དཔེ་སྐྲུན་ལས་རིགས་ཁྲོད་ཀྱི་སྔོན་སྐྱོད་པ། 
2019.12.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

——དཔའ་རིས་བསོད་ནམས་ཚེ་རིང་དང་ཁོས་དཔེ་སྐྲུན་ལས་རིགས་ཐད་བཞག་པའི་བྱས་རྗེས་ཅུང་ཟད་བཀོད་པ།

དུས་ཚོད་ཀྱི་འགྲོས་ནི་གཙང་ངོགས་ཀྱི་ལྦུ་བ་བཞིན་སྐད་ཅིག་སྐད་ཅིག་རིང་མི་སྣང་བར་ཡལ་འགྲོ་སྟེ། ཕྱིར་ལྟ་ཞིག་བྱེད་དུས། དཔའ་རིས་བསོད་ནམས་ཚེ་རིང་གིས་དཔེ་སྐྲུན་ལས་རིགས་སྟེང་བྱ་བ་བསྒྲུབས་ནས་ལོ་ཡི་འཁོར་མོ་སོ་ལྔ་འདས་སོང་།

གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་ཟླ་གསུམ་པར་དཔའ་རིས་བསོད་ནམས་ཚེ་རིང་དང་སློབ་གྲོགས་བཅུ་གཅིག་ཆབས་ཅིག་ཏུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་དངོས་སྦྱོང་དུ་སོང་། སྐབས་ཐོག་དེར་བོད་ཡིག་རྩོམ་སྒྲིག་གི་འགན་ཁུར་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ནི་གྲགས་པ་ལགས་ཡིན་ཞིང་། རྩོམ་སྒྲིག་ཁང་གི་ཀྲུའུ་རིན་ནི་བཀྲ་ཤིས་རབ་བརྟན་ཡིན། དངོས་སྦྱོང་གི་སྐབས་ཀྱི་ལས་ཀ་མང་ཆེ་བ་ནི་དཔེ་ཆར་ཞུ་དག་གཏོང་བ་ཡིན་ལ། སྐབས་འགར་སྡོང་འཛུགས་ནགས་སྐྲུན་སོགས་འོས་འགན་ངལ་རྩོལ་དུ་ཡང་ཞུགས་དགོས། ལས་ཁུངས་ཀྱིས་ཁོ་ཚོར་ད་དུང་ཐེངས་མང་པོར་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིན་ཧྭ་དཔར་ཁང་དུ་ལྟ་སྐོར་དུ་སོང་བ་དང་། འཆད་ཁྲིད་བཀོད་སྒྲིག་བྱས་ཏེ་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཆ་ནས་སློབ་སྟོན་བྱས་པ་དེ་ནི་ཁོ་ལ་མཚོན་ན་དཔེ་སྐྲུན་ལས་རིགས་དང་ཉེ་བར་བཅར་བའི་ཐབས་མཆོག་ཅིག་སྟེ། ཁོང་གིས་གསར་འགོད་པར་བཤད་རྒྱུར། ངས་ད་དུང་ཡང་གསལ་བོར་དྲན་བཞིན་འདུག་སྟེ། སྐུ་ཞབས་པེ་ཧྥིན་ལགས་ཀྱིས་ང་ཚོར《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》པར་སྐྲུན་གྱི་མཛེས་བཟོའི་སྒྱུ་རྩལ་ཐད་ནས་འཆད་ཁྲིད་གནང་ཞིང་། ང་ཚོར་རྒྱབ་ཤོག་གི་པར་རིས་དང་ཇུས་འགོད་ཀྱི་དགེ་མཚན་གླེང་། སྐུ་ཞབས་འགྱུར་མེད་ལགས་ཀྱིས《སྦྲང་ཆར》དུས་དེབ་ཀྱི་སྒྲུབ་ཕྱོགས་དང་བོད་ཀྱི་རྩོམ་རིག་གསར་རྩོམ་སྐོར་གྱི་འཆད་ཁྲིད་གནང་། སྐུ་ཞབས་རྨི་ཡུས་ཧྥིན་གྱིས་དཔེ་དེབ་ཀྱི་སྤུས་ཚད་དང་རིན་གོང་ཞིབ་རྩིས་སྐོར་ནས་འཆད་ཁྲིད་གནང་། སྐུ་ཞབས་གྲགས་པ་ལགས་ཀྱིས་གནའ་རྩོམ་དག་སྒྲིག་དང་མྱུར་སྐྱོབ། དཔེ་སྐྲུན་བཅས་ཀྱི་དོན་སྙིང་གི་སྐོར་ནས་འཆད་ཁྲིད་གནང་། བཀྲ་ཤིས་རབ་བརྟན་ལགས་ཀྱིས་རྩོམ་སྒྲིག་གཞུང་ལུགས་དང་ཞུ་དག རྩོམ་སྒྲིག་གི་ལག་རྩལ་དང་འགན་ཁུར། བློ་སྦྱོང་སོགས་ཀྱི་སྐོར་ནས་འཆད་ཁྲིད་གནང་། འཆད་ཁྲིད་དེ་དག་ལ་ཉན་རྗེས། ད་གཟོད་དཔེ་སྐྲུན་ལས་རིགས་ཀྱི་དོན་སྙིང་དང་དགེ་མཚན་སོགས་ལ་ངེས་ཤེས་འདྲོངས་ཤིང་། དེའི་ཕན་ནུས་དང་འགན་འཁྲི་སོགས་ལ་གོ་བ་རྙེད། དེ་ནི་ཁོས་དཔེ་སྐྲུན་ལས་རིགས་དང་ཐོག་མར་འབྲེལ་འདྲིས་བྱས་པ་ཡིན་ལ། ཡང་གཅིག་བཤད་ན་དེ་ནས་བཟུང་ཁོ་རང་དཔེ་སྐྲུན་ལས་རིགས་ལ་དགའ་ཞེན་སྐྱེས་ཤིང་། ལས་དེ་མི་ཚེའི་དམིགས་འབེན་དུ་འཛིན་པའི་འདུ་ཤེས་སད་པ་ཡིན་ཟེར།

གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་ཟླ་བདུན་པར། དཔའ་རིས་བསོད་ནམས་ཚེ་རིངནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོ་བྱས་པ་དེས་ཁོའི་སེམས་ལ་བརྣགས་པའི་འདོད་བློ་མངོན་འགྱུར་བྱུང་དུ་བཅུག་ཅིང་། རང་ཉིད་དཔེ་སྐྲུན་ལས་རིགས་ཀྱི་བྱ་བ་སྒྲུབ་མཁན་ངོ་མ་ཞིག་བྱེད་པའི་སྐལ་བ་གནང་། ལས་གནས་སུ་ཞུགས་མ་ཐག་ཁོང་གི་ལས་ཀ་གཙོ་བོ་ནི། བོད་ཡིག་གི་པར་སྒྲིག་ལག་རྩལ་སྦྱོང་བ་དང་ཞོར་དུ་དཔེ་ཆར་ཞུ་དག་གཏོང་རྒྱུ་དེ་ཡིན་ལ། རིམ་གྱིས་བོད་ཡིག་རྩོམ་སྒྱུར་ཁང་དུ་ཕེབས་ཤིང་། དེ་དུས་བོད་ཡིག་རྩོམ་སྒྱུར་ཁང་དུ་ཆབ་སྲིད་གཞུང་ལུགས་ཁང་དང་ཚན་རྩལ་ཁང་། གནའ་རྩོམ་ཁང་བཅས་ཚན་ཁག་གསུམ་དུ་བགར་ཡོད་ལ། ཁོ་ཚན་རྩལ་ཁང་གི་རྩོམ་སྒྲིག་ལས་རོགས་པར་བསྐོས། རྩོམ་སྒྲིག་ཁང་དུ་ཕེབས་པའི་ཐོག་མའི་ལོ་གཉིས་རིང་དཔེ་ཆ་སྣ་ཚོགས་ལ་ཞུ་དག་གཏོང་བ་ཕུད་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་ཕྱོགས་པའི་གློག་ཆས་ཞིག་གསོ་དང་མ་བུ་བདེ་ཐང་། རོང་འབྲོག་ཐོན་སྐྱེད་སྐོར་གྱི་དེབ་ཅི་རིགས་ལོ་ཙཱ་བྱེད་རྒྱུ་དེ་ཡིན། ཁོས་སྐབས་དེར་ལོ་ཙཱ་བྱས་པ་རྣམས《མཚོ་སྔོན་ཚན་རྩལ་ཁྱབ་གདལ་དཔེ་ཚོགས》སོགས་སུ་བསྡུས་ཡོད།

