ཐོག་མའི་བསམ་འདུན་མི་བརྗེད་པར་དམངས་དོན་བསམ་པའི་མཐོ་སྒང་གི་དར་ཆ་དམར་པོ།
2019.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 76

བོད་རིགས་བུ་རྒོད་དོན་ལྡན་རྒྱལ་ནི་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཞང་སྟག་སྲོལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། 1978ལོའི་ཟླ་བདུན་པར་སྐྱེས་ལ། 2003ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོ་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཡིན་ལ། སྔ་རྗེས་སུ་རྫོང་རིམ་པའི“ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅི”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”དུ་བདམས།

དོན་ལྡན་རྒྱལ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་པ་དང་། ཁོ་ལ་གནམ་ས་གཡོ་བའི་བྱས་རྗེས་རླབས་ཆེན་མེད་མོད། འོན་ཀྱང་ཁོ་ལ་འབྲོག་པའི་བབ་ཆགས་དང་གཞོན་ནུ་ཚོའི་བློ་སྤོབས་ཡོད། 2004ལོར་མཚོ་ལྷོ་ཁུལ་འཕྲོད་བསྟེན་ལས་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཁོས་མཚོ་ལྷོ་ཁུལ་བོད་སྨན་ཁང་ནས་ལས་ཞུགས་བྱེད་པའི་གོ་སྐབས་བསྐྱུར་ནས་ཕྱིར་ཞོལ་མ་ཞང་སྟག་སྲོལ་སྡེ་བར་ཡོང་། སྐབས་དེར་སྡེ་བ་ཡོངས་སུ་རིག་གནས་ཡོད་པའི་མི་ཧ་ཅང་ཉུང་བས། ཁོ་ལ་འབྲོག་པ་མང་ཚོགས་ཀྱིས་གུས་བཀུར་དང་ཞང་ཏང་ཨུའི་འགོ་ཁྲིད་ཀྱི་ཁས་ལེན་ཐོབ། 2008ལོར་ཞོལ་མ་ཞང་སྟག་སྲོལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་བདམས་པ་དང་། 2011ལོར་སྟག་སྲོལ་སྡེ་བའི་ཏང་ཀྲི་པུའུ་སྐབས་བརྗེའི་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་མང་པོ་འཕངས་ནས་སྟག་སྲོལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་རེད།

དེ་སྔ་འདེམས་བསྐོ་བྱེད་ཐེངས་རེའི་འདེམས་ཤོག་ཚང་མའི་ནང་ཁོས་སྡེ་བ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱིས་རང་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་མཐོང་ལ། ཕྲག་ཏུ་བབས་པའི་འགན་འཁྲི་དང་གནོན་ཤུགས་དེ་བས་ཆེ་བ་ཚོར་བྱུང་། ལོ་ངོ་བཅུ་ཡི་འཕོ་འགྱུར་ཁྲོད། ཁོ་རང་ན་གཞོན་ཕོ་གསར་ཞིག་ནས་ཕུལ་བྱུང་གི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཏུ་གྱུར། ཁོས་སྣེ་ཁྲིད་འོག སྡེ་བའི་ཏང་ཀྲི་པུའུ་འགོ་ཁྲིད་ཚན་ཁག་གིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། བདེན་འཚོལ་དངོས་སྒྲུབ་དང་འབད་འཐབ་བྱེད་པའི་འགན་འཁུར་བ། དངོས་གནས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་པས། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་མི་ཚེའི་བགྲོད་ལམ་སྟེང་གི་མཛེས་སྡུག་ལྡན་པའི་འགྱུར་ཁུག་འབྲི་བཞིན་ཡོད།

