ལྷ་འབུམ་རྒྱལ་གྱིས་ལོ་ངོ་ཉི་ཤུའི་རིང་མི་ཧྲེང་རྒན་རྒོན་ལ་བདག་སྐྱོང་བྱས།
2019.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉེ་ལམ། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཕན་པའོ་སྡེ་བ་རུ་ལོ་ལྔ་བཅུ་ལ་སླེབས་པའི་བོད་རིགས་ཕོ་རྒོད་ལྷ་འབུམ་རྒྱལ་མཐོང་བྱུང་། ཁོས་ལོ་དགུ་བཅུ་ལ་སླེབས་པའི་ཨ་མ་རྒན་མོ་བཀྲ་བཀྲ་སྐྱོར་ནས་ཁང་པའི་ཕྱི་རུ་ཉི་མར་ལྡེ་རུ་ཡོང་བཞིན་ཡོད། “ཨ་མ། ད་རླུང་གཡུག་གིན་མེད་པས། འདི་ནས་ཉི་མ་ལྡེ་བཞིན་སྡོད་ཞེས་སྐད་ཆ་བཤད་ཞོར་ལྷ་འབུམ་རྒྱལ་གྱིས་ཨ་མའི་རྐང་བ་བལ་ཕྱར་གྱིས་བཏུམ།

ལྷ་འབུམ་རྒྱལ་གྱིས་ལོ་ངོ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་སྣང་ནས་མི་ཧྲེང་རྒན་རྒོན་གཉིས་ལ་བདག་སྐྱོང་ལེགས་པོ་བྱས། ཁྱིམ་དུ་ཁོ་ནི་ཁྱོ་ག་བཟང་བོ་ཞིག་དང་ཨ་ཕ་བཟང་བོ་ཞིག་ཡིན་པ་དང་། སྡེ་བའི་ནང་དུ་ཁོ་ནི་གཤིས་བཟང་དང་གཞན་ཕན་གྱི་ལས་ལ་བརྩོན་མཁན་ཞིག་ཡིན་པས། མང་ཚོགས་རྣམས་ཀྱིས་རྩྭ་ཐང་སྟེང་གི་ལའེ་ཧྥིན་གསོན་པོ་ཞེས་འབོད་ཀྱིན་ཡོད་ལ། ཁོའི་མིང་གླེང་ཚེ་སྡེ་མི་རྣམས་ཀྱིས་ཁོ་ལ་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད།

ལྷ་འབུམ་རྒྱལ་གྱིས་ཆུང་དུས་ནས་ཕ་མའི་མདུན་ནས་མི་བཟང་པོ་ཞིག་ཇི་ལྟར་བྱེད་དགོས་པ་ཤེས་ཡོད། ཁོ་ལ་ཀུན་སྤྱོད་ལེགས་པོ་ཞིག་ཡོད་ཅིང་། བརྩོན་བསྲི་ཁྱིམ་སྐྱོང་དང་རྒན་བཀུར་བྱིས་སྐྱོང་། གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་བཅས་ནི་ཁོའི་སྤྱོད་ཚུལ་ཡིན་ལ། འབྲོག་པ་ཚོས་རུ་བ་སྤོར་སྐབས་ཁོས་དུས་རྒྱུན་དུ་དུས་ཚོད་བཙལ་ཏེ་ཡུལ་མི་ཚོར་དངོས་པོ་བསྡུ་གསོག་རྒྱག་རོགས་བྱེད་ཀྱིན་ཡོད། གལ་ཏེ་སྡེ་བའི་ནང་གི་མི་ལ་ནད་ཕོག་ནས་རྫོང་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་དགོས་ཚེ། ཁོས་རང་འགུལ་སྒོས་སྨན་རིན་སྔོན་ལ་སྤྲོད་རོགས་བྱེད་པ་དང་ནོར་ལུག་འཚོ་རོགས་བྱེད་བཞིན་ཡོད། འབྲོག་པ་མང་ཚོགས་ཚང་མས“ལྷ་འབུམ་རྒྱལ་ནི་སེམས་བཟང་ཞིག་ཡིན་པ་དང་དོན་བཟང་མང་པོ་བསྒྲུབས་ཡོད། ཁོ་ནི་ང་ཚོའི་སྡེ་བ་ཡོངས་ཀྱི་ལ་རྒྱ་ཡིན་ལ། ང་ཚོ་ཚང་མས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་ཀྱང་ཡིན་ཟེར་བཞིན་ཡོད།