ལོ་རབས་དེའི་ནང་དུ་རྩོམ་སྒྲིག་ཁང་གི་ཆ་རྐྱེན་དེང་སྐབས་དང་བསྡུར་ཐབས་མེད་དེ། དཔེ་སྐྲུན་ཁང་ལ་ཟ་ཁང་སྟབས་བདེ་ཞིག་ལས་མེད་ལ། གཞུང་ལས་ཁང་དང་མལ་ཁང་དུ་དྲོད་རླངས་ཀྱང་མེད་པས། ལྕགས་ཐབ་ནང་རྡོ་སོལ་བསྒོངས་ནས་དྲོད་ལེན་པ་དང་ཆུ་ཁོལ་བསྐོལ་དགོས། འཚོ་བའི་ཐད་ནས་དཀའ་ཚེགས་ཆེ་ཡང་། དེ་ནི་ཁོ་ལ་མཚོན་ན་སྤོབས་པ་དང་ཡིད་ཆེས་ཀྱིས་བརྟས་པའི་ན་ཚོད་ཅིག་ཡིན། དཔེ་སྐྲུན་ཁང་གིས་རང་འཁྲིར་བབས་པའི་ལས་ཀ་ལས་གཞན། རྒྱུན་པར་ལས་ཞོར་གྱི་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་བཞིན་ཡོད། དཔེར་ན། ལྒང་ལི་རུ་ཁག་དང་ཐག་འཐེན་རུ་ཁག་རྩ་འཛུགས་བྱས་ཡོད་པས། རྟག་ཏུ་ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ་དང་མཉམ་དུ་འགྲན་སྡུར་ཅི་རིགས་སྤེལ་བཞིན་ཡོད། ལས་གྲོགས་ཚང་མས་དེ་ལྟ་བུའི་གུ་ཡངས་པའི་ཁོར་ཡུག་འོག་རང་རང་གི་འཚོ་བར་རོལ་ཞིང་དཔེ་ཆ་ལེགས་པོ་པར་དུ་བསྐྲུན་པའི་ཕྱོགས་སུ་འབད་ཅི་ཐུབ་བྱེད།

ཁོས་ད་ལྟ་ད་དུང་སྐབས་དེའི་རྣམ་པ་དག་མིག་ལམ་དུ་ཤར་འོངས་ཤིང་། དེ་ནི་ལང་ཚོ་མེ་བཞིན་འབར་ཞིང་སྤོབས་པ་དགུང་དུ་འཕྱོ་བའི་ལོ་རབས་ཤིག་ཡིན་པར་བཤད།

གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོ་ནི་དཔའ་རིས་བསོད་ནམས་ཚེ་རིང་ལགས་ལ་མཚོན་ན་དཔེ་སྐྲུན་ལས་རིགས་ཁྲོད་ཀྱི་དཀྱོགས་མཚམས་ཆེ་ཤོས་ཤིག་ཏུ་ངོས་བཟུང་ཆོག་སྟེ། ལོ་དེར་ཁོས་རྩོམ་སྒྲིག་འགན་ཁུར་པའི་འགན་ཁུར་ཞིང་། ཁོས་ཐེངས་དང་པོར་གཙོ་འགན་ཁུར་ནས་པར་དུ་བསྐྲུན་པའི་དེབ་ནི《སྤྱོད་འཇུག》ཡིན་ཏེ། དེ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་ནང་ཆོས་ཀྱི་དེབ་མཆོག་ཅིག་ཡིན་ལ། དཔེ་ཆ་དེ་པར་སྐྲུན་བྱས་རྗེས་ད་ལ་ཐུག་གི་བར་དུ་བསྐྱར་དཔར་བྱས་ནས་མཚམས་བཞག་མ་མྱོང་། དེའི་རྗེས་སུ《རྒྱ་བོད་ཤན་སྦྱར་གྱི་གཞུང་ཡིག་ཚིག་མཛོད》《གསོ་རིག་གསུང་རྩོམ་ཕྱོགས་བསྒྲིགས》《ཁམས་པའི་གཏམ་དཔེ་གཅེས་བསྡུས》《མན་ངག་རིན་ཆེན་འབྱུང་གནས》《མཉམ་མེད་སྒམ་པོ་བའི་རྣམ་ཐར》《ཆོས་རྗེ་ལོ་རས་པའི་རྣམ་ཐར》《ཤེལ་གོང་ཤེལ་ཕྲེང》སོགས་དཔེ་ཆ་སྣ་ཚོགས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཞིང་། གཞན་ཡང་སྐབས་ཐོག་དེར་ཁོ་རང་ཚན་རྩལ་ཁང་དུ་ཡོད་པའི་དབང་གིས། ཚན་རྩལ་ཁྱབ་གདལ་གྱི་སྐོར་དང་སྒོས་སུ་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་དེབ་མང་པོ་རྩོམ་སྒྲིག་བྱས་མྱོང་། ཞོར་དུ་ཁོས《སྤྱོད་འཇུག》གི་དཔེ་ཀློག་དཔྱད་རྩོམ་ཞིག་ཀྱང་བྲིས་ཏེ་སྐབས་ཐོག་དེར་སྤྱི་ཁྱབ་རྩོམ་སྒྲིག་ཁང་གིས་གཉེར་བའི《མཚོ་སྔོན་དཔེ་འཕྲིན》སྟེང་དུ་བཀོད་པ་དང་། དེའི་འཕྲོར《ཞབས་དཀར་པའི་རྣམ་ཐར》དང་། 《གེ་སར་དང་བོད་ཀྱི་འཚོ་བ》《མཚོ་སྔོན་གྱི་བོད་རིགས་ལོ་རྒྱུས》སོགས་དཔེ་ཆ་མང་པོ་ངོ་སྦྱོར་བའི་རྩོམ་ཡིག《མཚོ་སྔོན་དཔེ་འཕྲིན》སྟེང་སྤེལ་ཞིང་། ཆ་འཕྲིན་ཁྱབ་གདལ་གྱི་སྟེགས་བུ་དཀོན་པའི་ལོ་རབས་དེའི་ནང་། ཁོའི་དཔེ་ཀློག་སྐོར་གྱི་འོས་སྦྱོར་རྩོམ་ཡིག་དེ་དག་གིས་དཔེ་ཆ་ངོ་སྤྲོད་དང་འགྲེམ་སྤེལ་ཐད་ནུས་པ་ཆེན་པོ་ཐོན་པ་རེད།

