དུས་རབས་ཀྱི་འཕོ་འགྱུར་དང་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་དང་བསྟུན་ནས། དམངས་གཞས་སྒྱུ་རྩལ་གྱི་གར་སྟེགས་དེར་ཆ་བཞག་ན། ཉེ་དུས་དམངས་གཞས་ཀྱི་དབྱངས་དང་ཚིག རྣམ་པ་བཅས་ཀྱི་ཐད་འགྱུར་བ་གསར་པ་འབྱུང་བཞིན་ཡོད་པ་དང་། གླུ་གཞས་གཏོང་སྲོལ་ཐད་ལ་ཡང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། འོན་ཀྱང་སྔར་བཞིན་སྲོལ་རྒྱུན་གྱི་དམངས་གླུ་ལ་དགའ་ཞེན་ཆེ་བའི་ན་གཞོན་ཡང་མང་པོ་ཡོད། དམངས་གླུ་ནི་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ལས་བྱུང་སྟེ། ཁོང་ཚོའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ངག་གི་འགྱུར་ཁུག་ལ་དྲངས་ནས་ཐོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། སྲོལ་རྒྱུན་དམངས་གླུ་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཕུན་སུམ་ཚོགས་པའི་ནང་དོན་ལྡན་པ་དང་། དེར་སྙན་འཇེབས་ཀྱི་དབྱངས་རྟ་ལྡན་ལ། ས་གནས་ཀྱི་ངོ་མཚར་ཁྱད་ཆོས་སོགས་ཀྱང་འདུས་ཡོད། ས་ཆ་སོ་སོའི་འཚོ་བའི་གནས་བབ་མི་འདྲ་བའི་དབང་གིས་དམངས་གླུ་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཆགས་ཡོད།
གཡུ་སྒྲོན་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་ཞིང་། ཆུང་དུས་ནས་དམངས་གླུ་ལེན་རྒྱུར་ཧ་ཅང་དགའ། ཁོ་མོ་ལོ་དགུ་ཙམ་ནས་བཟུང་། བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་བ་ཆེས་ཆེར་འཕེལ་ནས་འབད་པ་ལྷོད་མེད་བྱས།
དམངས་ཁྲོད་སྒྱུ་རྩལ་མཁས་ཅན་དགེ་རྒན་དཔལ་མགོན་སོགས་ལ་བསྟེན་ནས་དམངས་གཞས་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ཞིག་ཁོང་དུ་ཆུད་པར་བྱས་ཤིང་། དེས་རྗེས་ཕྱོགས་སུ་གླུ་གཞས་ལམ་བུར་བསྐྱོད་རྒྱུར་རྨང་གཞི་ངེས་ཅན་བཏིང་། ཁོ་མོས་ལོ་བཅུ་བཞིའི་རིང་། མུ་མཐུད་དུ་རང་གི་དགའ་ཕྱོགས་དེའི་རྒྱུན་བསྐྱངས་པ་དང་། འཁང་ར་ཅི་ཡང་མེད་པར་དམངས་གཞས་སྒྱུ་རྩལ་གྱི་དཀྲོལ་རྡུང་འབུད་གསུམ་ལ་འབད་པོ་ཆེན་པོས་སྦྱང་བརྩོན་བྱས་མཐར། ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེར་ཚང་མའི་དགའ་བསུ་ཆེན་པོ་ཐོབ།
དམངས་གླུ་ལ་དགའ་ཞེན་ཆེ་བའི་ན་གཞོན་གླུ་མ་ཞིག་ཡིན་པའི་ངོས་ནས། ཁོ་མོས་བརྩོན་པ་ཆུ་མོའི་རྒྱུན་དང་འགྲོགས་ནས་རང་གི་དགའ་ཕྱོགས་དེར་འབད་པ་བྱས་མཐར། དམངས་གླུ་འགྲན་བསྡུར་སྣ་ཚོགས་སུ་ཞུགས་པའི་གོ་སྐབས་ཐོབ་ནས་མཚན་སྙན་དང་བྱ་དགའ་མང་པོ་ཐོབ་མྱོང་།