དམངས་ཀྱི་དཀའ་གནད་སེལ་བ་དང་དམངས་ཚིས་ལ་ཕན་པའི་དོན་དངོས་སྒྲུབ་པ།

“ཞིང་སྡེའི་བྱ་བ་ཁ་ནས་གླེང་སྟེ་མ་སྒྲུབ་ན་མི་ཆོག་ལ། ལས་ན་སེམས་ཅན་གྱིས་མཐོང་རྒྱུ་ཡོད་པ་ཞིག་ལས་དགོས་པ་དང་། མང་ཚོགས་ཁྱོད་ལ་ཡིད་ཆེས་བྱེད་དུ་འཇུག་དགོས”ཞེས་པ་དེ་དོན་ལྡན་རྒྱལ་གྱིས་ལས་འགན་འཁུར་བ་ནས་བཟུང་ཚན་ཁག་གི་ཁོངས་མིར་བཤད་པའི་སྐད་ཆ་ཆེས་མང་བ་རེད། 2011ལོའི་ཟླ་བཞི་བར་སྟག་སྲོལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་རྗེས། ཁོས་སེམས་སུ་ནམ་ཡང་ངར་ཤུགས་ཤིག་བསྒྲིམས་ཡོད། དེ་ནི་རང་ཉིད་ཧྲུའུ་ཅི་བྱེད་པའི་ལོ་དེ་དག་གི་ནང་སྡེ་བའི་ཡུལ་མི་ཚོར་བྱ་བ་ཞིག་བསྒྲུབ་ཐུབ་སྙམ་མོད། འོན་ཀྱང་རྗེས་ལུས་ཀྱི་རང་བྱུང་ཁོར་ཡུག་དང་ཚད་ཡོད་ཀྱི་འཕེལ་རྒྱས་ཆ་རྐྱེན་གྱི་མདུན་དུ་ཁོ་ལ་སེམས་ཤུགས་ཡོད་རུང་ནུས་ཤུགས་ཀྱིས་འདང་བཞིན་མེད། 2015ལོར། རྫོང་ཡོངས་ཀྱི་དམིགས་བསལ་རིགས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གོ་སྐབས་ཆེན་མོར་བརྟེན་ནས། སྟག་སྲོལ་སྡེ་བར་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཐེངས་དེར་ཁོ་ལ“རྩལ་ནུས་འདོན་པའི”གོ་སྐབས་ཡག་པོ་ཞིག་བྱུང་། དེར་བརྟེན་གོང་རིམ་གྱི་དབུལ་སྐྱོར་མཁྲེགས་གཏོར་ལས་འགན་སྒྲུབ་པའི་དུས་དེ་ནས་བཟུང་། ཁོས་སེམས་སུ་དཀའ་ངལ་ཡོད་ཚད་ཁྱད་བསད་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད།

རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གིས2015ལོའི་ཟླ་བདུན་པའི་ཟླ་མཇུག་སྔོན་སྟག་སྲོལ་སྡེ་བའི་འབྲོག་པ་ཁྱིམ་ཚང་བརྒྱ་དང་ཞེ་གཅིག་གི་སྡོད་ཁང་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས་པའི་རེ་བ་བཏོན། ཁང་བ་བརྒྱ་དང་ཞེ་གཅིག་གི་འཛུགས་སྐྲུན་ལས་འགན་དེ་མི་གྲངས་གཅིག་བསྡུས་ཡིན་པའི་རོང་ཕྱོགས་སུ་མཚོན་ན་བྱ་བ་དེ་འདྲ་ལྕི་མོ་ཞིག་མིན་མོད། འོན་ཀྱང་། མཚོ་ངོས་ལས་མུས་བཞི་སྟོང་ཡས་མས་དང་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད་པ་དང་། སྡོད་གནས་ཐ་ཐོར་ཡིན་པ་མ་ཟད་ འགྲིམ་འགྲུལ་སྟབས་མི་བདེ་བ། ཐ་ན་ལམ་ཡང་མེད་པའི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བར་མཚོན་ན། ལས་འགན་གྱི་ལྕི་ཚད་དེ་ཞིང་ལས་གཉེར་བའི་སྡེ་བ་དཀྱུས་མ་ཞིག་གི་ལྡབ་ཁ་ཤས་སམ་ཡང་ན་ལྡབ་བཅུ་ཕྲག་འགའ་རེད། ཞིང་ལས་ས་ཁུལ་གྱིས་མི་ཤུགས་དང་དུས་ཚོད་འོས་འཚམ་གྱི་ནང་ལེགས་འགྲུབ་འབྱུང་བའི་ལས་ཀ་དེ་འབྲོག་ཁུལ་གྱི་གནས་དེ་རུ་མི་ཤུགས་དང་སེམས་ཤུགས། དངོས་ཤུགས། དུས་ཚོད་བཅས་སྔར་ལས་མང་བ་སྤྱད་ན་གཞི་ནས་ལེགས་འགྲུབ་འབྱུང་ཐུབ་པ་རེད། དེ་ལྟ་བུའི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་སྟག་སྲོལ་སྡེ་བའི་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱི་བསམ་བློར་གཡོ་འགུལ་ཐེབས་མགོ་བརྩམས་ཤིང་། དེ་མུར་སྒྱིད་ལུག་གི་གཏམ་བརྗོད་ཁ་ཤས་ཏང་ཡོན་དང་མང་ཚོགས་ཁྲོད་དར་ཁྱབ་བྱུང་བ་དང་། སྡེ་མི་རྣམས་ཀྱི་སྒྱིད་ལུག་གི་རྣམ་འགྱུར་མདུན་དུ་ཁོས་སྡེ་མི་རྣམས་ལ་གནས་ལུགས་བརྗོད་ནས་ཁ་བརྡ་བྱས་པ་མ་ཟད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱ་ཆེའི་སྡེ་མི་དང་ཏང་ཡོན་ལས་བྱེད་པའི་ཡིད་ཆེས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད།  དེར་བརྟེན་ཁོས་མྱུར་དུ་སྟག་སྲོལ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཚོགས་འདུ་འཚོགས་པ་དང་། ཚན་ཁག་གི་ཁོངས་མིར་བསམ་བློ་བརྗེ་རེས་ཟབ་མོ་བྱས་པ་དང་ཚན་ཁག་ནང་ཁུལ་གྱི་བསམ་བློ་གཅིག་གྱུར་བྱས་རྗེས། ཁོས་ཏང་ཀྲི་པུའི་ཧྲུའུ་ཅིའི་ཐོབ་ཐང་གིས་ཏང་ཀྲི་པུའུ་ཡི་ཚབ་བྱས་ཏེ་ཞང་ཏང་ཨུ་དང་སྡེ་བའི་ཏང་ཡོན་མང་ཚོགས་ལ་སྤུས་ཚད་ཁག་ཐེག་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་དུས་ལྟར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཁས་ལེན་བྱས་པས། རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱི་བློ་སེམས་བདེ་རུ་བཅུག

རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དཔུང་ཁག་སྟོབས་ཆེར་བཏང་སྟེ་འཕེལ་རྒྱས་ལ་ཡར་སྐུལ་བྱས།

བསམ་བློའི་གནད་དོན་ཐག་གཅོད་བྱས་རྗེས་ཁོས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ལེགས་སྒྲུབ་བྱེད་པར་ཡིད་ཆེས་དང་ཆོད་སེམས་ཡོད་པ་ཙམ་གྱིས་མི་འགྲིག་པར། ད་དུང་སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱད་དེ་ལས་ཀའི་ཁྲོད་སྟོབས་ཤུགས་གཅིག་བསྡུས་བྱས་ན། ད་གཟོད་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་ཡར་སྐུལ་བྱེད་ཐུབ་ཅེས་བཤད། ངོས་ཟིན་དེ་གཞིར་བཟུང་ནས། ཁོས་སྟག་སྲོལ་སྡེ་བའི་ཏང་ཀྲི་པུའུ་ཡོངས་ཀྱི་སྣེ་ཁྲིད་དེ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བརྩོན་ལེན་བྱེད་པའི་རྨང་གཞིའི་སྟེང་། “ཏང་འཛུགས་སྐྱོང་བྱ་བའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས”ཞེས་པའི་གྲོས་གཞི་བཏོན་པས། ཚང་མས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ལ་མགྱོགས་མྱུར་ངང་དོན་འཁྱོལ་བྱུང་།