ཁོས་རྩོམ་སྒྲིག་གི་ཞོར་དུ་དཔེ་ཀློག་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་ཡང་མཚམས་མ་བཞག་པར་སྐོམ་པ་ཆུ་འདོད་ལྟར་བརྩོན་པ་བསྐྱེད་པས། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི《མི་རིགས་སྐད་ཡིག་བྱ་བ》དང་། 《རྩེར་སྙེག》《ཀྲུང་གོའི་བོད་རིག་པ》《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《ཀྲུང་གོ་དཔེ་སྐྲུན》《མང་ཚོགས་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་ཀྱི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་འབོར་ཆེན་བརྩམས་ཤིང་།དེ་དག་ལས་འགའ་ཞིག་ལ་གདེང་འཇོག་ཆེན་པོ་ཐོབ་པར་མ་ཟད། དབྱིན་ཡིག་སོགས་སྐད་ཡིག་གཞན་དུ་བསྒྱུར་ནས་རྒྱལ་ཁབ་གཞན་དུ་ངོ་སྤྲོད་བྱས།

ཁོས་སྔ་གཞུག་ཏུ《བོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་མཁས་པའི་ལོ་རྒྱུས》དང《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་པོའི་ཆུན་པོ》《བོད་ཀྱི་ཟློས་གར་གླེང་བ》《ཀྲུང་གོའི་ནང་ཆོས་ཀྱི་མཆོད་རྟེན》《སྲོག་ཆགས་ཀྱི་མཚར་གཏམ》《གངས་རྒྱན་ན་ཆུང་ཤེས་བྱ་མེ་ཏོག་ཐོར་བུ》《ཤར་གདོང་རིན་པོ་ཆེའི་རྣམ་ཐར》《དམུ་དགེ་བསམ་གཏན་རིན་པོ་ཆེའི་རང་རྣམ》《གནམ་གཤིས་ཤེས་བྱ་རབ་གསལ་མེ་ལོང》སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་ཤིང་བསྒྱུར་བའི་དེབ་མང་པོ་པར་དུ་བསྐྲུན།

གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོ་ནས་བཟུང་ཁོང་གིས་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་ཞིང་།  ཉིས་སྟོང་གཅིག་ལོར་ཡང་བསྐྱར་ཁོང་གི་ཕྲག་ཏུ་འགན་ཁུར་ལྗིད་མོ་ཞིག་བབས་པ་ནི། ཁོ་རང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པར་བསྐོས། དེ་ནི་ཁོར་མཚོན་ན་འགྲན་སློང་ཞིག་ཡིན་ལ། དེ་བས་ཀྱང་ལས་འགན་རླབས་པོ་ཆེ་ཞིག་ཡིན་ཏེ། དེ་ནས་བཟུང་ཁོང་གིས་རྟག་པར་དཔེ་སྐྲུན་པ་ཞིག་གི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ།རང་འཁྲིར་བབས་པའི་ལས་ཀ་རྣམས་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ཤིང་། རང་གིས་རང་ལ་རེ་བ་མཐོན་པོ་བཟུང་སྟེ་མི་རིགས་དཔེ་སྐྲུན་ཁང་གི་དཔེ་ཆ་དང་དུས་དེབ་དང་ཚགས་པར་གསུམ་གྱི་རྩོམ་སྒྲིག་དང་།དུས་རྒྱུན་གྱི་སྲིད་འཛིན་བྱ་བ་ཐམས་ཅད་ལ་ཧུར་ཐག་འབད་ཐག་བྱས། དེའི་རིང་ལ་མི་རིགས་དཔེ་སྐྲུན་ཁང་གི་ལོ་རེའི་དཔེ་སྐྲུན་འཆར་གཞི་དང་ཇུས་འགོད་བྱ་བར་འགན་ཁུར་ཏེ། དཔེ་དེབ་རྩ་ཆེན་མང་པོའི་པར་སྐྲུན་ཐད་རྩ་འཛུགས་དང་ལག་བསྟར་གྱི་ནུས་པ་ཆེན་པོ་བཏོན་ཡོད།

ཁོས་དཔེ་སྐྲུན་ལས་རིགས་ཁྲོད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་འབྲས་བུ་ལ་ལོ་ལེགས་སྨིན་ཏེ།  ཉིས་སྟོང་བདུན་ལོར་ཀྲུང་གོའི་དཔེ་སྐྲུན་གྱི་སྐབས་དང་པོའི་སྲིད་གཞུང་བྱ་དགའ་ལས་དཔེ་སྐྲུན་མི་སྣ་ཕུལ་བྱུང་གི་བྱ་དགའ་བསྩལ་པ་དང་།  ཉིས་སྟོང་བཅུ་གཉིས་ལོར་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་དང་རིག་གནས་སྡེ་ཁག་གི“སྐོར་གཅིག་ཅན་བཞིའི”ཕུལ་བྱུང་འཇོན་མིའི་མཚན་སྙན་གནང་བ་དང་། ཉིས་སྟོང་བཅོ་ལྔ་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུས་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་གནང་།  ཉིས་སྟོང་བཅུ་དྲུག་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཁ་གསབ་ལོངས་སུ་སྤྱོད་པའི་ཆེད་མཁས་པའི་གཟི་བརྗིད་མཚན་སྙན་སོགས་གནང་ཞིང་། ཁོས་རྩོམ་སྒྲིག་བྱས་པའི་དེབ་དང་ཁོང་ལ་ཐོབ་པའི་བྱ་དགའ་ནི་རེ་རེ་བཞིན་བགྲང་ན་ཤིན་ཏུ་མང་བས་འཐུས་ཚབ་ཙམ་བཀོད་ན་དེ་ལྟར་རོ། །

ཁོས་པར་སྐྲུན་ལས་རིགས་སྟེང་གི་རང་གཞན་གཉིས་ཀར་ཕན་པའི་ལས་ཀ་དེ་དག་ཞིབ་ཀྱིས་གླེང་དུས། གསར་འགོད་པར་དད་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་སུ་བཅུག ཡིན་ནའང་ཁོང་གིས“དེ་དག་ནི་གླེང་རིན་ཡོད་པ་ཞིག་མིན་པས། གཞན་ལ་འུར་གྱིས་སྒྲོག་པའི་དགེ་བ་མེད”ཅེས་ཡང་ཡང་བསྐུལ་འོངས། ཁོའི་ལས་རིགས་ཀུན་སྤྱོད་དང་གུས་ཆུང་ཁེངས་སྐྱུང་གི་རྣམ་འགྱུར་དེ་ནི་ང་ཚོའི་སློབ་སྦྱོང་བྱེད་ས་སྟེ། དེས་གསར་འགོད་པར་བག་ཆགས་ཟབ་མོ་བཞག་ཅིང་བསམ་གཞིག་གི་ཀློང་ཡངས་པོར་དྲངས།

                                                                                        རྩོམ་སྒྲིག་པ། གཡང་འབུམ་རྒྱལ།