ད་བར་དུ་ཁོ་མོ་སྔ་རྗེས་སུ་རྒྱལ་ཡོངས་རིམ་པའི་འགྲན་བསྡུར་མང་པོའི་ཁྲོད་ཞུགས་མྱོང་པ་དང་དགའ་རྟགས་ཀྱང་གང་མང་ཐོབ་མྱོང་། དཔེར་ན། སྤྱི་ལོ2015ལོའི༼རྒྱལ་ཡོངས་མི་ཆུང་རྟགས་མ༽ཡི་ལ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་དང་། སྤྱི་ལོ2015ལོའི༼ཀྲུང་གོའི་འདུན་མ༽ཞེས་པའི་བརྗོད་དོན་གཙོ་བོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་གླུ་གཞས་འགྲན་ཚོགས་ལས་འགྲན་རིམ་གྱི་རྟིང་རྩོད་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་ལ། རྒྱལ་ཡོངས་སྐབས་གཉིས་པའི་སློབ་ཆེན་སློབ་མའི་གངས་རྒྱན་མེ་ཏོག་སྙན་ངག་གྱེར་འདོན་འགྲན་བསྡུར་ཁྲོད་གཟི་བརྗིད་ལྡན་པའི་གཞས་མའི་མཚན་སྙན་བྱ་དགའ་ཐོབ་མྱོང་ཡོད་པ་དང་། སྤྱི་ལོ2007ལོར༼ཀྲུང་གོ་རྨ་ཆུ་གེ་སར༽ཞེས་པའི་བརྗོད་དོན་གཙོ་བོའི་རྡུང་ལེན་སྒྱུ་རྩལ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། སྤྱི་ལོ2014ལོའི༼ཞིན་ཧྭ་རྟགས་མའི་ཚྭ་འདམ་སྐར་མ༽ཞེས་པའི་ན་གཞོན་འགྲན་ཚོགས་ལས་བྱ་དགའ་ཨང་གཉིས་པ་ཐོབ། 2008ལོའི་མཚོ་ནུབ་ཁུལ་དང་པེ་ཅིང་གི་མཛའ་འབྲེལ་འཁྲབ་སྟོན་སོགས་སུ་མཚོ་སྔོན་དང་མཚོ་ནུབ་ཀྱི་འཐུས་ཚབ་ཏུ་ཞུགས་མྱོང་བ་དང་། སྤྱི་ལོ2009ལོའི་ཀྲུང་གོ་དམངས་གླུ་སྤྲོ་ཚོགས་སོགས་སུ་གདན་འདྲེན་ཞུས་པ། སྤྱི་ལོ2015ལོའི་བོད་ཀྱི་དམངས་གླུའི་འགྲན་ཚོགས་ཆེན་མོ་དང་སྤྱི་ལོ2016ལོའི་ཀྲུང་གོའི་ཚྭ་འདམ་དམངས་གཞས་སྤྲོ་ཚོགས་ཆེན་མོ་སོགས་སུ་ཞུགས་མྱོང་། སྤྱི་ལོ2017ལོའི་མཚོ་ནུབ་ཁུལ་བོད་ཀྱི་དམངས་གླུ་འགྲན་སྡུར་གྱི་སྐབས་དང་པོར་ཆེད་ཞུས་དཔྱད་འདེམས་པ་དང་ཁུ་ནུ་རྩོམ་རིག་བྱ་དགའི་བོད་རིགས་རྩོམ་པ་པོ་བཅུ་གཅིག་བདམས་ཐོན་བྱུང་བའི་ནང་དུའང་ཚུད་མྱོང་བ་མ་ཟད། མཐོ་སྒང་གི་མགྲིན་ཚབ་གླུ་མའི་ཚབ་བྱས་ཏེ། ནང་ལོག་སོགས་སུ་འཁྲབ་སྟོན་ལ་ཕྱིན་པས་བྱ་དགའ་དང་བསྔགས་བརྗོད་རབ་དང་རིམ་པ་མང་པོ་ཐོབ།
ཁོ་མོའི་གླུ་གཞས་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼གངས་དཀར་ཕྱོགས་ལས་སྲས་མོ་༽ ཞེས་པ་བདེ་ལེགས་ངང་ཕབ་སྐྲུན་འགྲེམས་སྤེལ་བྱས། དེ་ནི་གླུ་མ་གཡུ་སྒྲོན་འཚོས་དམངས་གླུའི་རིག་གནས་ལ་བཞག་པའི་ལེགས་སྐྱེས་ཆུང་ཆུང་ཞིག་དང་ཁོ་མོ་རང་ཉིད་སྒྱུ་རྩལ་གྱི་ལམ་ལ་ཞུགས་པའི་གོམ་སྟབས་དང་པོ་དེ་ཡིན་པ་མཚོན་ཡོད། བརྙན་འཁོར་འདི་ནི་གཞས་མ་ཞིག་གིས་རང་གི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དུང་ཞེན་གྱི་ཕུགས་སུ་རུམ་ཞིང་དམངས་ཁྲོད་ཀྱི་གླུ་དབྱངས་སྙན་མོ་ལྷན་སྐྱེས་ངག་ལ་གྱེར་ནས་བསྟོད་བསྔགས་བྱས་པ་དེ་མངོན་ཡོད།
དམངས་གླུ་ནི་རང་རྒྱལ་མི་རིགས་རོལ་མོའི་བང་མཛོད་ཁྲོད་ཀྱི་འོད་འཚེར་མུ་ཏིག་རྡོག་གཅིག་དང་། ཀྲུང་ཧྭ་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག དམངས་གླུའི་ཐད་དགའ་ཞེན་ཆེ་བའི་གྲོགས་པོ་རྣམས་ཀྱི་འཛད་པ་མེད་པའི་བསམ་པའི་ལོངས་སྤྱོད་ཅིག་བཅས་རེད། ན་གཞོན་དམངས་གླུ་མཁས་ཅན་གཡུ་སྒྲོན་མཚོ་ནི་དམངས་གླུའི་རིག་གནས་ལ་ཚོན་མདངས་བསྩལ་མཁན་ཞིག་དང་། སྒྱུ་རྩལ་རིག་གནས་འདི་ལ་བསམ་གཞིགས་བྱེད་མཁན་གྱི་ན་གཞོན་ཞིག་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།