1999ལོར། ལྷ་འབུམ་རྒྱལ་གྱིས་སྡེ་བའི་ནང་མི་ཧྲེང་རྒན་རྒོན་གཉིས་ཀྱི་འཚོ་བར་དཀའ་ངལ་ཡོད་པ་མཐོང་སྐབས། ཁོས་ཁོ་ཚོར་རོགས་རམ་བྱེད་འདོད་ཡོད། ཁོས་ཆུང་མར་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དང་། ཆུང་མ་ལྷ་མོ་ཡིས་རྒྱབ་སྐྱོར་ཐོབ་རྗེས་རྒན་རྒོན་གཉིས་ཆ་རྐྱེན་བཟང་རྒྱུ་མེད་པའི་ཁྱིམ་དུ་ཁྲིད་ནས་བདག་སྐྱོང་བྱས། ལོ་ནས་ལོ་བར་དང་ཉིན་རེ་ལས་ཉིན་རེ་མ་འདས་པར་ཁོང་བཟའ་ཟླ་གཉིས་ཀྱིས་དུས་ཚོད་མང་ཆེ་བར་རྒན་རྒོན་ལ་བདག་སྐྱོང་བྱེད་བཞིན་ཡོད། དུས་ཚོད་གཏན་འཁེལ་བྱས་ཏེ་རྒན་རྒོན་གཉིས་ཀྱི་ལྭ་བ་བརྗེ་སྤོར་བྱས་ནས་བཀྲུ་བ་དང་། ཟ་རྒྱུ་ཞིམ་པོ་ཡོད་ཚེ་སྔོན་ལ་རྒན་རྒོན་གཉིས་ལ་སྟེར་བཞིན་ཡོད། རྒན་རྒོན་གཉིས་ཀྱི་ལུས་ཕུང་ཅུང་ཙམ་མི་བདེ་ཚེ་ལྷ་འབུམ་རྒྱལ་གནས་གང་དུ་ཡོད་རུང་ཕྱིར་ཁྱིམ་དུ་ལོག་བཞིན་ཡོད། ཁོ་བཟའ་ཟླ་གཉིས་ཀྱིས་རྒན་རྒོན་གཉིས་ལ་བདག་སྐྱོང་བཟང་བོ་བྱས་པས་རྒན་རྒོན་གཉིས་ཀྱི་གདོང་ལ་ནམ་ཡང་འཛུམས་ཀྱིས་ཁེངས་ཡོད།

ལོ་རེའི་དབྱར་ཁ་ནི་རྩྭ་ཐང་གི་འབྲོག་པ་ཆེས་བྲེལ་ཟིང་ཆེ་བའི་དུས་ཡིན་ལ། རྒན་རྒོན་གཉིས་ལོ་ན་ཆེ་བས་ཁོ་ཚོ་དང་མཉམ་དུ་ས་བབ་མཐོ་བའི་དབྱར་སྟོན་རྩྭ་ས་རུ་འགྲོ་མི་ཐུབ་པས། རྒན་རྒོན་རྣམས་ལ་བདག་སྐྱོང་ལེགས་པོ་བྱ་ཆེད། ལྷ་འབུམ་རྒྱལ་གྱིས་ཆེད་དུ་བདག་སྐྱོང་མི་སྣ་གདན་ཞུ་བྱས་ཏེ་དགུན་ས་རུ་རྒན་རྒོན་གཉིས་ཀྱི་བཟའ་བཏུང་དང་འགྲོ་འདུག་སྤྱོད་གསུམ་ལ་བདག་སྐྱོང་བྱེད་དུ་བཅུག བྲེལ་བ་ཇི་འདྲ་ཆེ་བ་དང་ལམ་ཐག་ཇི་འདྲ་རིང་ཡང་ལྷ་འབུམ་རྒྱལ་གྱིས་དུས་ཚོད་བཙལ་ནས་རྒན་རྒོན་གཉིས་ལ་ལྟ་རུ་འགྲོ་བཞིན་ཡོད།