ཚན་ཁག་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། སྡེ་བ་ཡོངས་ཀྱི་ལས་གཞི་ལག་བསྟར་བྱ་ཡུལ་ཁག་ཏུ་འགན་འཁྲིའི་ས་ཁུལ་དབྱེ་བ་དང་ཚན་ཁག་གི་ཁོངས་མིས་འགན་འཁྲིའི་ས་ཁུལ་ངོས་འཛིན་རྩིས་ལེན་བྱས་ཏེ། རང་སོ་སོའི་འགན་ཁུར་ས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་བྱ་བར་འགན་གཙང་ལེན་བྱེད་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་རང་སོ་སོའི་འགན་ལེན་ས་ཁུལ་ངོས་འཛིན་རྩིས་ལེན་བྱེད་པའི་རྨང་གཞིའི་སྟེང་ས་ཁུལ་ཡོངས་ཀྱི་འགན་ཁུར་བ་དང་། ལས་གཞི་ལག་བསྟར་ཁྲོད་ཀྱི་རྩ་འཛུགས་མཐུན་སྦྱོར་བྱ་བར་ཕྱོགས་ཡོངས་ནས་འགན་ཁུར་བྱས། དཔུང་ཁག་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྟོབས་ཤུགས་ཆེན་པོ་ཞིག་འདོན་སྤྲོད་བྱེད་དགོས། ཏང་ཡོན་གྱི་ཞབས་ཞུའི་ཁས་ལེན་ལག་བསྟར་དང་སྡེ་བ་རིམ་པའི་གོ་གནས་མེད་པའི་ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གཏན་འཁེལ་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་གི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་ཡོད་པའི་ཏང་ཡོན་གཅིག་ཏུ་བསྡུས་ནས་ས་ཁོད་སྙོམས་པའི་རུ་ཁག་དང་། རྒྱུ་ཆ་སྐྱེལ་འདྲེན་རུ་ཁག རྒྱབ་ཕྱོགས་མཁོ་འདོན་ཞབས་ཞུའི་འགན་ལེན་རུ་ཁག་སོགས་ཀྱི་དཔུང་ཁག་བཙུགས་ནས། ཏང་ཡོན་ཚང་མ་དེ་མཚུངས་ཀྱི་དཔུང་ཁག་ནང་བཅུག་སྟེ། ཁོ་ཚོར་དངོས་ཡོད་ཀྱི་ནུས་པ་འདོན་དུ་བཅུག་པ་མ་ཟད། བྱ་བའི་ཁྲོད་ཁོ་ཚོའི་ཞབས་ཞུའི་ཁས་ལེན་བྱ་བ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས། དེ་དང་ཆབས་ཅིག“འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་སྡེ་བའི་ལས་བྱེད་པ་རྒན་གྲས་སོགས་ཀྱི“རྒན་གྲས་གསུམ་གྱི་མི་སྣ”ཧུར་ཐག་གིས་རྩ་འཛུགས་བྱས་ནས། ལས་གཞི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། ལས་ཀ་ལས་པའི་བརྒྱུད་རིམ་ཁྲོད་ལས་ཀའི་མྱུར་ཚད་དང་བཟོ་སྐྲུན་གྱི་སྤུས་ཚད་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས་པས། ལས་གཞི་འཛུགས་སྐྲུན་བྱ་བ་བརྟན་བརླིང་ངང་སྐུལ་འདེད་བྱེད་པར་ཁག་ཐེག་བྱས། སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་བྱ་བའི་སྤྱོད་ཚུལ་བཟང་པོ་ཞིག་བཏོད་དགོས། ཉེ་བའི་ལོ་འགའི་རིང་སྡེ་བ་རིམ་པའི་ལས་གཞི་འཛུགས་སྐྲུན་ཐད་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ཡོད་པར་དམིགས་ཏེ། ཁོས་སྡེ་བའི་ལས་བྱེད་པར་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་དམ་འཛིན་བྱེད་པའི་ལམ་ལུགས་བཙུགས་ཏེ་དབུལ་སྐྱོར་མཁྲེགས་གཏོར་འཛུགས་སྐྲུན་ནང་ཞུགས་མཁན་གྱི་སྡེ་བའི་ལས་བྱེད་པ་དང་ཏང་ཡོན་ཚང་མར་བཟའ་བཏུང་དང་། གསོལ་མགྲོན་བྱེད་པ། བཟོ་སྐྲུན་ཁག་བགོས་འགན་གཙང་ལེན་བྱེད་པ། དེ་བཞིན་ལྐོག་རྔན་ལེན་པ་སོགས་ཀྱི་སྣང་ཚུལ་འབྱུང་མི་ཆོག་པ་དང་། འབྲེལ་ཡོད་ཀྱི་ཐག་གཅོད་བྱེད་ཐབས་གཏན་འཁེལ་བྱས་ལ། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རུལ་སུངས་སྣང་ཚུལ་སྔོན་འགོག་བྱ་རྒྱུར་སྔོན་འགྲོའི་ཆ་རྐྱེན་ཡག་པོ་ཞིག་བཏོད་ཡོད། བསམ་བློའི་སློབ་གསོར་དམ་འཛིན་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།  ཀྲི་པུའུ་ཡི་ཁོངས་མི་དང་རྒྱ་ཆེའི་ཏང་ཡོན་གྱིས་གཅིག་བསྡུས་སྒོས་སློབ་སྦྱོང་བྱ་འགུལ་སྤེལ་བར་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱིས་དངོས་སུ་སྣེ་ཁྲིད་དེ་ཅའོ་ཡུས་ལུའུ་དང་ཧྲིན་ཧའོ། ཡང་ཧྲན་ཀྲིག་སོགས་སྔོན་ཐོན་མི་སྣའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་ཏང་ཡོན་རྣམས་ཀྱིས་སྔོན་ཐོན་མི་སྣར་མིག་དཔེ་ལྟ་དགོས་པའི་སློབ་གསོ་བཏང་བ་མ་ཟད། ཚང་མས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱ་རྒྱུ་དང་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། སྔོན་ཐོན་མི་སྣའི་བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས། སྔོན་ཐོན་ལ་སློབ་སྦྱོང་བྱས་པ་དང་བྱ་བ་ཡང་དངོས་འབེབ་བྱས་པས། ཚང་མས་གདེང་འཇོག་ལེགས་པོ་ཐོབ་ཡོད།

