨ་ཆུ་དང་གཡས་ན་མཚོ་སྔོན་པོ་ཡོད་པས་རི་གཅིག་གི་སྟེང་ནས་ཆུ་གཉིས་ལ་བལྟ་ཐུབ། གནས་དེར་ད་རུང་ཞག་སྡོད་དང་བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཡིན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་པའི་བཤམས་སྟོན་ཁང་ཞིག་ཀྱང་འཛུགས་རྩིས་ཡོད་ཟེར།

དཔལ་མཁར་རྒྱལ་གྱིས“གལ་ཏེ་ལས་གཞི་འདི་དག་དངོས་འབེབས་བྱེད་ཐུབ་ཚེ། སྡེ་བའི་འཕེལ་རྒྱས་ཀྱང་སྐས་རིམ་གསར་པ་ཞིག་ལ་སླེབས་ཐུབ”ཟེར།

དཔལ་མཁར་རྒྱལ་གྱིས་བཤད་རྒྱུར།“ད་ནི‘ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི’བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་སྐབས་ཡིན་ལ། ཐོག་མའི་དུས་སུ་ཏང་ཡོན་མང་ཚོགས་ཀྱིས་ང་རང་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་ནི་ངས་ཚང་མའི་སྣེ་ཁྲིད་ནས་འཚོ་བ་ལེགས་པོ་ཞིག་རོལ་བའི་ཆེད་ཡིན། རྗེས་ཕྱོགས་ངས་དམངས་ཀྱི་ཆེད་དུ་བཞག་པའི་དམ་བཅའ་ཡིད་ལ་བརྟན་པོར་བཅངས་ནས། མུ་མཐུད་དུ་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གང་ལེགས་དང་སྡེ་དམངས་ལ་སྣེ་ཁྲིད་བཟང་པོ་བྱས་ནས་འཕེལ་རྒྱས་ཀྱི་འབྲས་བུ་སྲ་བརྟན་དུ་གཏོང་རྒྱུ་ཡིན”ཟེར།

ཉེ་ལམ་གྱི་བྱ་བ་གླེང་སྐབས་དཔལ་མཁར་རྒྱལ་གྱིས“ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཧའེ་ཨན་ཀའོ་ཞིན་ཆུས་ཐན་ཀང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ང་ཚོའི་སྡེ་བར་སླེབས་ཡོད། ང་ཚོས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་འགྲོ་བའི་བྱ་བ་འབྲེལ་མཐུད་བྱས་པས། མ་འོངས་པར་ཅང་སུའུ་ཁེ་ལས་སུ་སྡེ་དམངས་སྐྱེལ་བའི་གྲངས་ཀ་ཇེ་མང་དུ་གཏོང་རྒྱུ་ཡིན་ལ། སྔོན་དཔག་བྱས་ན་མི་བཞི་བཅུ་ནས་ལྔ་བཅུ་ཡོད”ཟེར།

བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ། ཉི་མ་ནུབ་ལ་ཉེ་བ་དང་དཔའ་མཁར་རྒྱལ་གྱིས་བྲང་ཁར་བཏགས་པའི་ཏང་རྟགས་དེ་ནི་ཧ་ཅང་མངོན་པར་གསལ་བ་ཞིག་རེད། སྐབས་དེར་ཁོའི་སེམས་སུ་བབ་ཆགས་པའི་སྡེ་དམངས་རྣམས་དྲན་བཞིན་ཡོད་ལ། སྡེ་མི་རྣམས་ཀྱི་མ་འོངས་པའི་ལས་རིགས་དང་ཡོང་སྒོ་བསམ་སྐབས་ཁོའི་བློ་སྤོབས་སྔར་ལས་བརྟན་ལ་རིག་པ་ཡང་སྔར་ལས་གསལ་བོ་ཡིན།

ལོ་ཙཱ་བ། ཤ་བོ་རིན་མཚོ།