ཨ་ཡེ་བཀྲ་བཀྲ་ཡིས“ཁོ་ཚོ་ནི་ང་ཚོས་ཤ་ལས་མཆེད་པའི་བུ་ཕྲུག་མིན་ཡང་། འོན་ཀྱང་ཁོ་ཚོས་བདག་སྐྱོང་བྱས་པ་རང་ཉིད་ཀྱི་བུ་ཕྲུག་ལས་ཀྱང་བཟང་བས། ངའི་འཚོ་བའི་མཛེས་སྡུག་ཚོར་བྱུང་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོད་སྐྱིད་ཚོར་བྱུང་བ་དང་། རང་ཉིད་ནི་འཇིག་རྟེན་འདིའི་སྟེང་བསོད་ནམས་ཆེས་ཆེ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་ཟེར།      2014ལོར། ལོ་གྱ་དྲུག་ལ་སླེབས་པའི་བགྲེས་པོ་ཀླུ་རྒྱལ་ནད་བྱུང་ནས་ཚེ་ལས་འདས་པ་དང་། ལྷ་འབུམ་རྒྱལ་གྱིས་བོད་རིགས་ཀྱི་གོམས་སྲོལ་ལ་ལྟར་བགྲེས་པོ་ཀླུ་རྒྱལ་ལ་རྗེས་འཇུག་ཞིབ་ཚགས་པ་ཞིག་བྱས། ཁེར་རྐྱང་དུ་ལུས་པའི་ཨ་ཡེ་བཀྲ་བཀྲ་ཡིས་ཉིན་རྒྱུན་སེམས་སྐྱོ་ནས་མཆི་མ་འདོན་བཞིན་ཡོད། ཨ་ཡེ་བཀྲ་བཀྲ་ཡི་སེམས་ལྷོད་ལྷོད་བྱ་ཆེད། ལྷ་འབུམ་རྒྱལ་བཟའ་ཟླ་གཉིས་ཀྱིས་བྱ་བ་མེད་ཚེ་མོ་དང་མཉམ་དུ་ཁ་བརྡ་བྱེད་ཀྱིན་ཡོད་ལ། ཡུན་རིང་འགོར་རྗེས། ཨ་ཡེ་བཀྲ་བཀྲ་ཡི་གདོང་ལ་ཡུན་རིང་བྱུང་མ་མྱོང་བའི་འཛུམ་མདངས་རྒྱས་བྱུང་།

ད་ལྟ་ཨ་ཡེ་བཀྲ་བཀྲ་ལོ་དགུ་བཅུ་ལ་སླེབས་པ་དང་། 1999ལོར་ལྷ་འབུམ་རྒྱལ་གྱིས་ཁྱིམ་དུ་ཁྲིད་ནས་ད་ལྟའི་བར་ཕལ་ཆེར་ལོ་ཉི་ཤུ་ཙམ་འགོར་ཡོད། ལྷ་འབུམ་རྒྱལ་གྱི་བདག་སྐྱོང་འོག ཨ་ཡེ་རྒན་མོའི་ལུས་པོ་བདེ་ཐང་ཡིན་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་རོལ་བཞིན་ཡོད།
   ལྷ་འབུམ་རྒྱལ་གྱིས་བཤད་རྒྱུར།“དེང་སྐབས་ཀྱི་སྤྱི་ཚོགས་ནི་འཆམ་མཐུན་སྤྱི་ཚོགས་ཤིག་ཡིན་པ་དང་། རྒན་བཀུར་གཉེན་གཅེས་དང་གཞན་ཕན་ལ་དགའ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཡིན་པས། ང་ལྷ་འབུམ་རྒྱལ་གྱི་འགན་འཁྲི་ཞིག་ཀྱང་ཡིན་ཟེར།

ལོ་ཙཱ་པ། ཤ་བོ་རིན་མཚོ།