སྡེ་བའི་ཏང་ཀྲི་པུའུ་ལ་འཐབ་འཛིང་ནུས་པ་ལྡན་མིན་དང་། སྡེ་བའི་ལས་བྱེད་པར་མང་ཚོགས་ཀྱི་སེམས་སུ་རྒྱབ་སྐྱོར་ཡོད་མེད་དེ་གཙོ་བོ་ཏང་ཀྲི་པུའུ་ཡིས་མཐུན་སྒྲིལ་བྱེད་ཐུབ་མིན་དང་། གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མངོན་གསལ་དང་དྲང་བདེན། འདྲ་མཉམ་བཅས་གཙིགས་སུ་འཛིན་ཐུབ་མིན་ལ་རག་ལས་ཡོད། ཀྲི་པུའུ་ཡི་མཐུན་སྒྲིལ་བཟང་བོར་བྱ་ཆེད། ཁོས་ཐོག་མཐའ་བར་གསུམ་དུ་ཆེ་ཕྱོགས་གཙོར་བཟུང་ཞིང་། མཐུན་སྒྲིལ་ལ་མི་ཕན་པའི་དོན་མི་བྱེད་པ་དང་མཐུན་སྒྲིལ་ལ་མི་ཕན་པའི་གཏམ་མི་བཤད་པ་རྒྱུན་འཁྱོངས་བྱས། ཁྱད་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས། ཁོས་མཐུན་སྒྲིལ་དེ་གོང་བུར་འདྲིལ་ཤུགས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བྱས་པ་དང་། མཐུན་སྒྲིལ་བྱས་ན་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་འགྲོ་བ་དང་མཐུན་སྒྲིལ་ལས་གྲུབ་འབྲས་ཐོན་ཐུབ་པར་ཡིད་ཆེས་བརྟན་པོ་བྱས་ཏེ། ཉིན་རྒྱུན་གྱི་འཚོ་བ་དང་བྱ་བའི་ཁྲོད་གང་ནུས་ཀྱིས་འགོ་ཁྲིད་ཚན་ཆུང་གི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་པ་དང་། གནད་དོན་ལ་འཕྲད་ན་ཏང་ཀྲི་པུའུ་ཡི་ཨུ་ཡོན་ཚང་མ་དང་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་ལྟ་ཚུལ་ལ་ཉན། མི་སྒེར་གཅིག་གིས་སྐད་ཆ་གཅིག་ཆོད་ཀྱིས་ཐག་གཅོད་བྱེད་པ་མ་ཡིན་པར། སྡེ་བའི་གནད་དོན་གལ་ཆེན་གྱི་ཐབས་ཇུས་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་སྐབས་དྲང་བདེན་དང་འདྲ་མཉམ། མངོན་གསལ་བཅས་རྒྱུན་འཁྱོངས་བྱས། ཁོས་རེ་འདོད་བཏོན་པ་ལྟར། སྡེ་བའི་ནང་དུ་སྡེ་དོན་དང་ནོར་སྲིད། ཏང་དོན་བཅས་གསུམ་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། བྱ་བའི་གསལ་ཚད་ཇེ་ཆེར་བཏང་བ་དང་བར་ཁྱད་དང་དོགས་གཞི་སེལ་བར་མ་ཟད། མང་ཚོགས་ཀྱི་བཟོད་སྒོམ་དང་རྒྱབ་སྐྱོར་ཐོབ་ཡོད། ལོ་མང་བོའི་རིང་ལ། སྡེ་བའི་ནང་དུ་སྡེ་དོན་དྲང་བདེན་མིན་པ་ལས་བྱུང་བའི་ཞུ་གཏུག་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད།

ལོ་ངོ་བཅུ་ཕྲག་འགའི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་དམངས་དོན་བསྒྲུབ་པའི་ལྷག་བསམ་དཀར་པོ་མ་ཉམས་པར་ཡོད། ལོ་མང་བོའི་རིང་ལ། དོན་ལྡན་རྒྱལ་གྱིས་ཉམས་པ་མེད་པའི་བརྩེ་སེམས་ཆེན་མོ་དང་། མང་ཚོགས་ཀྱི་ཁེ་ཕན་བསམ་པའི་བློ་སྤོབས་ཆེན་པོས་རང་ཉིད་ཀྱི་བྱ་བའི་ལས་གནས་སྟེང་བློ་འགྱོད་སྤུ་ཙམ་ཡང་མེད་པའི་སྒོ་ནས་དཀའ་སྤྱད་སྡུག་རུས་དང་སྒེར་སེམས་མེད་པར་ཡོད་ཚད་གཞན་ལ་ཕུལ། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ལས་ཏང་དང་མི་དམངས་ལ་ཡིད་ཚིམས་པའི་རྒྱུགས་གཞི་ཞིག་སྤྲད་ཡོད་པ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།